ཉེན་ཁའི་གནས་སུ་ཚུད་པའི་རིག་གཞུང་ཁྲོད་ཀྱི་རྨི་ལམ། (སྔ་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
བཱ་རྡིས་རྡའ་བས་སུ། (Wade Davis)

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཁྱེད་ཚོས་མཁྱེན་ཡོད་དམ། ཡུལ་སྐོར་ལྗོངས་རྒྱུ་ཞིག་གི་སྤྲོ་སྣང་ཆེ་ཤོས་དང་རིག་གཞུང་ཞིབ་འཇུག་ཅིག་གི་དགའ་སྣང་ཆེ་ཤོས་ནི་གནའ་བོའི་སྲོལ་རྒྱུན་གྱི་གོམས་གཤིས་མ་ཉམས་པའི་སྤྱི་ཚོགས་གང་ཞིག་ཏུ་ཁོང་ཚོ་དང་མཉམ་འགྲོ་མཉམ་འདུག་བྱས་ནས་འཚོ་བ་རོལ་རྒྱུ་དེ་རེད། མི་རིགས་དེ་དག་གིས་བསིལ་རླུང་གི་རེག་བྱ་བརྒྱུད་ནས་གནའ་བོའི་ལོ་རྒྱུས་ཀྱི་ངོ་མཚར་ཚོར་བཞིན་ཡོད་ལ། སྦྲང་ཆར་གྱིས་བཀྲུས་པའི་རྡོ་བ་ལས་གནའ་བོའི་གཏམ་རྒྱུད་ཐོས་བཞིན་ཡོད་པ་རེད། ད་དུང་ཁོ་ཚོས་ཤིང་ནགས་ཀྱི་ལོ་མ་ལས་གནའ་བོའི་ལྷ་སྒྲུང་ལ་ཉན་བཞིན་ཡོད་པ་མ་ཟད། ཐ་ན་ཁོ་ཚོས་ཇཱ་སྒུར་ཞ་་མན(Jaguar shamans)་དགུ་ཚིགས་སྐྱ་མོའི་ཕ་རོལ་དུ་འགྲོ་བཞིན་པའི་གནའ་གཏམ་བརྒྱུད་མིག་གིས་ཁྲ་ཆིལ་ལེར་མཐོང་བཞིན་ཡོད་པ་རེད། དེ་བཞིན་དུ་རྔམ་བརྗིད་ཧི་མ་ལ་ཡའི་ཕར་ཚུར་གྱི་ནང་བསྟན་རྗེས་འཇུག་པ་རྣམས་ཀྱིས་ད་དུང་ཡང་ནང་བསྟན་ཆོས་ལུགས་ཀྱི་བྱིན་རླབས་དྲོད་ཁོལ་ཉར་ནས་བསྡད་ཡོད་པ་སོགས་ཀྱི་སྤྱི་ཚོགས་རིག་གནས་ཀྱི་སྣང་ཚུལ་འདྲ་མིན་རྣམས་ནི་སྤྱི་ཚོགས་ཞིབ་འཇུག་གི་མཐའ་མའི་དོན་སྙིང་ངོ་མ་དེ་ཡིན་པ་རེད། གོང་གི་མི་རིགས་བྱེ་བྲག་པ་དེ་དག་གི་སྤྱི་ཚོགས་སྣང་ཚུལ་དེ་དག་ལ་བལྟས་རྗེས་གཞི་ནས་ཁྱེད་ཀྱི་སེམས་སུ་དེ་རིང་གི་ང་ཚོ་སྡོད་སའི་ཁྲ་ཁྲ་ཟང་ཟིང་གི་སྤྱི་ཚོགས་འདི་ལ་ཕྱོགས་ཁ་ཤས་ནས་སྟོང་ཆ་ལྷག་ཡོད་པའི་ཚོར་སྣང་ཏན་ཏན་སྐྱེ་ངེས་ཡིན། འོན་ཀྱང་། ང་ཚོའི་དེ་རིང་གི་འཚོ་བ་སྐྱེལ་སྟངས་འདི་ཡང་ལག་ལེན་དང་དངོས་ཡོད་ཀྱི་གནོན་ཤུགས་འོག་ཏུ་བདམས་པའི་ལམ་ཁ་ཞིག་རེད། གནོན་ཤུགས་གང་ཞིག་གི་འོག་ཏུ་བདམས་པའི་འཚོ་བ་སྐྱེལ་སྟངས་ཀྱི་གོམ་གཤིས་འདི་མི་རབས་གོང་མ་ཚོས་ང་ཚོར་གནང་བའི་ལེགས་སྐྱེས་རེད།

ང་ཚོ་ཚང་མས་ཕན་ཚུན་བསྟུན་མཁས་ཀྱི་མི་ཚེ་སྐྱེལ་སྟངས་ཀྱི་ལམ་ཁ་འདི་བརྒྱུད་ནས་འགྲོ་བཞིན་ཡོད། ང་ཚོ་ཚང་མ་འདི་ལྟར་མི་ཡུལ་འདིར་སྐྱེས་ཤིང་རིམ་བཞིན་རང་ཉིད་ཀྱི་བཟའ་མི་བུ་ཕྲུག་ཀྱང་ཡོད་པར་གྱུར། དེ་ནས་རིམ་བཞིན་སྤྱི་ཚོགས་དངོས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་གང་མང་ཞིག་དང་གདོང་ཐུག་བྱེད་དགོས་བྱུང་ཡོད་ལ། ཐ་མར་མི་འདོད་བཞིན་དུ་རང་ཉིད་ཀྱི་གཅེས་སུ་འོས་པ་ཡོད་ཚད་དང་ཁ་བྲལ་ནས་ཤི་འགྲོ་བཞིན་ཡོད། དེའི་ཕྱིར། མཚམས་ལ་ལར་ང་ཚོས་གླུ་དབྱངས་ལེན་ཞིང་ཞབས་བྲོ་འཁྲབ་བཞིན་པ་དེར་ཧང་སངས་དགོས་དོན་རྩ་ནས་མེད། ང་ཚོའི་མི་ཚེ་དེ་མ་གཞི་ནས་དགའ་སྐྱོ་ཆགས་སྡང་གི་སྒྱུ་རྩལ་འདྲ་མིན་དང་འབྲེལ་ནས་ཡོད་པ་མ་ཡིན་ནམ།

འོན་ཀྱང་། སྤྱི་ཚོགས་དང་རིག་གནས་འདྲ་མིན་གྱི་ཁྲོད་ནས་བཞུར་ཡོང་བའི་སྙན་འཇེབས་ཀྱི་གླུ་སྐད་ཐུན་མོང་མ་ཡིན་དེ་དག་གི་གླུ་ཚིག་དང་དབྱངས་ཀྱི་འདེགས་འཇོག་བཅས་ནི་ཅི་འདྲའི་ངོ་མཚར་རྨད་དུ་བྱུང་བའི་སྒྱུ་རྩལ་ཞིག་རེད་ཨང་། བྷོར་ནོ་ནགས་ཚལ་གྱི་པས་ནན་(Penan)མི་རིགས་དང་ཡང་ན་ཧེས་ཐེ་རྒྱལ་ཁབ་ཀྱི་བོས་རྡོས་ཨེ་ཀོ་ལས་གྲས(Voodoo acolytes)བ་རྣམས་ཀྱི་འཚོ་བ་སྐྱེལ་སྟངས། ད་དུང་ཀན་ཡ་ཀེ་སོས་གྲི་བྱེ་ཐང་གི་དཔའ་རྒོད་ཚོ་ཁག་རྣམས་དང་། ཡང་ན་ཨན་དེའི་རི་སྒང་གི་ཁོས་རན་དག་གི་ཚོ་ཁག་རྣམས་ཀྱི་རིག་གནས་སྣང་ཚུལ། ད་དུང་ས་ཧ་ར་བྱེ་ཐང་གི་རྔ་མོང་དེད་པའི་འགྲུལ་བཞུད་པ་དེ་དག་གི་ངོ་མཚར་བའི་ལོ་རྒྱུས། ཟླ་ཤས་སྔོན་དུ་བདག་ཁོ་ཚོ་དང་མཉམ་དུ་མཐའ་ཡས་པའི་བྱེ་ཐང་དུ་འགྲོ་རྒྱུའི་བསྐལ་བ་བྱུང་བ་མ་ཟད་དེ་བཞིན་རང་ཉིད་ཀྱིས་དངོས་སུ་ལྷ་གཡག་དེད་ནས་འཛམ་གླིང་གངས་རིའི་མ་ཡུམ་ཆེན་མོ་རི་བོ་ཇོ་མོ་གླང་མའི་གཡང་གཟར་གྱི་རི་འདབས་སུའང་བསྐྱོད་མྱོང་།

དེར་བརྟེན། སྲོལ་རྒྱུན་གྱི་ངོ་བོ་མ་བརླག་པའི་སྤྱི་ཚོགས་རིག་གནས་དང་མི་རིགས་འདྲ་མིན་དེ་དག་གིས་ང་ལ་མི་ཚེ་སྐྱེལ་སྟངས་གསར་བ་ཞིག་བསླབས་བྱུང་ལ། བསམ་བློ་གཏོང་ཕྱོགས་དང་སྤྱི་ཚོགས་ལ་ལྟ་སྟངས་མི་འདྲ་བ་ཞིག་གི་བློ་སྒོའང་ཐོག་མར་ཕྱེ་བྱུང་། དོན་ངོ་མར། ཁོ་ཚོས་ང་ལ་མ་ཡུམ་ས་གཞི་ཆེན་མོ་འདིའི་རིན་ཐང་ལ་བརྩི་བཀུར་དང་གུས་ཞབས་ངང་འཚོ་བའི་དོན་ལྡན་གྱི་མི་ཚེའི་ཁ་ཕྱོགས་གསར་བ་ཞིག་བསླབས་གནང་བྱུང་། གལ་སྲིད། ཁྱེད་ཀྱིས་དེ་ལ་བསམ་བློ་གཏོང་ཙམ་ལས་མ་བྱས་བ་ཡིན་ན་དེ་ནི་རེ་བའི་ནང་ནས་འབུས་པའི་བསམ་ཚུལ་ཙམ་གྱི་ངོ་བོར་ལྷག་ངེས་རེད། ཁྱེད་ཚོས་མཁྱེན་ཡོད་དམ། སྤྱི་ཚོགས་དང་རིག་གནས་ཀྱི་སྣང་ཚུལ་མཐའ་ཡས་པ་ལས་ཐོན་པའི་སྲོལ་རྒྱུན་གྱི་རིག་གནས་ཀྱི་བསམ་བློ་དང་ཆོས་ལུགས་བསམ་བློ་སྣ་ཚོགས་ཀྱི་དྲ་བ་དེས་སའི་གོ་ལ་འདི་ཡུག་ཅིག་ཏུ་སྦྲེལ་ནས་བཞག་ཡོད་ལ། གཞུང་ལུགས་སུ་དྲ་བ་འདི་ལ་མིའི་རིགས་རྒྱུད་རིག་གནས་སམ་འཚོ་གནས་སྐྱེ་ཁམས་ཁོར་ཡུག་གི་དྲ་བ་ཟེར་ཞིང་དེའི་ནང་དུ་བསམ་བློ་དང་ཚེ་སྲོག་གི་རིན་ཐང་སོགས་མང་བོ་མཉམ་འདུས་བྱས་ཡོད། ཅིག་བྱས་ན་ཁྱེད་ཚོས་རིག་གཞུང་འདྲ་མིན་མཉམ་གནས་ཀྱི་ཁོར་ཡུག་འདི་ལ་མིའི་རིགས་རྒྱུད་རིག་པ་ཞེས་མིང་འདོགས་ཡང་བྱེད་སྲིད་ལ། ཁྱེད་ཚོས་མིའི་རིགས་རྒྱུད་རིག་པར་ལག་ལེན་དངོས་ཀྱི་ཐོག་ནས་འགྲེལ་བཤད་སྐྱོན་སྐབས། མིའི་རིགས་ཀྱི་བསམ་བློ་དང་རྨི་ལམ། ལྐོག་གྱུར། འཆར་སྣང་། སྙིང་སྟོབས། མངོན་ཤེས་སོགས་ཡོད་ཚད་ནི་མིའི་རིགས་རྒྱུད་རིག་གནས་ཀྱི་ཁྱབ་ཁོངས་སུ་འདུ་ལ་དེ་བཞིན་དེ་ནི་འགྲོ་བ་མིའི་རིགས་ཀྱི་ཚོར་ཤེས་ཀྱི་སྐྱ་རེངས་འོག་ནས་འབུས་པའི་འཆར་སྣང་དང་སྒྱུ་རྩལ་གྱི་ཐོན་དངོས་འབའ་ཞིག་ཡིན་པའང་མཁྱེན་ངེས་ཡིན། དེར་བརྟེན། མིའི་རིགས་རྒྱུད་རིག་གནས་ནི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་བྱུང་འཕེལ་ཁྲོད་ཀྱི་རླབས་ཆེ་བའི་ཤུལ་བཞག་ཐོན་དངོས་ཡིན་ལ། དེའི་ཁྲོད་དུ་ངོ་མཚར་བའི་རང་བྱུང་འཇིག་རྟེན་ཁམས་ཀྱི་རིག་གནས་ཀྱང་མཐའ་ཡས་པ་ཞིག་འདུས་ཡོད་པ་རེད།

གནད་དོན་དེར་བརྟེན། མིའི་རིགས་རྒྱུད་རིག་གནས་ནི་རང་བྱུང་སྐྱེ་ཁམས་ཁོར་ཡུག་གི་རིག་པའི་མ་ལག་གལ་ཆེན་ཞིག་ཡིན་པ་མ་ཟད། ཆེ་ས་ནས་བཤད་ན་དེ་ནི་རང་བྱུང་ཁམས་ཆེན་མོ་འདིའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། ད་ལྟའི་དུས་ཚོད་འདིར་སྐྱེ་དངོས་རིག་པ་བ་སུ་ཞིག་གིས་ཀྱང་འཛམ་གླིང་འདིའི་རང་བྱུང་སྐྱེ་ལྡན་གྱི་སྤྱིའི་བརྒྱ་ཆ་ ༥༠ % དང་ཡང་ན་དེ་ལས་མང་བ་ཞིག་རྩ་སྟོང་དུ་སོང་ཚར་བ་རེད་ཅེས་ཤོད་མི་ཐུབ། རྒྱུ་མཚན་གང་ཡིན་ཟེར་ན་དེ་ནི་དོན་དངོས་ཐོག་བདེན་པ་མ་ཡིན་པའི་ཕྱིར་རོ།། འོན་ཀྱང་། མིའི་རིགས་རྒྱུད་རིག་གནས་ཀྱི་ཁྱབ་ཁོངས་སུ་སྐྱེ་ཁམས་ཁོར་ཡུག་འདི་དང་དེ་དང་འབྲེལ་བའི་རིག་གནས་སྣང་ཚུལ་སྐོར་ལ་མཐུན་ཕྱོགས་དང་འགལ་ཕྱོགས་གཉིས་ནས་ཞིབ་འཇུག་བྱེད་ཐུབ་པ་དེ་རེད། དེའི་ཕྱིར། རླབས་ཆེ་བའི་མིའི་རིགས་རྒྱུད་རིག་གནས་ཀྱི་ཁྱབ་ཁོངས་དང་དགོས་དམིགས་ཡོངས་རྫོགས་པར་འགྲེལ་བརྗོད་བྱེད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད།

དེ་རིང་གི་ཚོགས་ཁང་འདིར་འཛོམས་པའི་ང་ཚོ་རེ་རེ་བཞིན་འཇིག་རྟེན་འདིར་སྐྱེས་དུས། ས་སྒང་ཧྲིལ་བོ་འདིའི་ཐོག་ཏུ་སྐད་ཡིག་མི་འདྲ་བ་གྲངས་ ༦,༠༠༠ ལྷག་སྤྱི་ཚོགས་འདྲ་མིན་དུ་རྒྱུན་ལྡན་བེད་སྤྱོད་དང་འཚོ་གནས་བྱེད་བཞིན་ཡོད་པ་རེད། སྐབས་འདིར་བདག་གིས་བཤད་བཞིན་པའི་སྐད་ཡིག་ཅེས་པ་ནི་རྗོད་བྱེད་ཚིག་གི་ཕུང་བོ་ཁ་ཤས་ཙམ་ཞིག་དང་རྗོད་ཚུལ་བརྡ་སྤྲོད་ཀྱི་འགྲོ་ལུགས་རྐྱང་བ་ཙམ་མ་ཡིན་པར། མིའི་རིགས་ཀྱི་སྐད་ཡིག་རེ་རེ་ནི་སྤྱི་ཚོགས་རེ་རེའི་ཚེ་སྲོག་ཡིན་ལ་ཚེ་སྲོག་དེ་བརྒྱུད་ནས་སྤྱི་ཚོགས་སོ་སོའི་རིག་གནས་དང་ཡུལ་གོམས་གཤིས་ལུགས་བསམ་བློའི་འཁྱེར་སོ་སོགས་ཡོད་ཚད་ཕྱི་དངོས་པོའི་འཇིག་རྟེན་ཆེན་མོ་འདིའི་ཁམས་སུ་རྒྱུན་འཛིན་དང་སྐྱེ་འཕེལ་བྱེད་བཞིན་ཡོད། སྐད་ཡིག་མི་འདྲ་བ་རེ་རེ་ནི་སྤྱི་ཚོགས་བྱེ་བྲག་པ་གང་ཞིག་གི་བསམ་བློ་དང་ཤེས་རབ་འཚར་ལོངས་འབྱུང་སའི་ནགས་ཚལ་དང་ཡང་ན་གཙང་འགྲམ་ལྟ་བུ་ཞིག་ཡིན་ལ། ཡང་ན་ལྟ་ཚུལ་བྱེ་བྲག་པ་ཞིག་དང་ཆོས་ལུགས་གང་ཞིག་གི་དད་པ་དང་ཡིད་ཆེས་གཉིས་དར་སྤེལ་དང་རྒྱུན་གནས་བྱེད་སའི་བརྒྱུད་ལམ་ཉག་ཅིག་ཡིན།

དེ་རིང་གི་འཛམ་གླིང་སྤྱི་ཚོགས་སུ་སྔོན་ཆད་ཀྱི་སྐད་ཡིག་ ༦,༠༠༠ ལྷག་དེ་ལས་ཕྱེད་ཀ་ལྷག་ཅིག་རྩ་མེད་དུ་སོང་ཟིན་པས། སྤྱི་ཚོགས་བྱེ་བྲག་པ་གང་ཞིག་གི་ཁྲོད་དུ་འཚར་ལོངས་འབྱུང་བཞིན་པའི་ན་ཆུང་བྱིས་པ་དེ་དག་གི་རྣ་ལམ་ནས་ཁོ་ཚོ་རང་ཉིད་ཀྱི་ཕ་སྐད་དངོས་དེ་རྩ་མེད་དུ་ཡལ་དང་ཡལ་བཞིན་ཡོད། གལ་སྲིད། འཛམ་གླིང་སྤྱི་ཚོགས་འདིར་རླབས་ཆེ་བའི་འགྱུར་ལྡོག་ཅིག་མ་ཕྱིན་པ་དེ་སྲིད་དུ་བརླགས་ཟིན་པའི་སྐད་ཡིག་དེ་དག་བསྐྱར་གསོ་བྱེད་པའི་རེ་བ་ཡོད་པ་མ་རེད། མི་ཞིག་ལ་མཚོན་ན་སྨྲ་བརྗོད་བཀག་ནས་ཁུ་སིམ་གཅིག་བུར་ལྷག་པ་དེ་གཅིག་བྱས་ན་སུན་སྣང་ཆེ་ཤོས་ཤིག་ཡིན་སྲིད། ད་དུང་འཛམ་གླིང་འདིའི་ནང་དུ་ཁྱེད་རང་ཁྱེད་ཀྱི་ཕ་སྐད་བེད་སྤྱོད་གཏོང་མཁན་གྱི་མི་རབས་ཆེས་མཐའ་མ་དེ་ཆགས་སྐབས་ཀྱི་སྡུག་བསྔལ་ལས་ཆེ་བ་ཞིག་ཡོད་དམ། སྐབས་དེར་རླབས་ཆེ་བའི་ཁྱེད་ཀྱི་མེས་པོ་དམ་པ་གོང་མ་ཚོས་དར་སྤེལ་གནང་བའི་རིག་གནས་དང་ཡུལ་གོམས་གཤིས་ལུགས་རྣམས་ཀྱང་ཁྱེད་ཀྱིས་རང་གི་མི་རབས་རྗེས་མ་ཚོར་རྩིས་སྤྲོད་བྱེད་པའི་གོ་སྐབས་ཡང་གཏན་དུ་རྫོགས་ཟིན་པ་ཡིན། གང་ཡིན་ཟེར་ན་ཁྱེད་ཀྱི་མི་རབས་རྗེས་མ་དག་གི་མི་ཚེའི་ནང་གི་སོ་སོའི་ཕ་སྐད་ཀྱི་བརྒྱུད་ལམ་དེ་གཏན་དུ་འཇིག་ཟིན་པས་སོ།། ད་དུང་ཆེས་སྐྱི་གཡའ་བའི་དོན་དངོས་ཀྱི་གནས་ཚུལ་ཞིག་ནི་འཛམ་གླིང་འདིའི་ནང་དུ་བདུན་ཕྲག་གཉིས་རེའི་ནང་དུ་སྤྱི་ཚོགས་གང་ཞིག་གི་སྐད་ཡིག་བྱེ་བྲག་པ་རེ་རེ་གཏན་མེད་དུ་བརླག་འགྲོ་བཞིན་ཡོད་པ་རེད། བདུན་ཕྲག་གཉིས་རེའི་ནང་དུ་སྐད་ཡིག་བྱེ་བྲག་པ་གང་ཞིག་ཀྱང་ཁོ་ཚོའི་མི་རབས་རྒན་པ་དེ་དག་དང་མཉམ་དུ་རོ་སྒམ་དུ་བླུགས་ནས་ས་སྒང་ཆེན་མོ་འདིའི་འོག་དུ་དུར་སྦས་བྱེད་བཞིན་ཡོད་ལ། དེ་ནས་བཟུང་སྐད་ཡིག་གང་ཞིག་གི་དབྱངས་གསལ་དེ་དག་ཀྱང་འཛམ་གླིང་འདིིའི་ནང་ནས་རྩ་མེད་དུ་ཕྱིན་ཚར་བ་་རེད།

ངས་གསལ་བོར་ཤེས་ཀྱིན་ཡོད། ཁྱེད་ཚོ་ཁ་ཤས་ཀྱིས་འདི་ལྟར་བཤད་སྲིད། འཛམ་གླིང་གི་སྐད་ཡིག་ཡོད་ཚད་གཅིག་གྱུར་ཆགས་ན་ཡག་པོ་མི་འདུག་གམ། གལ་སྲིད་སྐད་ཡིག་འདྲ་མིན་ཚང་མ་རྩ་མེད་དུ་ཕྱིན་ནས་འཛམ་གླིང་ཡོངས་རྫོགས་སྐད་ཡིག་གཅིག་གི་ཁྱབ་ཁོངས་སུ་བསྡུས་པ་ཡིན་ན་གཅིག་བྱས་ན་གང་བྱས་ཀྱང་སྟབས་ཇེ་བདེར་འགྲོ་སྲིད་ཅེས་བརྗོད་ངེས་ཡིན། འོན་ཀྱང་ངས་ཁྱེད་ཚོར་བསྐྱར་དུ་དྲི་བ་ཞིག་གཏོང་། ཁྱེད་ཚོས་སྐད་ཡིག་གང་ཞིག་འཛམ་གླིང་སྤྱི་སྐད་དུ་འཇོག་རྩིས་ཡིན། སྐད་ཡིག་དེ་ཡོ་རོས་བྷ(Yoruba) ཡིན་ནམ། ཡང་ན་རྒྱ་ནག་གི་སྐད་ཡིག་དེ་འཇོག་འདོད་ཡོད། ཡང་ན་ཀོ་རྒིས(Kogi) སྐད་ཡིག་ཡིན་ནམ། གང་ལྟར། ནམ་ཞིག་འཛམ་གླིང་སྐད་ཡིག་གཅིག་ཆགས་པའི་ཉིན་མོ་དེར་གློ་བུར་དུ་ཁྱེད་ཀྱིས་རང་ཉིད་ཀྱི་ཕ་སྐད་གཏན་དུ་བརླགས་ཟིན་པའི་ཚོར་བ་དེ་ག་འདྲ་ཞིག་ཡིན་པ་ཏན་ཏན་མཁྱེན་ངེས་ཡིན།

དེར་བརྟེན། དེ་རིང་ངས་ཁྱེད་ཚོ་ཚང་མ་མིའི་རིགས་རྒྱུད་རིག་གནས་ཀྱི་འདས་པའི་ལོ་རྒྱུས་ཁྲོད་དུ་འགྲུལ་བཞུད་ཐེངས་གཅིག་ལ་འཁྲིད་ན་འདོད། འགྲུལ་བཞུད་འདིའི་ཁྲོད་དུ་ཁྱེད་ཚོས་ང་ཚོའི་རང་ཉིད་ཀྱི་རླབས་ཆེ་བའི་ཅ་དངོས་གང་མང་ཞིག་ཇི་ལྟར་རྕ་མེད་དུ་འགྲོ་བཞིན་པར་ངེས་ཤེས་གཏིང་ཟབ་ཅིག་རྙེད་རྒྱུ་དེ་རེད། དེ་རིང་གི་ང་ཚོའི་ཁྲོད་དུ་མི་ཁ་ཤས་ཀྱིས་འཛམ་གླིང་འདིར་སྤྱི་ཚོགས་འདྲ་མིན་དང་མི་ཚེ་སྐྱེལ་སྟངས་འདྲ་མིན་ཡོད་པའང་དྲན་ཤེས་ལས་ཡལ་བཞིན་ཡོད་སྲིད། སྐབས་འདིར་ངས་གལ་ཆེན་པོས་འཚོ་བ་རོལ་སྟངས་འདྲ་མིན་ཞེས་དམིགས་སུ་བཏོན་ནས་བཤད་བཞིན་ཡོད། དེའི་རྒྱུ་མཚན་གང་ཡིན་ཟེར་ན་ངས་ཁྱེད་ཚོར་དཔེར་མཚོན་ཞིག་གི་ཐོག་ནས་གསལ་བཤད་བྱེད་ཆོག

དེ་རིང་གི་ཨེ་མཱ་ཟོན་(Amazon )ནུབ་བྱང་གི་བྷ་རའ་སའ་ནར་སྐྱེས་པའི་ཕྲུ་གུ་འདིའི་སྐྱེ་ཁུངས་ཨ་ནཱ་ཁོན་སྒྲ་(anaconda)མི་རིགས་ཀྱིས་སྲོལ་རྒྱུན་གྱི་ལྷ་སྒྲུང་གལ་ཆེན་ཞིག་ལ་ཡིད་ཆེས་རྩེ་གཅིག་ཏུ་བྱེད་བཞིན་ཡོད། དེ་ནི་ཁོ་ཚོའི་མི་རིགས་དེའི་ཐོག་མའི་འབྱུང་ཁུངས་ནི་དཀོན་མཆོག་གིས་སྤྲུལ་བའི་སྦྲུལ་གྱི་ལྟེ་བའི་འོ་མའི་གཙང་བོ་ལས་ཁོ་ཚོའི་མི་རྒྱུད་ཐོག་མར་མཆེད་ནས་ཡོང་བར་ཡིད་ཆེས་བྱེད་ཅིང་། གདོད་མའི་མི་རིགས་བྱེ་བྲག་པ་འདི་ནི་ནང་ཚོར་ཤེས་ཀྱི་ངོ་བོར་ཚོན་མདོག་སྔོན་པོ་དང་ལྗང་ཁུ་གཉིས་ཀྱི་དབྱེ་བ་གཏན་ནས་མི་འབྱེད་མཁན་ཞིག་ཡིན། གང་ཡིན་ཟེར་ན། ཁོ་ཚོས་ཡིད་ཆེས་ཁྲོད་དུ་ལྷའི་འཇིག་རྟེན་དུ་སྔོ་ཐང་ཐང་གི་ནམ་མཁའི་ཁ་དོག་དེ་ལྗང་མདོག་གི་ནགས་ཚལ་སྟུག་པོའི་ཁ་དོག་དང་གཅིག་ཡིན་པར་འདོད་བཞིན་ཡོད། དེ་བཞིན་མི་རིགས་དེར་ཆེས་ངོ་མཚར་བའི་སྐད་ཡིག་གི་ཁྱད་ཆོས་དང་གཉེན་སྒྲིག་བྱེད་པའི་ལུགས་སྲོལ་ཡང་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་རེད། དེ་ལ་ཁོ་ཚོས་སྐད་ཡིག་ཕྱི་ལོགས་ཀྱི་གཉེན་སྒྲིག་ཟེར་ཞིང་དེའི་དོན་ནི་ཁོ་ཚོས་ངེས་པར་དུ་རང་ཉིད་ཀྱི་བཟའ་ཟླ་དེ་རང་ཉིད་དང་སྐད་ཡིག་མི་མཐུན་མཁན་ཞིག་ཡིན་དགོས་པར་འདོད་པ་དེ་རེད། ལུགས་སྲོལ་འདི་དག་ཚང་མ་གནའ་བོའི་ལྷ་སྒྲུང་དང་སྦྲེལ་ནས་ཡོད་པ་རེད། དེར་བརྟེན། གནད་དོན་ངོ་མཚར་བ་གཞན་ཞིག་ཡོད་པ་ནི་མི་རིགས་དེའི་ཁྱིམ་ཚང་ཁག་རེ་རེར་ཉུང་མཐར་སྐད་ཡིག་དྲུག་ནས་བདུན་བར་བེད་སྤྱོད་བྱེད་བཞིན་ཡོད་པ་དེ་རེད། འོན་ཀྱང་། ཁྱེད་ཀྱིས་ཁོ་ཚོས་སྐད་ཡིག་གང་ཞིག་ཆེད་དུ་སྦྱོང་བཞིན་པ་དེ་འདྲ་གཏན་ནས་མཐོང་མི་སྲིད། གང་ཡིན་ཟེར་ན་ཁོ་ཚོས་སྐད་ཡིག་གཞན་གང་ཞིག་ལ་ཐོག་མར་ལེགས་པར་ཉན་རྗེས་དེའི་རྗེས་སོ་སོས་ཤར་མར་བཤད་ཐུབ་པ་དེ་རེད།

ཕྱི་ལོ་ ༡༩༥༨ ལོར་ང་རང་ཞིབ་འཇུག་ལས་དོན་ཞིག་གི་ཞོར་དུ་ཐེངས་དང་བོར་ཐུག་འཕྲད་བྱུང་ཞིང་། དུས་ཡུན་གང་མཚམས་རིང་མཉམ་གཤིབ་ཀྱི་བསྐལ་བ་བྱུང་བའི་མི་རིགས་དམིགས་བསལ་བ་གཞན་ཞིག་ནི་ཨེས་ཁོའ་སྒྲོར་(Ecuador )ནུབ་བྱང་གི་རྦ་རཱ་ནས་ཞེས་པའི་མི་རིགས་དེ་རེད། ཕྱི་ལོ་ ༡༩༥༧ ལོར་ཡེ་ཤེས་ཆོས་ལུགས་དར་སྤེལ་གཏོང་མཁན་ཆོས་བ་ཁ་ཤས་ཀྱིས་ཁོ་ཚོ་དང་འབྲེལ་བ་བྱེད་སྐབས་ནོར་འཁྲུལ་ཆེན་པོ་བཟོས་འདུག ཆོས་སྤེལ་མཁན་དེ་དག་གིས་པར་སྒྲོམ་གྲུ་བཞི་ཟུར་ངོས་གཉིས་ཅན་ཞེང་དང་དཀྱུས་ལ་ ༨/༡༠ ཅན་གྱི་ཁོ་ཚོ་རང་ཉིད་ཀྱི་འདྲ་པར་ཡོད་པ་ཞིག་ཐོག་མའི་གྲོགས་པོའི་འབྲེལ་བ་མཚོན་བྱེད་དུ་ཁྱེར་ནས་སོང་འདུག་མོད། འོན་ཀྱང་། ཆོས་བ་དེ་དག་གིས་གདོད་མའི་མི་རིགས་ཏེ་མི་ཚེ་ཤིང་ནགས་ཁྲོད་དུ་སྐྱེལ་མཁན་གྱི་མི་དེ་དག་གིས་སོ་སོའི་མི་ཚེ་གང་བོར་ཟུར་ངོས་གྲུ་བཞི་ངོས་གཉིས་མ་ཞིག་མཐོང་མྱོང་མེད་པ་དེ་ཤེས་རྟོགས་བྱུང་ཐུབ་མི་འདུག དེར་བརྟེན། ནགས་ཁྲོད་ཀྱི་མི་འདི་དག་གིས་ཟུར་ངོས་གྲུ་བཞི་ཅན་གྱི་དངོས་པོ་དེ་ལས་བྱད་དབྱིབས་འདྲ་མིན་མཐོང་ཡང་དེའི་རྒྱབ་ལོགས་སུ་ཅི་ཡང་མེད་པ་ཤེས་རྗེས། མི་རིགས་དེ་དག་གིས་དེ་ནི་གདོན་འདྲེའི་ཆོ་འཕྲུལ་ཡིན་པར་ཁ་གཡར་ནས་དེ་མ་ཐག་ཡེ་ཤེས་ཆོས་པ་བཞི་བོ་མདུང་གིས་བསྣུན་ནས་དམར་གསོད་བཏང་འདུག སྤྱིར་བཏང་རྦ་རཱ་ནས་མི་རིགས་རྣམས་ཀྱིས་ཁོ་ཚོ་རང་ཉིད་ཀྱི་ནང་ཁུལ་དུ་མདུང་བསྣུན་རེས་བྱས་ནས་དམར་གསོད་ཆེན་པོ་གཏོང་བཞིན་ཡོད་པ་ལས་ཕྱི་མི་རྣམས་དོན་མེད་དུ་དམར་གསོད་གཏོང་སྲོལ་མེད་པ་རེད། རྦ་རཱ་ནས་མི་རིགས་ཀྱི་མི་གྲངས་བརྒྱ་ཆ་ ༥༤ ལྷག་ཕན་ཚུན་གྱི་མདུང་རྩེ་ནས་འཆི་ལམ་དུ་འགྲོ་བཞིན་ཡོད་པ་ཤ་སྟག་ཡིན།

མུ་འགོད་།

རྩོམ་པ་བོའི་སྐོར།
བཱ་རྡིས་རྡའ་བས་སུ་ལགས་ནི་དེང་རབས་ནུབ་ཕྱོགས་སུ་ཆེས་ཤུགས་རྐྱེན་ཆེ་བའི་ས་གཤིས་རིག་པ་བ་དང་གདོད་མའི་མི་རིགས་ཀྱི་རིག་གཞུང་ཆེད་མཁས་བ་ཞིག་ཡིན། ཁོང་འཛམ་གླིང་གི་ས་ཕྱོགས་གང་སར་བསྐྱོད་ནས་ཞིབ་འཇུག་བྱས་ཤིང་གསུང་རྩོམ་དཔེ་དེབ་ ༡༥ ལྷག་བཞུགས་ཡོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*