མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཅར་འདྲི།


བཅར་འདྲི་ཞུ་ཡུལ། མཁས་དབང་ཟམ་གདོང་རིན་པོ་ཆེ།
བཅར་འདྲི་ཞུ་མཁན། སྐར་ཁུང་དྲ་བ།

སྐར་ཁུང་།
ད་ལྟའི་བོད་ཀྱི་གཞོན་སྐྱེས་ཡིག་སྒྱུར་པ་ཚོས་ཕྱིའི་སྐད་ཡིག་ནས་ཚུར་བོད་ཡིག་ལ་ངེས་པར་དུ་བསྒྱུར་དགོས་པའི་གསུང་རྩོམ་གང་དག་རེད།

ཟམ་གདོང་རིན་པོ་ཆེ།
ལན་ལམ་སང་ཕུལ་ཆོག་ཆོག་ཅིག་མི་འདུག ཕྱིའི་སྐད་ཡིག་ནས་ཚུར་བོད་ཡིག་ནང་དུ་བསྒྱུར་དགོས་པའི་གཞུང་མང་པོ་ཞེ་དྲག་ཡོད་རྒྱུ་རེད། ཡིན་ན་ཡང་། གཞུང་ཆེན་པོ་བསྒྱུར་བ་དང་རྩོམ་ཆུང་ཆུང་བསྒྱུར་བ་གཉིས་གནས་སྟངས་ཅུང་ཟད་ཁ་ཁ་རེད། ད་ལྟ་དྲ་རྒྱའི་ནང་དུ་འགྲོ་ཡའི་རྩོམ་ཐུང་ཐུང་དེ་འདྲ་དང་ཆེད་རྩོམ་གྱི་བཟོ་དེ་འདྲ་མང་ཆེ་བ་རེད། དེའི་སྐོར་ལ་ང་རྒྱུས་དེ་ཙམ་མེད་ལ། ད་ལྟ་འདི་འདྲ་བསྒྱུར་དགོས་པ་རེད་ཅེས་ལབ་ཐུབ་ཀྱི་མི་འདུག ཡིན་ན་ཡང་། དེ་རིང་སང་ཉིན་སྐད་ཡིག་གཞན་པ་ནས་བོད་སྐད་དུ་ཚུར་བསྒྱུར་ཡོང་བའི་སྐབས་ལ། སྒྱུར་པ་པོ་མང་པོ་ཞིག་གིས་བོད་ཀྱི་མིང་ཚིག་དང་ཐ་སྙད་མི་འདྲ་བ་མི་འདྲ་བ་མང་པོ་ཞིག་བེད་སྤྱོད་བཏང་ནས། ད་ལྟ་གཅིག་གྱུར་འབྱུང་རྒྱུ་ཁག་པོ་རེད་བསྡད་འདུག གཅིག་བྱས་ན་ཉི་མ་གཅིག་ལ་གཅིག་གྱུར་བཟོ་ཐུབ་པ་ཡོད་མ་རེད། ཡིན་ན་ཡང་། འབད་བརྩོན་བྱེད་རྒྱུ་དེ་སྒྱུར་པ་པོ་ཀུན་གྱིས་ཕར་ཚུར་དེ་རིང་སང་ཉིན་དྲ་རྒྱ་བེད་སྤྱོད་སྟབས་བདེ་བོ་ཡོད་ཙང་། འབྲེལ་བ་གང་ཐུབ་ཐུབ་ཡག་པོ་བཟོ་རྒྱུ་དང་། ཐ་སྙད་དང་བརྡ་ཆད་དེ་དག་གཅིག་གྱུར་ཞིག་བེད་སྤྱོད་གཏོང་ཐུབ་པ་ཡིན་ན་དེ་མ་འོངས་པ་ལོ་བརྒྱ་ཕྲག་ཁ་ཤས་ཕྱིན་པའི་རྗེས་ལ་ཕྱིར་བལྟས་སློག་པ་ཡིན་ན་ད་ལྟའི་གནས་སྐབས་ཀྱི་བོད་ཀྱི་སྐད་དང་ཡི་གེ བརྡ་སྤྲོད་བཅས་ལ་སྲུང་སྐྱོབ་ག་རེ་བྱེད་ཐུབ་པ་དང་ཉམས་ཆག་ག་རེ་ཕྱིན་པ་དེ་གནས་ཚུལ་དེ་ཚོའི་ཐོག་ནས་མཚོན་འགྲོ་གི་རེད་བསམ་གྱི་འདུག

སྐར་ཁུང་།
ཡིག་སྒྱུར་གྱི་ལམ་ནས་བོད་ཀྱི་རིག་གནས་ཀྱི་ཁྱབ་ཁོངས་རྒྱ་ཇེ་ཆེར་ཇི་ལྟར་གཏོང་དགོས་སམ།
ཟམ་གདོང་རིན་པོ་ཆེ།
༼ཡིག་སྒྱུར་གྱི་ལམ་ནས་༽བོད་ཀྱི་རིག་གནས་ཁྱབ་ཁོངས་རྒྱ་ཇེ་ཆེར་གཏོང་དགོས་པ་དེ་བོད་ཀྱི་རིག་གནས་སྐད་ཡིག་གཞན་པའི་ཐོག་ཏུ་ག་ཚོད་བསྒྱུར་ཐུབ་པ་ཡིན་ན་དེ་རང་བཞིན་གྱིས་རྒྱ་ཇེ་ཆེར་འགྲོ་གི་རེད། ཡིན་ན་ཡང་། བོད་ཀྱི་རིག་གནས་དང་དེང་རབས་རིག་གནས་གཉིས་འདྲ་བོ་རང་ཡོད་པ་མ་རེད། བོད་ཀྱི་རིག་གནས་དེ་རིག་གནས་ཆེ་ཆུང་ག་འདྲ་ཞིག་ཡིན་པ་ཡིན་ན་དེའི་སྦྱོར་བ་དངོས་གཞི་མཇུག་ཆ་ཚང་བ་ཞིག་མ་བྱུང་བ་ཡིན་ན་དེང་རབས་ཀྱི་རིག་གནས་གཞན་པ་ནང་བཞིན་ཟུང་འབྲེལ་བྱས་ནས་ཟུར་བཀོད་ཆུང་ཆུང་དེ་འདྲ་ཡི་ཐོག་ནས་རིག་གནས་ཆ་ཚང་ཧ་གོ་ཐུབ་རྒྱུ་ཁག་པོ་རེད། དེ་ཡིན་ཙང་། ན་གཞོན་དེ་ཚོས་གཞུང་རེ་རེའི་ཐོག་ལ་རིགས་གཅིག་རྐང་འཛིན་བྱས་ཏེ་བསྒྱུར་བ་ཡིན་ན་མ་འོངས་པ་ལ་རིག་གནས་ཆ་ཚང་གི་འགྱུར་གཅིག་གྱུར་དེ་འདྲ་མང་པོ་སྤེལ་ཐུབ་པ་ཡིན་ན། ཟློས་སྐྱོན་མེད་པ། གཅིག་གྱུར་ཡང་འབྱུང་བ། འགྱུར་ཡག་པོ་ཡོང་པ་དེ་འདྲ་ཡོང་གི་རེད་བསམ།

སྐར་ཁུང་།
བོད་ཕྱི་ནང་གི་གཞོན་སྐྱེས་ཡིག་སྒྱུར་བ་ཚོ་ལ་ཡིག་སྒྱུར་གྱི་ཕྱོགས་ནས་རིན་པོ་ཆེ་མཆོག་གིས་བཀའ་སློབ་ལམ་སྟོན་རེ་གནང་རོགས།
ཟམ་གདོང་རིན་པོ་ཆེ།
བོད་ཕྱི་ནང་གཉིས་ཀའི་གཞོན་སྐྱེས་ཡིག་སྒྱུར་བ་ཚོ་ལ་ཡིག་སྒྱུར་གྱི་ཕྱོགས་ནས་བཀའ་སློབ་ལམ་སྟོན་ཞུ་རྒྱུ་ཁག་པོ་རེད། སྤྱིར་བཏང་ང་རང་ཡིག་སྒྱུར་གྱི་ཐོག་ལ་ཞེ་དྲག་རྒྱུས་ཀྱང་དེ་ཙམ་མེད། རིག་གནས་གཞན་པ་མང་པོ་ཡི་ལེགས་བྱང་ང་ཚོ་ལ་ཚུར་ལེན་ཡ་དེ་གལ་ཆེན་པོ་ཞིག་ཆགས་ཡོད་པ་རེད། ཡིན་ཡང་། དེ་དང་མཉམ་དུ་རང་གི་རིག་གཞུང་། རིག་གནས་རྩ་ཆེན་པོ་ཡོད་པ་དེ་ཚོ་མ་ཉམས་པ་རྒྱུན་འཛིན་བྱ་རྒྱུ་དེ་བས་གལ་ཆེན་པོ་རེད་བསམ་གྱི་འདུག ད་ཡིག་སྒྱུར་བྱེད་པའི་སྐབས་ལ་བོད་པ་རང་གི་གནའ་བོའི་རིག་གཞུང་དང་གནའ་བོའི་སྐད་ཡིག་དེ་ཉམས་ཆག་མེད་པ་ཞིག་འཛིན་ཐུབ་པ་དགོས་རྒྱུ་དེ་གལ་ཆེན་པོ་རེད། དུས་རབས་བདུན་པ་ནས་བཟུང་སྟེ་དུས་རབས་བཅུ་གཅིག་བཅུ་གཉིས་ཀྱི་བར་དུ་ལོ་བརྒྱ་ཕྲག་མང་པོ་ཞིག་གི་རིང་ལ་བོད་དུ་བཀའ་འགྱུར་བསྟན་འགྱུར་དེ་ཙམ་མང་པོ་བསྒྱུར་ཡོད་པ་རེད་དེ། ལོ་ཙཱ་བ་དེ་ཚོས་འགྱུར་གྱི་འགྲོས་དང་སྐད་ཡིག་བེད་སྤྱོད་དེ་གཅིག་གྱུར་ཞེ་དྲག་ཅིག་གནང་ཡོད་པ་རེད། དེ་ལ་བརྟེན་ནས་ད་ལྟ་ལོ་སྟོང་ཕྲག་བརྒལ་བའི་རྗེས་ལ་ཡང་བོད་ཀྱི་སྐད་ཡིག་དེ་འགྱུར་བ་མ་ཕྱིན་པ་དང་དུས་རབས་བདུན་པའི་ནང་དུ་བསྒྱུར་བཞག་པའི་བཀའ་འགྱུར་བསྟན་འགྱུར་གྱི་གཞུང་ལུགས་དང་སྐབས་དེ་དུས་བྲིས་པའི་གཞུང་ལུགས་དེ་ཚོ་ཡང་ད་ལྟ་ང་ཚོས་ལས་སླ་བོའི་སྒོ་ནས་གོ་རྟོགས་ཐུབ་པ་དེ་བོད་ཀྱི་བརྡ་སྤྲོད་རིག་གཞུང་འགྱུར་བ་མ་ཕྱིན་པར་གནས་པའི་དབང་གིས་རེད། ད་བོད་ཀྱི་བརྡ་སྤྲོད་རིག་གཞུང་དེ་ཉམས་ཆག་ལ་ཕྱིན་པ་ཡིན་ན་གང་འཚམ་ཞིག་ལ་གནའ་སྔ་མོར་བསྒྱུར་བཞག་པ་དེ་ཚོ་ཡང་བསྐྱར་སྐད་སྒྱུར་ཞིག་མེད་ན་མི་གོ་བའི་གནས་ཚུལ་ཆགས་པའི་ཉེན་ཁ་ཡོད་པ་རེད། དེ་དང་ཆབས་གཅིག་ཏུ་བོད་ཆོལ་ཁ་གསུམ་གྱི་ས་གནས་འདྲ་མིན་ནང་ལ་ངག་སྐད་མི་འདྲ་བ་མང་པོ་ཞིག་ཡོད་པ་རེད། ཡིག་ཐོག་ལ་བྲིས་པའི་སྐབས་ལ་ཚང་མ་གཅིག་གྱུར་ལ་གནས་ཐུབ་པ་དེ་ང་ཚོའི་བརྡ་སྤྲོད་རིག་གནས་མ་ཉམས་པ་དེ་དབང་གིས་རེད་པཱ། དེ་ཡིན་དུས་ཡིག་སྒྱུར་པ་ཚོས་ཡིན་གཅིག་མིན་གཅིག་དོ་སྣང་བྱེད་དགོས་པ་ཞིག་ནི་བརྡ་སྤྲོད་རིག་གནས་ཉམས་ཆག་ལ་མི་འགྲོ་བ་དང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཀྱིས་གོ་རྟོགས་ཐུབ་པའི་ང་ཚོའི་ཡིག་སྐད་དེ་རྒྱུན་གནས་ཐུབ་པ་དགོས་རྒྱུ་དེ་ཞེ་དྲག་གལ་ཆེན་པོ་རེད་བསམ་གྱི་འདུག ཕྱི་ལོགས་ནས་སྒྱུར་བའི་སྐབས་ལ་མིང་ཚིག་གང་འདྲ་ཞིག་ཡིན་པ་ཡིན་ནའང་མིང་ཚིག་དེའི་ཐོག་མའི་འབྱུང་ཁུངས་དེ་ག་རེ་ཡིན་པ་དེ་ནས་བསྒྱུར་ཐུབ་ན་ཡག་པོ་ཡོད་པ་རེད། མིང་ཚིག་དེ་ཐོག་མར་རྒྱ་ནག་གི་སྐད་ལ་བྱུང་ཡོད་ན་དེ་རྒྱ་ནག་གི་སྐད་ལ་གོ་རྒྱུ་ག་རེ་འདུག དེ་ནས་ཚུར་བོད་སྐད་ལ་སྒྱུར། མིང་ཚིག་ཐོག་མར་དབྱིན་སྐད་ལ་བྱུང་ཡོད་ན་དབྱིན་སྐད་ནང་ལ་གོ་རྒྱུ་ག་རེ་འདུག་ལྟོས། ད་ང་ཚོ་བོད་ཀྱི་ནང་ལ། ད་ཁག་ནི་ཁག་ཡོད་པ་མ་རེད། སྙོབ་ཀྱི་ཡོད་པ་མ་རེད། དེ་མ་གཏོགས་ཚན་རིག་དང་རིག་གནས་གསར་པ་མང་པོ་ཞིག་གི་མིང་ཚིག་དེ་ནུབ་ཕྱོགས་སྐད་ནང་ལ་བྱུང་། ནུབ་ཕྱོགས་སྐད་ནས་རྒྱ་སྐད་ལ་བསྒྱུར། རྒྱ་སྐད་ནས་བོད་སྐད་ལ་བསྒྱུར་པའི་སྐབས་ལ་སྐད་ཐོག་མའི་གོ་དོན་དང་ཁྱོན་ནས་མི་འདྲ་བ་དེ་འདྲ་ཆགས་པ་མང་པོ་ཞིག་ཡོང་གི་འདུག དཔེར་ན། (computer) ཀཱམ་པོ་ཊར་ལ་གློག་ཀླད་ཅེས་ལབ་ཀྱི་ཡོད་པ་རེད། བཅོས་མའི་རྒྱུ་སྐར་དེ་ཚོ་ལ་མི་བཟོས་སྲུང་སྐར་ཟེར་བའི་བཟོ་དེ་འདྲ་འདྲ་མི་འདྲ་ལབ་པའི་སྐབས་ལ། བོད་སྐད་ཡིན་པ་གང་ཞིག་ལ་བོད་སྐད་དེའི་དང་པོ་ཡོང་སའི་སྐད་དེའི་ནང་དོན་དག་ག་རེ་ཡོད་པ་གོ་མ་ཐུབ་པ་དེ་འདྲ་ཆགས་ཀྱི་ཡོད་པ་རེད། དེ་འདྲའི་རིགས་དེ་རྩོམ་པ་པོ་དང་སྒྱུར་པ་པོ་དེ་ཚོས་ཐུགས་སྣང་གནང་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ག་རང་ཡིན།

(མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནི། གནའ་དེང་རིག་གནས་དང་གཞུང་ལུགས་ཀུན་ལ་མཁྱེན་པ་ཆེས་ཆེར་རྒྱས་བའི་བོད་རིགས་མཁས་དབང་ཞིག་ཡིན་ཞིང་། ཁོང་གིས་ལྦར་ནཱ་གཙུག་ལག་སློབ་ཁང་གི་ངེས་སྟོན་པ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ། བོད་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློ་ཁྲི་བ་བཅས་ཀྱི་འགན་འཁུར་མྱོང་ཡོད་། མཁས་དབང་ཁོང་ཉིད་ད་ལྟ་རྒྱ་གར་རྡ་ལམ་ས་ལར་བཞུགས་ཡོད་།)

(བཅར་འདྲི་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཅར་འདྲི།

  1. བརྩོན་རྒྱམ་ ནས།

    བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཀའ་འདྲི་འདི་ལྟར་གནང་པ་སྐར་ཁུང་དྲ་བར་བཀྲིན་ཆེ་ཞུ་དེ་ནི་དོན་དམ་འུ་ཚོ་ལ་མེད་དུ་མི་རུང་པ་ཞིག་རེད་འདི་དག་གང་མང་ཞིག་གཞན་གྱི་མཐོང་ས་འཇོག་ཐུབ་ན་དེ་བས་དགེ་མཚན་ཆེ།   བརྩོན་རྒྱམ་ནས།

  2. གངས་ཟླ་ ནས།

    བཀའ་འདྲི་གནང་ཡུལ་ནོར་མི་འདུག་རིན་པོ་ཆེན་མཆོག་དང་སྐར་ཁུང་རྩོམ་སྒྲིག་པ་ཡོང་ལ་ཐུགས་རྗེས་ཆེན་ཞུ།

Write a Reply or Comment

Your email address will not be published. Required fields are marked *

*