ཁྱེད་ཀྱིས་རྒྱ་ནག་གི་སྐོར་ལ་ཆ་རྒྱུས་ཡོད་སྙམ་པ་ཡོད་ཚད་ནོར་འཕྱུག་རེད།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་མེན་ཤེན་པེའུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

འདས་བའི་ལོ་ངོ་༤༠ལྷག་གི་རིང་ལ་ཨ་རི་བ་ཚོས་སོ་སོའི་ཁ་གཏད་རྒྱལ་ཁབ་རྣམས་ཀྱི་དབང་ཐང་ཉམས་ཀྱི་ཡོད་པ་ངོས་འཛིན་གསལ་བོ་ཐུབ་མེད། ༡༩༧༠་ནང་ལ་ཨུ་རུ་སུའི་ནང་དུ་ལྐོག་ཟ་རུལ་སུངས་དང་ལས་ཕྱོད་ཆུང་བའི་དབང་གིས་དམར་ཤོག་རྒྱལ་ཁབ་ཀྱི་གལ་ཆེའི་མ་ལག་དག་ཉམས་དམས་སུ་འགྲོ་བཞིན་ཡོད་མིན་ལ་མ་ལྟོས་པར་ཨ་རི་ལས་ཧྥུ་ཁྲི་༡༠་ལྷག་གིས་དབང་ཐང་མཐོ་བ་ཡོད་པའི་ཚོད་དཔག་བྱས་ཡོད། ༡༩༨༠་གྱ་གྲངས་ཀྱི་མཇུག་ཏུ། ཨ་རི་བ་ཚོས་ཉི་ཧོང་གི་དཔལ་འབྱོར་འཕེལ་ཚད་ཀྱིས་ཨ་རི་རྒྱབ་ཏུ་བསྐྱུར་བར་སྙམ་ཡང་། ༡༩༨༠་གྱ་གྲངས་ནང་དུ་ཨ་རིའི་མ་རྩ་རིང་ལུགས་ཀྱི་གྲོགས་མཆེད་དང་། གནད་ལ་མ་འཁེལ་བའི་ཚོད་རྩིས། ཆབ་སྲིད་ལམ་ལུགས་རུལ་སུངས་སུ་ཕྱིན་པ་མངོན་དུ་གྱུར་བས་༡༩༩༡་ལོར་ཉི་ཧོང་གི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་ཡོད།

རྒྱ་ནག་གི་གནད་དོན་ལ་ཐུག་དུས་ཀྱང་ཨ་རི་བ་ཚོ་རྒྱ་ནག་གི་ཕྱི་ནང་གསང་གསུམ་མ་རྟོགས་པའི་ནོར་འཁྲུལ་གྱི་རྫབ་དོང་དུ་ཟགས་ནས་ཡོད་དམ། པེ་ཅིན་ནས་ཐོན་པའི་ཉེ་ཆར་གྱི་གསར་འགྱུར་སྟེ། དཔལ་འབྱོར་གྱི་འཕེལ་ཚད་དལ་དུ་སོང་བ། འཚོང་མ་ཐུབ་པའི་ཚོང་ཟོག་ཇེ་མང་དུ་གྱུར་བ། དངུལ་ཁང་གི་བུ་ལོན་ཕོན་ཆེན་བསགས་པ། རྒྱུ་དངོས་གཞིས་གསུམ་གྱི་ཚོང་དོན་མ་བྲིན་པའི་ཉེན་ཁར་ཐུག་པ། གོང་རིམ་དཔོན་རིགས་ཚོས་མི་སྤྱོད་ལས་འདས་བའི་དབང་ཆའི་འཐབ་རྩོད་བྱེད་ཀྱི་ཡོད་པ་དེས་རྫོགས་རྒྱུ་མེད་པའི་ཆབ་སྲིད་ཀྱི་རྙོག་གླེང་གང་མང་སློང་གི་ཡོད་པ་བཅས་ཀྱིས་རྒྱ་ནག་ཉམས་རྒུད་ཀྱི་གཡང་ལ་ལྷུང་བ་མཚོན་ཐུབ། རྒྱ་ནག་འབུར་ཐོན་དུ་བརྩི་བའི་ནུས་པ་ཐོན་པའི་རྒྱུ་རྐྱེན་ཁག་ཅིག་སྟེ། ཆ་མི་སྙོམས་པའི་སྐྱེ་འཆིའི་གྲངས་ཚད་དང་། ཁོར་ཡུག་སྲུང་སྐྱོབ་ལ་སྣང་ཆུང་གཏོང་བ། གླ་ཕོགས་ཁེ་བོ་ཡིན་པའི་ལས་མི། ཕྱི་ཕྱོགས་ཚོང་འབྲེལ་ལེགས་པོ་ཡོད་པ་ཐམས་ཅད་ད་ལྟ་ཉམས་པའམ་ཡལ་འགྲོ་བཞིན་ཡོད།

ད་དུང་ཡིན་ཡང་། རྒྱ་ནག་ཉམས་རྒུད་དུ་འགྲོ་བཞིན་པའི་རྣམ་པ་དེ་ཨ་རིའི་མི་མང་དཀྱུས་མ་གཅིག་པུའི་སེམས་སུ་ཤར་མེད་སྲིད་ཀྱང་། ན་ནིང་གི་ཕྱི་ཟླ་༡༡་པའི་ནང་དུ་སྲིད་འཛིན་ཨོ་བྷ་མས་ཁྱབ་བསྒྲགས་བྱས་པའི་ཨེ་ཤ་ཡའི་གནད་འགག་དུ་འཛིན་པའི་སྲིད་ཇུས་དེའི་ཐོག་མིའི་འགྲེལ་བརྗོེད་དེ་རྒྱ་ནག་གི་དབང་ཐང་གོང་འཕེལ་དུ་འགྲོ་བཞིན་ཡོད་པའི་སྐོར་ལ་དམིགས་ཡོད། ཨ་རིའི་ཟུར་ལྔའི་སྲུང་སྐྱོབ་ལྷན་ཁང་གིས་༢༠༢༠་ལོར་ཕལ་ཆེར་རྒྱ་ནག་གི་མཚོ་དམག་གི་དཔུང་སྡེའི་བརྒྱ་ཆ་༦༠་ཙམ་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་ནང་དུ་རྟེན་འཇོག་བྱེད་རྒྱུ་ཡིན་པའི་འགྲེལ་བརྗོད་བྱས་འདུག། ཝ་ཤིན་ཌོན་གྱིས་ཀྱང་ཤར་རྒྱ་མཚོའི་ནང་དུ་མཚོ་ཐོག་མེ་ཤུགས་འཕུར་མདར་འགོག་རྒོལ་ཐུབ་པའི་མ་ལག་འཛུགས་རྒྱུའི་འཆར་གཞི་འདིང་བཞིན་པར་བལྟས་ན། རྒྱ་ནག་གི་མེ་ཤུགས་འཕུར་མདའི་ནུས་པ་ལ་ཨ་རིས་སེམས་ཁྲལ་བྱེད་ཀྱི་ཡོད་པའི་རྣམ་འགྱུར་མཚོན་གྱི་ཡོད།

ད་ལོའི་ཕྱི་ཟླ་༡༡་པའི་ནང་ཡོང་རྒྱུ་བསྡད་པའི་ཨ་རིའི་སྲིད་འཛིན་འོས་བསྡུའི་ཐད་ནས།མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཆའི་ངོས་ནས་ཨ་རིའི་བདེ་འཇགས་དང་ཆབ་སྲིད་ཀྱི་གནས་བབ་ཐད་རྒྱ་ནག་གི་སྟོབས་ཤུགས་ལ་གཟབ་གཟབ་བྱེད་རྒྱུ་ནི་གནད་འགག་ཅིག་ཏུ་འཛིན་གྱི་འདུག མང་གཙོ་ཚོགས་པས་རྒྱ་ནག་གི་ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་པའི་དཔལ་འབྱོར་གྱི་སྟོབས་ཤུགས་རྒྱུ་མཚན་དུ་བགྲངས་ཏེ། གཞུང་གི་ངོས་ནས་ཤེས་ཡོན་དང་ཁོར་ཡུག་ལ་མི་གནོད་པའི་འཕྲུལ་ལས་རིག་པའི་ཐད་མ་རྩ་འཛུགས་པའི་རེ་སྐུལ་བྱེད་སྲིད་ཀྱི་རེད། ཕྱི་ཟླ་༨་པའི་ཟླ་མཇུག་ཏུ།ཨ་རིའི་སྲིད་ཇུས་གཏན་འབེབ་ཚོགས་སྡེ་གཉིས་ཏེ། ཨ་རིའི་ཡར་རྒྱས་ལྟེ་གནས་ཁང་དང་མི་རབས་རྗེས་མ་ལྟེ་གནས་ཁང་གཉིས་ཆའི་༢༠༣༠་ལོར་རྒྱ་ནག་ལ་མཐོ་སློབ་མཐར་ཕྱིན་སློབ་མ་ས་ཡ་ཉིས་བརྒྱ་ཙམ་ཡོང་བའི་ཚོད་རྩིས་ཀྱི་སྙན་ཐོ་ཞིག་བཏོན་སོང་། སྙན་ཐོ་དེས་(རྒྱ་གར་གྱི་མིའི་ནུས་པ་ཡར་རྒྱས་ཀྱི་ཐད་ལ་ཡང་ཚོད་དཔག་བྱས་འདུག)ཨ་རིའི་ཛ་དྲག་གི་ཉམས་ཉེས་ཁག་ཅིག་ཐེར་འདོན་བྱས་ཏེ། ཐག་གཅོད་ངེས་ཅན་ཞིག་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བཀོད་འདུགསྤྱི་མཐུན་ཚོགས་པའི་ཚོགས་མི་ཚོས་དཔལ་འབྱོར་གྱི་བུ་ལོན་གནམ་ལ་ཟུག་ནས་ཡོད་པའི་དུས་སྐབས་འདི་ལའང་། རྒྱལ་ཁབ་ཀྱི་བདེ་འཇགས་འགྲོ་གྲོན་ཇེ་མཐོར་གཏོང་དགོས་པའི་རྒྱུ་མཚན་དུ། རྒྱ་ནག་གི་དཔལ་འབྱོལ་ཡར་རྒྱས་ཀྱི་ལམ་དུ་སྐྱོད་ཀྱི་ཡོད་པ་དང་མཉམ་དུ་དྲག་པོའི་སྟོབས་ཤུགས་ཀྱང་རྒྱས་རྒྱུ་ཡིན་པའི་ཚོད་དཔག་བྱས་འདུག ༢༠༡༢་ལོའི་ཕྱི་ཟླ་༨་པའི་ཟླ་མཇུག་ཏུ་བཏོན་པའི་སྤྱི་མཐུན་ཚོགས་པའི་རྒྱལ་ཡོངས་ལྷན་ཚོགས་གླེང་སྟེགས་དུས་དེབ་ནང་དུ་འཁོད་དོན། “རྒྱ་ནག་གི་ཡར་རྒྱས་འགྲོ་བཞིན་པའི་དྲག་དམག་རྒྱ་བསྐྱེད་ཀྱི་འགྲོས་དང་བསྟུན་ནས་ཨ་རི་དང་ང་ཚོའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་དྲག་པོའི་ནུས་ཤུགས་ཚད་ལྡན་རྒྱུན་སྐྱོང་བྱས་ཏེ། རྒྱ་ནག་གིས་ཁོང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་དབང་གི་རྣམ་འགྱུར་ཅི་བསྟན་ཀྱང་དེ་ལ་བཤོལ་འདེབས་དགོས་པའི་ལངས་ཕྱོགས་བརྟན་པོ་རྡོ་རྗེ་བྲག་བཞིན་དགོས།”

ཨ་རིའི་གསར་ལམ་ཁག་གིས་རྒྱ་ནག་གི་ནང་སྙིང་གཉོམ་པོ་ཡིན་པ་གཙོ་བྱས་ཏེ་རྒྱ་ནག་གི་ཕྱི་ནང་གསང་གསུམ་ལ་དབྱེ་ཞིབ་མཐིལ་ཕྱིན་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་ནང་དུ་འབྱུང་བཞིན་པའི་དཀའ་རྙོག་དང་།ཨ་རིའི་ནང་དུ་ས་ཁྱབ་རྡོ་ཁྱབ་དུ་ཕྱིན་པའི་རྒྱ་ནག་གི་སྟོབས་ཤུགས་ཐད་ཀྱི་བསམ་ཚུལ་ཅིག་གཡོ་མེད་དུ་ཡོད་པའི་དབར་ལ་ཧེ་བག་ཆེན་པོ་ཡོད། ཧེ་བག་འདི་འདྲ་ཞིག་ཡོང་དགོས་བའི་རྒྱུ་མཚན་ནི་ཨ་རིའི་མཐོ་རིམ་སྤྱི་ཚོགས་དང་མི་སེར་དཀྱུས་མ་ཚོའི་ད་ལྟའི་རྒྱ་ནག་དང་། མ་འོངས་འབྱུང་འགྱུར་གྱི་ལོ་ངོ་བཅུའི་ནང་གི་རྒྱ་ནག་གི་དཔལ་འབྱོར་གྱི་དཀའ་ངལ་རང་བཞིན་སོགས་ཀྱི་གནད་དོན་ཐད་གོ་རྟོགས་ཧ་ཅང་ཞན་པས་རྐྱེན་གྱིས་རེད། ད་ལྟའི་དུས་ཀྱི་པེ་ཅིན་དཔལ་འབྱོར་གྱི་དཀའ་ངལ་ནི་དཔལ་འབྱོར་གྱི་ཉམས་ཉེས་བསྐོར་བ་འཁོར་བ་ཞིག་དང་ཕྱི་ཕྱོགས་ནས་ཚོང་ཟོག་ཉོ་མཁན་མེད་པའི་གནད་དོན་ཞིག་ཆགས་ཀྱི་མེད། རྒྱ་ནག་གི་དཔལ་འབྱོར་གྱི་དཀའ་རྙོག་ནི་ཕྱིའི་འགལ་བ་ལས་ནང་གི་འགལ་རྐྱེན་ཁོ་ནར་འབྲེལ་བ་ཡོད་དེ། གདུག་རྩུབ་ཆེ་བའི་དམར་གཞུང་གིས་མ་རྩ་ཆུད་ཟོས་སུ་གཏོང་པ་དང་། སྒེར་བདག་ཚོང་ལས་སྡེ་ཁག་རྣམས་རིམ་གྱིས་བཙིར་ཏེ་མཐར་སྐྲོད་གཏོང་བ།ལམ་ལུགས་འཐུས་སྒོ་ཚང་བ་དང་གསར་གཏོད་ཀྱི་རང་བཞིན་ཉུང་བ།འཕྲོག་བཅོམ་དང་གཏོར་བཤིག་བྱེད་རྒྱུར་གོམས་པའི་དབང་འཛིན་མི་སྣ་དག་གིས་སྒེར་གྱི་ཁེ་ཕན་དང་དབང་ཐང་ཁོ་ན་རྒྱས་རྒྱུར་དང་དོད་བྱེད་པ།ཡར་རྒྱས་ཀྱི་ཆ་དམན་པའི་དངུལ་རྕིས་སྡེ་ཁག སྐྱེ་ཁམས་ཁོར་ཡུག་གི་དཀའ་ངལ་དང་སྐྱེ་འཆིའི་གྲངས་ཚད་ཀྱི་གནོན་ཤུགས་བརྩེགས་མ་བཅས་རེད། ད་དུང་རྒྱ་ནག་གི་རྗེས་སུ་འབྲངས་མཁན་ཚོའི་བསམ་བློའི་ཕུག་ཏུ་རྒྱ་ནག་གི་བགྲོད་ལམ་ཅུང་ཀྱག་ཀྱོག་ཆེ་ནའང་། གཞི་རྩ་བརྟན་པོ་ཡོད་སྙམ་གྱི་ཡོད་པ་རེད།

ཨ་རིའི་མང་ཚོགས་ཀྱིས་རྒྱ་ནག་ལ་བཟུང་བའི་ལྟ་སྟངས་འདི་ནི་ཁོང་ཚོའི་འགྲན་ཟླ་ལ་བཟུང་བའི་རྣམ་འགྱུར་ཞིག་རེད། ༡༩༧༠་དང་༡༩༨༠་དུས་སྐབས་སུ་ཨ་རི་བ་ཚོས་སོ་སོའི་འགྲན་ཟླ་ཉམས་རྒུད་དུ་འགྲོ་བཞིན་པའི་གནས་བབ་དབྱེ་ཞིབ་བྱེད་མ་ཐུབ་སྟེ་ཨ་རིའི་མི་མང་སོ་སོའི་གཞུང་གི་བྱེད་སྒོ་ཁག་ལ་འདོད་པ་མ་ཁེངས་བའི་དུས་(སྲིད་འཛིན་ཇེ་མེས་ཀར་ཌིར་གྱི་༡༩༧༩ལོའི་མ་ལེ་སེས་གཏམ་བཤད་ལྟ་བུ)དང་སྟབས་འཁེལ་བ་ཞིག་མ་རེད། དེང་སྐབས་རྒྱ་ནག་གི་ལོ་རེའི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་བརྒྱ་ཆ་༡༠་ནས་༨་གྱི་དབར་ལ་ཟགས་ཀྱི་ཡོད་པ་དེ་(གནས་སྐབས)ཨ་རིའི་ལོ་རེའི་ཡར་རྒྱས་ཀྱི་ཚད་གཞི་བརྒྱ་ཆ་༢་ཀྱི་འོག་ཏུ་ཉམས་ཀྱི་ཡོད་པ་དང་། ལས་མེད་ཀྱི་གྲངས་ཀ་བརྒྱད་ཆ་༨་ཀྱི་སྒང་ལ་ཡོད་པ་དེ་དང་བསྡུར་ཐབས་མེད་པ་ཞིག་རེད། ཨ་རི་བ་ཚོའི་མིག་ལམ་དུ་ཕར་ཕྱོགས་ཀྱི་གནས་སྟངས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་མཐོང་གི་ཡོད་ནའང་། འདི་ཕྱོགས་ཀྱི་གནས་སྟངས་ལྡབ་འགྱུར་ཀྱིས་བཟང་བ་ཡོད།

ཕྱི་མི་ཚོས་རྒྱ་ནག་ནི་རྨང་གཞི་བརྟན་པོ་དང་ཁ་ཡར་ལ་ཕྱོགས་པའི་རྒྱལ་ཁབ་ཅིག་མཐོང་དགོས་དོན་ནི་པེ་ཅིན་རང་གི་བྱ་སྤྱོད་ལ་རག་ལས་ཡོད། རྒྱ་ནག་གི་གཞུང་འཛིན་དམར་ཤོག་ཚོགས་པས་མུ་མཐུད་དུ་མི་རིགས་རིང་ལུགས་ཀྱི་འདུ་ཤེས་དྲག་པོ་ནི་རྒྱལ་ཁབ་ཀྱི་ཆེ་མཐོང་སྲུང་སྐྱོབ་བྱེད་མཁན་གྱི་ངོ་བོར་ངོས་འཛིན་གྱི་ཡོད། རྒྱ་ནག་གཞུང་གི་གསར་ལམ་དང་ལོ་རྒྱུས་ཀྱི་སློབ་དེབ་དག་གིས་ན་གཞོན་གསར་བའི་དཔུང་ཚོགས་ལ་འཁྱོག་བཤད་བྱས་པའི་གནས་ཚུལ་དང་། རང་རྒྱལ་རང་ཡག་གི་དངོས་དོན།ཐོགས་ཐུག་མེད་པའི་རྗུན་གཏམ།མི་རིགས་རིང་ལུགས་ཀྱི་ལྷ་སྒྲུང་ལྟ་བུའི་ནུབ་ཕྱོགས་དང་འཇར་པན་ལ་ལས་སླ་བོར་རྒོལ་བ་དང་འཁོན་འཛིན་སློང་བའི་ཕུང་དཀྲུག་བྱེད་སྤྱད་ཀྱི་གནད་དོན་རྐྱང་ཀླད་པའི་ནང་དུ་འཇུག་གི་ཡོད། ད་དུང་དེ་ལས་ཀྱང་ཉེན་ཚབས་ཆེ་བ་ཞིག་ནི་རྒྱ་ནག་གིས་ཨ་རིའི་ཨེ་ཤ་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཉི་ཧོང་དང་།ཧྥི་ལིན་པན་སོགས་ཀྱི་དབར་ལ་མངའ་ཁུལ་བདག་དབང་རྩོད་རྙོག་གི་ཐད་ནས་འདུམ་འགྲིག་བྱེད་ཐབས་མེད་པའི་གནས་བབ་ཅིག་བཟུང་ཡོད། རྙོག་གླེང་གི་གཞི་རུ་གྱུར་བའི་རྒྱ་མཚོའི་བདག་དབང་གི་འཐབ་རྩོད་དེ་གཙོ་བོ་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་ཏུ་འགྲན་རྩོད་ཀྱི་ངར་ཤུགས་སློང་བཞིན་པ་འདིའི་ཐད། ཨ་རི་བ་མང་པོས་ལྟ་ཚུལ་ལ་དམག་འཁྲུག་དངོས་ཀྱི་ཆག་སྒོ་བསླང་མི་ཡོང་ངམ་སྙམ་གྱི་ཡོད་པ་འདིས་ཨ་རི་རྒྱ་ནག་གི་ཁ་གཏད་དུ་ཀེར་ལངས་མི་བྱེད་རང་བྱེད་ཆགས་ཡོད།

ཡིད་སྐྱོ་དགོས་བ་ཞིག་ལ།ཨ་རི་བ་ཚོའི་སེམས་ཀྱི་རྒྱ་ནག་གི་སྟོབས་ཤུགས་དང་། རྒྱ་ནག་གི་སྐྱོན་ཆ་དངོས་གཉིས་ཀྱི་དབར་ལ་སྟོང་ཆ་ཆེན་པོ་ཞིག་ལྷག་ཡོད་པ་དེས་ལྡོག་ཕྱོགས་ཀྱི་མཇུག་འབྲས་ཞིག་འདོན་སྲིད། པེ་ཅིན་གྱིས་ཨ་རིས་ཤར་རྒྱ་མཚོའི་ནང་དུ་བདེ་འཇགས་སྲུང་སྐྱོབ་ཀྱི་སྟོབས་ཤུགས་གསོག་འཇོག་བྱེད་བཞིན་པ་དེ། ཝ་ཤིང་ཌོན་གྱིས་རྒྱ་ནག་དགྲ་རུ་བཟུང་བའི་རྣམ་འགྱུར་གྱི་དཔང་རྟགས་སུ་འུད་སྒྲོག་བྱེད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་ཨ་རི་ནི་ཁོང་ཚོའི་དཔལ་འབྱོར་གྱི་ཉམས་རྒུད་དང་ཕྱི་འབྲེལ་གྱི་འགོག་རྐྱེན་ལྟ་བུ་ཆགས་ཡོད་པའི་སྐྱོན་འཛུགས་བྱེད་རྒྱུ་ཡིན་པ་སྨྲ་མི་དགོས་བ་ཞིག་རེད། དུས་བབ་གཉན་འཕྲང་ཅན་ཞིག་གི་ནང་དུ་དབང་ཆའི་རྩ་བ་ཇེ་བརྟན་དུ་གཏོང་རྒྱུར་ནུས་པ་སྤུངས་བཞིན་པའི་སྲིད་གཞུང་ཞིག་ལ་མཚོན་ན་ཕྱི་མིར་སྡང་འཛིན་དང་ཞེ་འཁོན་སློང་བ་ནི་ཁོང་ཚོའི་ཐུན་མིན་གྱི་ཁྱད་ཆོས་ཤིག་རེད།རྒྱ་མི་མང་པོ་ཞིག་གིས་ཉེ་ཆར་བྱུང་བའི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྙོག་གྲ་ཇེ་ཆེར་བསླངས་བའི་འགན་ཨ་རིར་ཡོད་པ་སྔ་ས་ནས་སེམས་ཀྱི་ཡོད་ལ།ཨ་རིས་ཝེ་དི་ནམ་གྱི་ཧ་ནོ་ཨེ་དང་ཧྥི་ལི་ཕིན་གྱི་མའ་ནས་ལ་གཉིས་རྒྱ་ནག་གི་ཁ་གཏད་ཀྱི་མདུད་གྲལ་དུ་འབུད་རྒྱག་བཏང་བ་ཞིག་ཏུ་བརྩི་བཞིན་འདུག

ཕན་ཚུན་བཟུང་བའི་སྟེང་འགལ་འོག་འགལ་གྱི་རྣམ་འགྱུར་འདིའི་རྗེས་འབྲས་ཀྱི་ཤུགས་རྐྱེན་ནི་ཕྱོགས་གཉིས་ཆའི་ཨ་རྒྱའི་སྲིད་བྱུས་ལ་བསྐྱར་ཞིབ་དང་། མ་འོངས་འབྱུང་འགྱུར་གྱི་ལོ་ངོ་ཉི་ཤུའི་ནང་དུ་རྒྱ་ནག་གི་རྒྱུ་ལམ་འགག་རྒྱུ་ཡིན་པའི་གྲ་སྒྲིག་བྱེད་པའི་གོ་སྐབས་བརླག་རྒྱུ་ཡིན་པ་དེ་རེད། ཝ་ཤིན་ཌོན་གྱི་རྒྱ་ནག་ལ་བཟུང་བའི་སྲིད་བྱུས་ཀྱི་དབུས་ཀྱི་ཀ་བ་ལྟ་བུ་ནི་དམར་ཤོག་ཚོགས་པའི་སྲིད་དབང་གི་ད་ལྟའི་གནས་བབ་འདི་ད་དུང་ལོ་ངོ་བཅུ་ཕྲག་ཁ་ཤས་ཤིག་ལ་བརྟན་པོར་གནས་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དེ་རེད། དེ་དང་འདྲ་མཚུངས་ཀྱི་སྲིད་ཇུས་ཀྱི་ལྟ་སྟངས་ཤིག་ཝ་ཤིན་ཌོན་གྱིས་ཨུ་རུ་སུ་དང་།སོ་ཧར་ཏོ་ཡིས་དབང་བསྒྱུར་འི་ཨེན་ཌོ་ནིས་ཤི་ཡ།ཧོ་སི་ནས་མོས་བྷ་ར་ཁི་ཡི་ཨེས་ཇབ། མོས་མར་ཀ་ད་ཧྥིས་ཡི་ལི་བྷིས་ཡ་བཅས་ཀྱི་ཕྱོགས་སུ་བཟུང་ཡོད།སྲིད་གཞུང་དེ་ཚོ་གོད་ཆག་ཆེན་པོའི་ནང་དུ་འཐིམ་ཏེ་འགྱུར་ལྡོག་འགྲོ་བའི་ལྟ་སྟངས་ཤིག་མི་འཛིན་པ་ནི་ཝ་ཤིན་ཌོན་གྱི་གོམས་གཤིས་ལྟ་བུ་ཆགས་ཡོད།

ཨ་རིའི་གཞུང་གིས་ངེས་པར་དུ་རྒྱ་ནག་གི་སྟོབས་ཤུགས་ཉམས་རྒུད་དུ་འགྲོ་བཞིན་པ་དང་།མ་འོངས་བའི་ལོ་ངོ་༢༠་ཙམ་གྱི་ནང་དུ་རྒྱ་ནག་གི་ལམ་ལུགས་མང་གཙོའི་ཕྱོགས་སྐྱོད་སྲིད་པའི་འཆར་སྒོ་གཞིར་བཞག་ཐོག་རྒྱ་ནག་ལ་བཟུང་བའི་སྲིད་ཇུས་ཀྱི་གཞི་རྩའི་རྗེས་དཔོགས་ཀྱི་ཆ་ནས་བསྐྱར་ཞིབ་དང་། འཐབ་བྱུས་གཞན་པ་ཞིག་ཁ་ཡོད་ལག་ཡོད་ཐོག་ནས་བསམ་གཞིག་བྱེད་པའི་དུས་ལ་བབ་འདུག དེ་འདྲའི་འགྱུར་ལྡོག་ཅིག་ཡོང་བ་ཡིན་ན།ཨེ་ཤ་ཡའི་ཡུལ་བབ་སྲིད་བྱུས་ཀྱི་བཀོད་པ་ངོ་མི་ཤེས་བའི་ཚོད་དུ་འགྱུར་ལྡོག་འགྲོ་བ་རེད། བྱང་ཀོ་རིའི་གཞུང་ཧ་ལམ་ཉིན་ཞག་གཅིག་གཉིས་ནང་དུ་ཁ་འཐོར་དང་། ཀོ་རི་ཡའི་གླིང་ཕྲན་ཟླ་སྒྲིལ་ཆགས་ཀྱི་རེད།ས་གནས་དེར་འབྱུང་བའི་མང་གཙོའི་རླབས་རྒྱུན་གྱིས་ཝེ་ཏི་ནམ་དང་ལོའུ་ཡི་དམར་པོའི་སྲིད་གཞུང་གཉིས་ཀྱང་མགོ་རྟིང་སློག་གི་རེད། ཆེས་ཚོད་དཔག་བྱེད་ཐབས་བྲལ་ཞིང་གནད་འགག་ཆགས་པའི་གནད་དོན་ཞིག་ནི་རྒྱ་ནག་རང་ཆགས་ཀྱི་ཡོད། ཉམ་ཐག་དང་ཉམས་རྒུད་དུ་འགྲོ་བཞིན་པའི་མི་འབོར་ཐེར་འབུམ་༡.༣་ཅན་གྱི་རྒྱ་ནག་རྒྱལ་ཁབ་ཀྱིས་ཞི་བའི་སྒོ་ནས་མང་གཙོའི་བཅོས་བསྒྱུར་དེ་སྟངས་འཛིན་ཏག་ཏག་བྱེད་ཐུབ་མི་ཐུབ་ཀྱི་དྲི་བ་ཡོང་གི་རེད།

ང་ཚོས་རྦད་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ཡུལ་དུས་གྱི་འགྱུར་བ་ལ་བསྟུན་ཐབས་དང་རྒུད་པ་བསྐྱར་གསོའི་ནུས་པ་ཅི་ཡང་མེད་སྙམ་པ་ནི་སྔ་ཐལ་ཆེ་བའི་གནད་དོན་ཞིག་ཡིན་ཡང་། ལོ་ཤས་ཀྱི་ནང་དུ་རྒྱ་ནག་ཉམས་རྒུད་ཀྱི་རྒྱ་ལས་ཐར་གྱི་རེད། སྐབས་དེར་ཨ་རིས་གོ་སྐབས་མ་འཆོར་བ་བྱེད་རྒྱུ་ཧ་ཅང་གལ་ཆེ།འོན་ཀྱང་། དམར་ཤོག་ཚོགས་པ་འཐོར་ཞིག་ཏུ་འགྲོ་བ་ནི་ཟློག་ཐབས་མེད་པ་ཞིག་རེད། ཉེ་ཆར་མངོན་འགྱུར་བྱུང་བའི་རྒྱ་ནག་གི་དཀའ་རྙོག་གི་མཚོན་རྟགས་དེ་ཚོ་ནི་འགྱུར་ལྡོག་གི་ས་ཡོམ་ཆེན་པོ་ཞིག་ཡོང་རྒྱུར་ངེས་པའི་དཔང་རྟགས་རེད།ཨ་རིའི་སྲིད་ཇུས་འདིང་མཁན་གྱི་མི་སྣ་ཚོས་གོ་སྐབས་བརླག་པ་དང་གནད་ལ་འཁེལ་བའི་དབྱེ་ཞིབ་བྱེད་མ་ཐུབ་པ་ཡིན་ན་སླར་ཡང་ལོ་རྒྱུས་ཀྱི་ཆ་ཤས་སུ་གྱུར་བའི་འཐབ་བྱུས་ཀྱི་ནོར་འཁྲུལ་ཞིག་བཟོ་རྒྱུ་ཡིན་པ་ངས་ཁ་ཚོན་བཅད་ནས་བཤད་ཆོག།

(མེན་ཤེན་པེའུ་ནི་རྒྱ་ནག་གཞུང་དང་། ཨ་རི་དང་ཨེ་ཤ་ཡའི་འབྲེལ་ལམ། ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོའི་མང་གཙོའི་འཕེལ་འགྱུར་ཐད་ཆེད་ལས་མཁས་དབང་ཞིག་ཡིན། ཁོང་གིས་བརྩམས་ཆོས་ལ་”“བཅོས་བསྒྱུར་དང་གསར་བརྗེ། རྒྱ་ནག་དང་ཨུ་རུ་སུའི་གུང་ཁྲན་རིང་ལུགས་འཐོར་ཞིག” “རྒྱ་ནག་གི་ཚོན་མདོག།” “ཨེ་ཤ་ཡའི་ཡུལ་སྐོར་”སོགས་མང་དག་ཅིག་ཡོད།)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to ཁྱེད་ཀྱིས་རྒྱ་ནག་གི་སྐོར་ལ་ཆ་རྒྱུས་ཡོད་སྙམ་པ་ཡོད་ཚད་ནོར་འཕྱུག་རེད།

  1. ཡར་འཕེལ་ ནས།

    སྐར་ཁུང་དྲ་བས་རང་རེའི་སྐད་ཡིག་སྲུང་སྐྱོབས་དང་བསམ་བློའི་གོ་རྟོགས་ལ་ཕན་དགོས་ཕན་རླབས་ཆེ་བའི་རྩོམ་སྒྱུར་གྱི་ཕྱག་ལས་འདིས་གཡུལ་དུ་ཟ་བའི་གྲུབ་འབྲས་འཐོབ་ངེས་རེད། རྒྱུ་མཚན་ནི། སྤྱི་སྐད་ཡིག་ཉམ་རྒུད་ནི་སྐད་ཡིག་དེ་བཀོལ་སྤྱོད་བྱེད་མིའི་གྲངས་འབོལ་ལ་དང་འབྲེལ་དམ་པོ་ཡོད་པ་དང་། བཀོལ་སྤྱོད་བྱེད་མིན་ཡང་སྐད་ཡིག་དེའི་ནུས་པ་དང་དུས་འགྱུར་གྱི་རྗེའི་ཟིན་པའི་དགོས་མཁོ་སྐོང་ཐུབ་མིན་ལ་རག་ལས་འདུག་པ་དང་། སྐད་ཡིག་གིས་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པ་ནི་དུས་རབས་ཀྱི་རྗེས་ཟིན་པའི་བསམ་བློ་དང་ཤེས་རིག་དཔལ་ཡོན་སྩོལ་རྒྱུ་དེ་རེད་ལ། སྤྱི་ཚོགས་ཀྱིས་སྐད་ཡིག་སྲུང་སྐྱོབས་བྱེད་སྟངས་ཀྱང། དུས་རབས་ཀྱི་དགོས་མཁོར་འཚམ་པའི་རིག་གསར་གྱི་སྲོག་དབུགས་སྣོན་རྒྱུ་དེ་ཡིན་པར་གོར་མ་ཆགས།

Write a Reply or Comment

Your email address will not be published. Required fields are marked *

*