ཉེན་ཁའི་གནས་སུ་ཚུད་པའི་རིག་གཞུང་ཁྲོད་ཀྱི་རྨི་ལམ། (བར་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
བཱ་རྡིས་རྡའ་བས་སུ། (Wade Davis)

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ངས་གཞོན་སྐྱེས་ཁ་ཤས་ལ་ཁོ་ཚོའི་མི་རབས་རྒན་པའི་ཁྲོད་དུ་མདུང་གིས་མ་བསད་པར་རང་བཞིན་གྱིས་ཤི་བ་ག་ཚོད་ཡོད་མེད་དྲིས་སྐབས། ཁོ་ཚོས་བཤད་རྒྱུར་མི་རབས་བརྒྱད་ཀྱི་རིང་དུ་མདུང་མ་བསྣུན་པར་ཤི་མཁན་སྐྱེས་པ་གཉིས་བྱུང་འདུག་ཟེར། ཡང་བཤད་རྒྱུར་མི་རྒན་གཅིག་དེ་ལོ་ཧ་ཅང་རྒས་ནས་ཤི་བའི་དུས་ཚོད་སླེབས་པར་བསྟེན་ང་ཚོས་མདུང་བསྣུན་དེ་བསད་པ་ཡིན་ཟེར། དེ་དང་མཉམ་དུ་མི་རིགས་དེ་དག་ལ་རང་བཞིན་ལྷན་སྐྱེས་ངང་སེམས་ཅན་སྐོར་གྱི་རྒྱུན་ཤེས་དང་ཉམས་མྱོང་མཐའ་ཡས་པ་ཞིག་ཡོད་པའང་ཤེས་རྟོགས་བྱུང་། ཐ་ན་ཁོ་ཚོའི་ཁྲོད་ཀྱི་རྔོན་རྒྱག་མཁན་རྣམས་ཀྱིས་ཀྱང་སེམས་ཅན་སོགས་ཀྱི་གཅིན་བའི་དྲི་མར་བསྟེན་ནས་བསྣུན་ནས་ལམ་སང་སེམས་ཅན་དེ་སུ་ཞིག་ཡིན་མིན་དང་གཅིན་པ་དེ་བཏང་ནས་ག་ཚོད་ཅིག་འགོར་ཟིན་པ་སོགས་ཚང་མ་ཤེས་ཐུབ།

ལོ་རབས་བརྒྱད་ཅུ་བའི་འགོ་སྟོད་དུ་ཧ་བར་སྒྲི་གཙུག་ལག་སློབ་གླིང་གི་སློབ་དཔོན་ཆེན་མོ་ཞིག་གི་ལམ་སྟོན་འོག་བདག་གིས་ཆེས་ངོ་མཚར་བའི་ཞིབ་འཇུག་ལས་གཞི་ཞིག་བྱས་པ་ཡིན། སློབ་དཔོན་ཁོང་གིས་བདག་ཧེ་ཏེས (Haiti) རྒྱལ་ཁབ་ཀྱི་སྒྲོས་བཱ་ལེར་(Duvalier)ཚོགས་པའི་རྨང་གཞིའི་གསང་བའི་ཚོགས་པ་ཁག་གི་སྐོར་ལ་ཤེས་རྟོགས་དང་རྒྱུས་ལོན་བྱེད་པར་མངགས། ཚོགས་པ་དེས་གཙོ་བོ་རང་བྱུང་ཁམས་ཀྱི་སྐྱེ་དངོས་རྫས་འགྱུར་ཀྱི་ནུས་པ་བེད་སྤྱོད་བྱས་ནས་དབང་ཤེས་སྒོམ་སྒྲུབ་ཀྱི་དམིགས་པ་ཇེ་བརྟན་དང་དར་སྤེལ་དུ་གཏོང་བཞིན་ཡོད། གལ་སྲིད། ངས་ཞིབ་འཇུག་ལས་གཞི་དེ་ལེགས་འགྲུབ་བྱེད་དགོས་ན་ཐོག་མར་ངེས་པར་དང་ཧེས་ཐེ་ས་ཁུལ་གྱི་མི་རིགས་རྣམས་ཀྱིས་དད་པ་དང་ཡིད་ཆེས་བྱེད་ཡུལ་བོ ་སྒྲོན(Vodoun)ཞེས་པ་དེར་རྒྱུས་ལོན་ཅུང་ཞིག་མ་མཐའ་ཡང་ཡོད་དགོས་པ་རེད། མི་གང་མང་གིས་བསམ་པ་བཞིན་བོས་སྒྲོན་ཟེར་བ་དེ་ནི་སྒྱུ་མ་མཁན་ནག་པོའི་རིགས་དང་འབྲེལ་བའི་ཆོ་ག་བྱེ་བྲག་པ་ཞིག་མིན་པར། དེ་ལས་ལྡོག་ཏེ་ཆོས་ལུགས་ཀྱི་ཆོ་ག་དེ་ནི་རྙོག་འཛིངས་ཆེ་བའི་ཐུན་མོང་མངོན་སུམ་གྱི་ཡུལ་ལས་འདས་པའི་འཇིག་རྟེན་ལྟ་ཚུལ་ཁྱད་མཚར་བ་ཞིག་རེད། ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་འཛམ་གླིང་འདིར་སྤྱི་ཚོགས་སོ་སོ་རང་ཉིད་ཀྱི་དགོས་མཁོ་དང་འབྲེལ་བའི་ཆོས་ལུགས་འདྲ་མིན་ཧ་ཅང་མང་བོ་ཡོད་པ་དེ་རེད།

གལ་སྲིད། ངས་ཁྱེད་ཚོར་འཇིག་རྟེན་འདིའི་ནང་གི་རླབས་ཆེ་བའི་ཆོས་ལུགས་གང་རེད་ཅེས་དྲིས་ཚེ་ཁྱོད་ཚོས་ལན་ཅི་ཞིག་འདེབས་ངེས་ཡིན། ཡེ་ཤེའི་ཆོས་ལུགས་ཡིན་ནམ། ཁ་ཆེའི་ཆོས་ལུགས་ཡིན། ཡང་ན་ནང་བསྟན་ཆོས་ལུགས་སམ། ཇེན་གྱི་ཆོས་ལུགས། ཡང་ན་དེ་དག་ལས་གཞན་པའི་ཆོས་ལུགས་གང་ཞིག་ཡིན་སྲིད། འོན་ཀྱང་། དོན་ངོ་མར་ཆོས་ལུགས་ཚང་མ་སྤྱི་ཚོགས་སོ་སོའི་དགོས་མཁོ་སྐོང་མཁན་འབའ་ཞིག་ཡིན་པ་དེ་རེད། འཛམ་གླིང་ཆོས་ལུགས་ཁྱབ་ཁོངས་ལ་བལྟས་རྗེས་མི་མང་བོ་ཞིག་གིས་ཨ་ཧྥི་རི་ཁ་གླིང་ཆེན་ནི་ཆོས་ལུགས་བྱེ་བྲག་པ་གཅིག་ཀྱང་མེད་པའི་གླིང་ཆེན་ཞིག་ཡིན་པར་འདོད་བཞིན་ཡོད། འོན་ཀྱང། དོན་དངོས་ཐོག་ཨ་ཧྥི་རི་ཁ་གླིང་ཆེན་དེ་དད་མོས་དང་ཆོས་ལུགས་མེད་པའི་གླིང་ཆེན་ཞིག་མ་ཡིན་པར་ཁོ་ཚོར་བོས་སྒྲོས(Voodoo)རྨང་གཞིར་བྱས་པའི་དད་མོས་དང་ཆོས་ལུགས་ཀྱི་ཆོ་ག་ཆ་ཚང་ཡོད་པ་རེད།

བོས་སྒྲོས་ཆོས་ལུགས་ནི་ཨ་ཧྥི་རི་ཁ་བ་རྣམས་བྲན་གཡོག་ལམ་ལུགས་ཀྱི་དབང་བསྒྱུར་འོག་སྡུག་བསྔལ་མྱོང་བཞིན་པའི་དཀའ་སྡུག་གི་དུས་ཚོད་དེའི་འོག་ཏུ་དར་སྤེལ་བྱུང་བ་ཞིག་རེད། བོས་སྒྲོས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡ་མཚར་བ་ཞིག་ཡོད་པ་ནི་ཆོས་ལུགས་དེས་ཤི་གསོན་བར་གྱི་འབྲེལ་མཐུན་ལྟ་བུ་བྱེད་ཐུབ་པ་དེ་རེད། ལུགས་སྲོལ་དེ་ལྷ་ཕབ་པ་ལྟ་བུར་བྱེད་ཅིང་ཁོ་ཚོས་བཤད་ན་དཀོན་མཆོག་གི་རླབས་ཆེ་བའི་མཁྱེན་པ་དེ་རྒྱ་མཚོ་དང་གཙང་བོའི་གཏིང་ནས་ཕེབས་བཞིན་པར་འདོད་བཞིན་ཡོད་ལ། དེ་ནི་སྐད་ཅིག་རིང་སྐྱེ་བོ་གང་ཞིག་གི་ཁོག་ཏུ་ལྷ་བབས་ནས་མི་དེ་འཕྲལ་མ་ཉིད་དུ་ལྷ་ཡི་ངོ་བོར་བསྒྱུར་འགྲོ་བཞིན་ཡོད། དེར་བརྟེན། གང་ཟག་ཕལ་བའི་ཁོགས་སུ་ལྷ་ཞུགས་པའི་དུས་ཚོད་དེར་ཁོ་ཚོས་མ་འོངས་ལམ་སྟོན་དང་བསླབ་བྱ་སོགས་རང་རང་གི་དགོས་མཁོ་བཞིན་བཀའ་འདྲི་གང་འདོད་དུ་ཞུ་བཞིན་ཡོད་པ་རེད། བོས་སྒྲོས་ཀྱི་རྗེས་འཇུག་པ་རྣམས་ཀྱིས་ནམ་རྒྱུན་བཤད་རྒྱུར་ཁྱེད་ཚོ་མི་རིགས་དཀར་བོ་དེ་ཚོ་ཆོས་ཁང་དུ་སོང་ནས་ལྷ་དང་མཉམ་དུ་སྐད་ཆ་བཤད་བཞིན་ཡོད་པ་རེད། ང་ཚོ་བོས་སྒྲོས་བ་དག་གིས་ལྷ་ཁང་དུ་གཞས་འཁྲབ་ནས་རང་ཉིད་དངོས་སུ་ལྷ་ཆགས་འགྲོ་བཞིན་ཡོད་ཅེས་བཤད་བཞིན་ཡོད་པ་རེད། ལྷས་བཟུང་ཞིང་ཁོག་ཏུ་ལྷ་དངོས་སུ་ཞུགས་ནས་ཡོད་པའི་མི་རིགས་དེར་གནོད་འཚེ་བྱེད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་མ་རེད་དམ་རེད། གལ་སྲིད། ཁྱེད་ཚོས་སྤྱི་ཚོགས་བྱེ་བྲག་པ་འདིའི་ངོ་མཚར་བའི་ལྷ་འབོད་ཀླུ་འགུགས་ཀྱི་ཆོ་ག་དང་ལྷ་ཁོག་འབེབ་ཞུགས་ཀྱི་ལུགས་སྲོལ་འདིར་གོ་བ་ཅུང་ཙམ་རྙེད་རྗེས། ཁྱེད་ཀྱིས་ངོ་མཚར་བའི་ཕྱག་རྒྱ་དེ་དག་ལ་སྐྱེ་བོ་ཕལ་བའི་ཕྱིའི་གཟུགས་ཕུང་གི་ནུས་སྟོབས་ལས་འདས་པའི་རང་བྱུང་སྟོབས་ཤིག་འགྲན་ཟླ་བྲལ་བ་ཞིག་ཡོད་པ་དངོས་སུ་ཡིད་ཆེས་རྙེད་ངེས་ཡིན།

གཞན་ཡང་། ངས་སྔོན་ཆད་མཐོང་མྱོང་བའི་མི་རིགས་དེ་དག་ལས་ཆེས་དམིགས་བསལ་ཁྱད་ཆོས་འབུར་དུ་ཐོན་པའི་མི་རིགས་ཤིག་ནི་ཀོ་ལུམ་བྷིས་ཡ་(Columbia)བྱང་མའི་ཀོ་རྒའི(Kogi)མི་རིགས་དེ་དག་རེད། གནའ་བོའི་དྲེ་རོ་ནཱ་སྤྱི་ཚོགས་དར་སྤེལ་(Tairona civilization )ཁྲོད་ནས་མཆེད་པའི་ཀོ་རྒའི་མི་རིགས་འདི་དག་གིས་གནའ་སྔ་མོར་ཀོ་ལུམ་བྷིས་ཡ་མཚོ་འགྲམ་དུ་ལོ་ངོ་གང་མང་བསྐྱལ་མྱོང་ཞིང་། ཕྱིས་སུ་གཞན་གྱིས་བཙན་འཛུལ་ས་ཕྱོགས་དེར་སླེབས་སྐབས་ཁོ་ཚོ་སྟབས་ཡག་ནས་རང་བྱུང་མེ་རི་འཕྱུར་ཤུལ་གྱི་རྒྱ་མཚོའི་ནང་གི་མཚོ་གླིང་ཆུང་ངུ་ཤིག་ཏུ་བྲོས་བྱོལ་ཏུ་ཕྱིན་ནས་དེ་རུ་ལྷག་འདུག་ལ། དེ་ནས་བཟུང་མི་རིགས་དེ་ཕྱི་རྒྱལ་བ་སུ་ཞིག་གིས་ཀྱང་བཙན་གནོན་དང་དབང་བསྒྱུར་འོག་སླེབས་མྱོང་མི་འདུག ས་ཕྱོགས་གང་སར་དམག་འཐབ་ཀྱི་ཁྲག་དམར་དགུང་དུ་འཕྱུར་བཞིན་པའི་སྐབས་སུ་ཡང་གླིང་ཕྲན་ཆུང་ངུ་འདི་ཞི་བདེ་ལྷིང་འཇགས་ངང་ཁོ་ཚོ་རང་ཉིད་ཀྱིས་བདམས་པའི་ཆོས་དཔོན་གྱི་འཛིན་སྐྱོང་འོག་གནས་འདུག ཁྱེད་ཚོས་མཁྱེན་ཡོད་དམ། མི་རིགས་དེས་གཞོན་སྐྱེས་ཚོ་མ་འོངས་པར་ཆོས་དཔོན་ཆགས་པར་ལུས་སེམས་གཉིས་ཀྱི་སྦྱོང་བརྡར་སྤྲོད་སྟངས་ནི་ཧ་ཅང་དམིགས་བསལ་བ་ཞིག་རེད། ཆོས་དཔོན་གྱིས་རང་ཉིད་ཀྱི་མ་འོངས་རྒྱུད་འཛིན་མཁན་གྱི་ཕྱི་རབས་བྱིས་པ་དེ་ལོ་གཉིས་ལ་སོན་མ་ཐག་ཏུ་ནང་མི་དང་ཁ་བྲལ་ནས་སྒྲུབ་ཁང་དུ་ཁྲིད་འགྲོ་ལ། དེ་ནས་བཟུང་མི་ལོ་ཧྲིལ་བོ་ ༡༨ ལྷག་ལ་ཕྲུ་གུ་དེར་རྫས་སྔགས་ཕྱག་རྒྱ་སོགས་ཀྱི་སྦྱོང་བརྡར་བླ་ན་མེད་པ་སྤྲོད་བཞིན་ཡོད་པ་རེད། ཁོ་ཚོས་དམིགས་སུ་བཀར་ནས་ལོ་ངོ་ ༡༨ དེ་དགུ་ཚན་གཉིས་སུ་བཀར་ནས་ཁྱོན་ལོ་ངོ་ཧྲིལ་བོ་ ༡༨ གྱི་དུས་ཡུན་ནང་དུ། ཐ་ན་ཉི་འོད་ཀྱི་ཟེར་མ་ཙམ་ཡང་གཏན་ནས་མཐོང་རྒྱུ་མེད་པའི་ས་འོག་སྒྲུབ་ཁང་ནང་དུ་བཅུག་ནས་ཉིན་མཚན་དབྱེར་མེད་དུ་ཆོས་ལུགས་ཀྱི་སྦྱོང་བརྡར་སྤྲོད་དགོས་པ་དེ་རེད། ཆོས་ལུགས་ཀྱི་སྦྱོང་བརྡར་དང་མཉམ་དུ་ཁོ་ཚོས་དུས་ཚོད་ཧྲིལ་བོར་སྤྱི་ཚོགས་ཀྱི་ཡ་རབས་བཟང་སྤྱོད་དང་ཡུལ་གོམས་གཤིས་ལུགས་སོགས་ལའང་ཞིབ་ཚགས་པོའི་ངང་སྦྱོང་བ་ནན་མོ་བྱེད་དུ་འཇུག་བཞིན་ཡོད་པ་རེད། ས་འོག་སྒྲུབ་ཁང་དུ་བཅུག་པའི་གནད་དོན་གཞན་ཞིག་ནི་ཁོ་ཚོས་ཆོས་དཔོན་དེ་དག་མ་ཡུམ་ས་གཞི་ཆེན་པོ་འདིའི་མངལ་ལས་སྐྱེས་པ་ཡིན་པར་སྒྲོག་བཞིན་ཡོད་པའི་གནད་དོན་གཅིག་རེད།

ལོ་ངོ་ཧྲིལ་བོ་བཅོ་བརྒྱད་རིང་དུ་སྤྱི་ཚོགས་དང་རང་བྱུང་ཁམས་ཆེན་པོ་གཉིས་ཕན་ཚུན་མཉམ་གནས་དང་འབྱུང་བྱེད་ཀྱི་མན་ངག་སོགས་སྦྱོར་དངོས་རྗེས་གསུམ་གྱི་ཆོ་ག་དག་ལེགས་པར་གྲུབ་རྗེས། ཉིན་ཞིག་གློ་བུར་དུ་ཆོས་དཔོན་གྱིས་བྱིས་པ་དེ་དག་ས་འོག་སྒྲུབ་ཁང་གི་ཕྱི་རོལ་དུ་འཁྲིད་བཞིན་ཡོད་ལ་སྐབས་དེར་སློབ་མ་དེས་མི་ཚེའི་ནང་གི་ཉི་འོད་ཐོག་མར་མཐོང་བ་རེད། ཆུ་ཤེལ་ལྟ་བུའི་རང་བྱུང་ཁམས་ཆེན་མོ་འདིའི་མཛེས་སྡུག་ལ་ཆེས་ཐོག་མར་ལོངས་སུ་སྤྱོད་བཞིན་པའི་སྐབས་སུ་ཆོས་དཔོན་རྒན་པ་ཚོས་ཁོ་ཚོར་འདི་སྐད་དུ། ཁྱེད་ཚོས་ལྟོས་དང་ལོ་ངོ་བཅོ་བརྒྱད་རིང་ངས་ཁྱེད་ཅག་ལ་ལྐོག་གྱུར་ལྟ་བུའི་གནས་ལུགས་མང་བོ་ཞིག་འགྲེལ་བཤད་གང་མང་ཞིག་བྱས་པ་དེ་མཐའ་མཇུག་ཁྱེད་ཚོས་དངོས་སུ་མཐོང་ཟིན་པ་རེད། དེར་བརྟེན། མཛེས་སྡུག་གི་ཡུལ་གྲུ་འདི་སྲུང་སྐྱོབ་བྱེད་རྒྱུ་དེ་ནི་ཁྱེད་ཀྱི་བླ་ན་མེད་པའི་འོས་འགན་ཉག་ཅིག་རེད་ཅེས་གསུངས་ངེས་ལ། དེ་མ་ཐག་མི་རབས་གསར་བ་དེ་དག་གིས་ལོ་ངོ་གང་མང་ལ་བསླབ་པའི་ཤེས་བྱ་དག་རང་ཉིད་ཀྱིས་མིག་གིས་དངོས་སུ་མཐོང་སྐབས་ཡིད་སེམས་དབང་མེད་དུ་འཕྲོག་ནས་སེམས་ཁོངས་སུ་དམ་བཅའ་བརྟན་པོ་བྱེད་པར་འགྱུར། ཁྱེད་ཚོ་སྤུན་ཟླ་ཆུང་བ་ཚོས་ལས་འགན་ནི་འཛམ་གླིང་འདི་སྲུང་སྐྱོབ་དང་གཏོར་བཤིག་མི་གཏོང་རྒྱུ་དེ་རེད་ཅེས་ལམ་སྟོན་ནན་མོ་བྱེད་བཞིན་ཡོད་པ་རེད།

དེ་རིང་འཛམ་གླིང་སྤྱི་ཚོགས་འདིར་མཚོན་ན། དེ་འདྲ་བའི་མ་འོངས་མངོན་གཟིགས་ལྟ་བུའི་བསླབ་སྟོན་དང་དམ་བཅའ་དེ་དག་ནི་ཅི་འདྲའི་གལ་ཆེ་བ་ཞིག་རེད་ཨང་། ནམ་རྒྱུན་ང་ཚོས་གདོད་མའི་མི་རིགས་ཞེས་པའི་ཐ་སྙད་འདི་ཐོས་མ་ཐག་ཏུ་ལམ་སང་སེམས་སུ་དམུ་རྒོད་དམ་ཤེས་རིག་མ་དར་བའི་རོས་སོས (Rousseau)དང་ཁ་ནར་སྒྲི(canard )རྒན་པ་དེ་དག་ཙམ་ཞིག་ཡིད་ལ་ཤར་ཡོང་ངེས་ཡིན་ལ། དེ་དང་མཉམ་དུ་མི་རིགས་དབྱེ་འབྱེད་ཀྱི་གཞི་རྩའི་བསམ་བློ་ཡང་ལྟ་བ་འདིའི་རྨང་གཞིའི་ཐོག་ཏུ་བྱུང་བ་རེད། གནའ་བོའི་ཤེས་རིག་ཞིབ་འཇུག་པ་ཆེན་མོ་སྐུ་ཞབས་ཐོ་རཱ་ལགས་ཀྱིས་ང་ཚོ་ལས་གདོད་མའི་མི་རིགས་དེ་དག་མ་ཡུམ་ས་གཞི་ཆེན་པོ་འདིར་ཐག་ཉེ་བ་ཡོད་ཅེས་བཤད་པའང་གནད་དོན་དེ་དག་ལ་བརྟེན་ནས་གསུངས་བ་ཉག་ཅིག་རེད། གདོད་མའི་མི་རིགས་སུ་འབོད་པ་ཡོད་ཚད་རྨོང་དད་མཁན་ཁྱུ་གཅིག་དང་ངེས་གཏད་མེད་པའི་འཁྱམས་པོ་སྐོར་ཞིག་ག་ལ་ཡིན། དོན་དངོས་ཐོག་གདོད་མའི་མི་རིགས་འདུས་སྡོད་ཀྱི་ས་ཁུལ་དེ་དག་ཏུ་འབྲུམ་ནད་དང་འགོས་ནད་སོགས་དེང་རབས་ཀྱི་ན་ཚ་མང་བོ་ཞིག་གི་མིང་ཙམ་ཡང་མེད་པ་རེད། གང་ཡིན་ཟེར་ན་ཁོ་ཚོས་རང་བྱུང་མ་ཡུམ་ས་གཞི་ཆེན་མོ་འདིར་གཅེས་སྲུང་དང་རང་བྱུང་ཁམས་འདི་རླབས་ཆེན་དུ་བརྩིས་ནས་དེ་ལ་བརྩི་བཀུར་དང་ཐ་ན་ཁ་ཤས་ཀྱིས་ཕྱག་མཆོད་ཀྱང་བྱེད་བཞིན་ཡོད་པ་རེད། ཁྱེད་ཀྱིས་ཚོར་མྱོང་ངམ། ལྷོ་གླིང་གི་ཨ་མེ་གྲི་མཚོ་རླབས་དང་བོད་མཐོ་སྒང་གི་གྲང་བསིལ་བསིལ་གྱི་ལྷག་རླུང་སོགས་རེ་རེས་ཀྱང་ཁྱེད་ལ་སུས་ཀྱང་བཤད་མི་ཐུབ་པའི་གནས་ལུགས་མང་བོ་ཞིག་འགྲེལ་བརྗོད་བྱེད་བཞིན་ཡོད་པ་མ་ཡིན་ནམ། མི་རིགས་དེ་དག་གིས་རང་བྱུང་ཁམས་དང་མ་ཡུམ་ས་གཞི་ཆེན་མོ་འདིར་འཛིན་པའི་ལྟ་ཚུལ་ནི་སྣང་ཚུལ་ངོས་ཀྱི་རྨོངས་དད་ཙམ་དང་ཆོས་ལུགས་ཀྱི་བག་ཆགས་ལས་བྱུང་བའི་ཕྱི་གོས་ཙམ་མ་ཡིན་པར། ཁོ་ཚོས་མ་འོངས་མངོན་གཟིགས་ལྟ་བུའི་རང་བྱུང་ཁམས་ཆེན་པོ་འདིར་འཛིན་པའི་བསམ་ཚུལ་ནི་ཆེས་བཀུར་འོས་པ་དང་ཆེས་བླ་ན་མེད་པ་ཞིག་ཡིན་པ་རེད། ཁོ་ཚོས་རང་བྱུང་ས་གཞི་ཆེན་མོ་འདི་ནི་རང་བྱུང་ཚེ་སྲོག་ཅན་ཞིག་དང་འདྲ་བར་ནམ་ཡང་སྐྱེ་འཕེལ་བྱེད་བཞིན་ཡོད་པའི་ལྟ་ཚུལ་འཛིན་བཞིན་ཡོད་པ་རེད།

ཁྱེད་ཀྱིས་རང་བྱུང་ཁམས་ཆེན་མོ་འདི་ཚེ་སྲོག་ཅན་དུ་ལྟ་ཚུལ་གྱི་གསང་བའི་གནས་ལུགས་དེ་ཤེས་སམ། གནད་དོན་དེ་དཔེར་མཚོན་ཞིག་གི་ཐོག་ནས་བཤད་ན། ཨན་སྒྲིས་སུ་(Andes )རི་འདབས་སུ་འཚར་ལོངས་བྱུང་བའི་བྱིས་པ་ཨ་ལེན་ལ་མཚོན་ན་ཁོས་ཨ་ཕོས་རི་བོ་ནི་ཁོ་རང་ཉིད་ཀྱི་འདས་མ་འོངས་ཚང་མའི་བྱ་བཞག་ཡོད་ཚད་ལ་སྲུང་སྐྱོབས་དང་ལམ་སྟོན་བླ་མེད་བྱེད་མཁན་གཅིག་བུ་དེ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད། དེའི་ཕྱིར་ཁོ་ལ་མཚོན་ན་ཨ་ཕོས་རི་བོ་ནི་རང་ཉིད་ཀྱི་འབྲལ་ཐབས་མེད་པའི་ཡབ་ཆེན་དང་གཉིས་སུ་མེད། བྱིས་པ་ཨ་ལེན་དང་ཨ་ཕོས་རི་བོ་གཉིས་ཀྱི་འབྲེལ་བ་ནི་སྤྱིར་བཏང་མི་དང་མིའི་རིགས་ཀྱི་འབྲེལ་བའི་ཕ་རོལ་དུ་བརྒལ་ཡོད་པ་རེད། བྱིས་པ་ཨ་ལེན་དང་དེ་བཞིན་མོན་གྲ་ནཱ་ནགས་ཚལ་དུ་འཚར་ལོངས་བྱུང་བའི་ན་གཞོན་བྱིས་པ་ཁོ་གཉིས་བོར་སོ་སོར་ཐུན་མིན་གྱི་ཁྱད་ཆོས་ཡོད་པ་རེད། འོན་ཀྱང་། ངོ་མཚར་བ་ཞིག་གི་ཁོ་གཉིས་ཀྱིས་རང་བྱུང་ཁམས་ཆེན་མོ་འདིར་སེམས་ལྡན་ལྟར་དུ་བརྩིས་ནས་བརྩི་བཀུར་ཕུ་དུད་བླ་ན་མེད་པ་ཞུ་བཞིན་ཡོད་པ་དེ་རེད། དེ་བཞིན་ཁོ་ཚོས་རི་དང་གཙང་བོ་སོགས་རང་བྱུང་ཁམས་ཀྱི་ཡོད་ཚད་རང་རང་གི་ཐུན་མོང་མ་ཡིན་པའི་ཚེ་སྲོག་ཡོད་པར་ཡིད་ཆེས་དང་ངོས་འཛིན་ཞུ་བཞིན་པ་དེ་རེད།

ད་དུང་ཁོ་ཚོས་རང་བྱུང་ཁམས་ཆེན་མོ་འདི་དང་སྐྱེས་བུ་སྒེར་རེ་རེའི་བར་དུ་ཆེས་རླབས་ཆེ་ཞིང་བརྗོད་མི་ཚར་བའི་འབྲེལ་བ་མཐའ་ཡས་པ་ཞིག་ཡོད་པར་འདོད་པ་དེ་རེད། ང་རང་ཨིན་ལན་གྱི་ཀོ་ལུམ་བྷི་ཡའི་ནགས་ཚལ་དུ་འཚར་ལོངས་བྱུང་ཞིང་ང་དང་ངའི་མཐའ་འཁོར་གྱི་མི་རྣམས་ཀྱིས་ཤིང་ནགས་ནི་རང་བྱུང་ཐོན་དངོས་ཡིན་པས་གཅོད་འབྲེག་དང་བེད་སྤྱོད་གཏོང་དགོས་པར་འདོད་བཞིན་ཡོད་མོད། རྗེས་སུ་ངའི་གྲོགས་པོ་ཀུ་བེ་རྒེལ་ཐུ་བ་(Kwagiulth)རྣམས་ཀྱིས་རང་བྱུང་ཁོར་ཡུག་གི་སེམས་ཅན་གཞན་དང་འདྲ་བར་ཚེ་སྲོག་ཅན་དུ་བལྟས་ནས་དེ་ལ་བརྩི་བཀུར་དང་གཅོད་འབྲེག་གཏན་ནས་མི་རུང་བར་འདོད་པའི་བསམ་ཚུལ་དེ་ཐོག་མར་ཐོས་སྐབས་ངས་རང་ཉིད་ལ་ཅི་ཞིག་གི་མཚན་ཉིད་ཚང་མེད་པའི་སེམས་ཚོར་དང་གནོང་འགྱོད་དྲག་པོ་སྐྱེས་མྱོང་། ཀུ་བེ་རྒེལ་ཐུ་བ་རྣམས་ཀྱིས་ཤིང་ནགས་འདུས་པའི་རང་བྱུང་ཁམས་ཆེན་མོ་འདི་ལྷ་རུ་བརྩི་ཞིང་བཀུར་བའི་ངང་ཚུལ་དེ་ལས་མི་རིགས་དེ་དག་གིས་རང་བྱུང་ཁོར་ཡུག་སྲུང་སྐྱོབས་ལ་བཟུང་བའི་རླབས་ཆེན་གྱི་ལག་ལེན་དེ་དངོས་སུ་མཐོང་བར་བྱས།

གལ་སྲིད། ཁྱེད་ཀྱིས་རིག་གཞུང་འདྲ་མིན་འདི་དག་གིས་སྤྱི་ཚོགས་ཀྱི་མི་འདྲ་བའི་ཆ་ཤས་མང་བོ་ཞིག་ཤུགས་ཆེ་རུ་གཏོང་བཞིན་འདུག་བསམ་བཞིན་ཡོད་ཚེ། དེ་དང་མཉམ་དུ་ཁྱེད་ཀྱིས་རླབས་ཆེ་བའི་གནད་དོན་གཞན་ཞིག་ལའང་ཤེས་རྟོགས་འབྱུང་ངེས་ཡིན། དཔེར་ན། དེ་རིང་འདིར་མཐོང་བའི་རྩི་ཤིང་རྐང་གཅིག་པོ་འདིར་མཚོན་ནས་ཞུས་ན། འདི་ནི་རྩི་ཤིང་དེའི་དཔེར་མཚོན་འདྲ་པར་ཡིན་ལ་ངས་ལོ་སྔོན་མའི་ཟླ་བཞི་བར་ཨེ་མཱ་ཟོན་(Amazon)ནུབ་བྱང་ས་ཁུལ་ནས་བླངས་པ་ཞིག་ཡིན། རྩི་ཤིང་འདིའི་མིང་ལ་ཨེ་ཡ་ཧོས་སུ་ཁཱ (ayahuasca )ཐག་སྐྱེས་རྩི་ཤིང་ཟེར་ཞིང་འདི་ནི་ཞཱ་མན་(Shamans) ཆོས་ལུགས་པ་ཚོར་མཚོན་ན་སྒོམ་སྒྲུབ་ཉམས་ལེན་ཁྲོད་དུ་ནུས་ཤུགས་བླ་མེད་ཡོད་པའི་རྩི་ཤིང་རིགས་ཅིག་ཡིན། ཐག་སྐྱེས་རྩི་ཤིང་འདིས་ཞཱ་མན་ཆོས་ལུགས་ཀྱི་བསམ་གཏན་པ་ཚོའི་སེམས་ཀྱི་ནུས་སྟོབས་སྤེལ་བར་ནུས་ཤུགས་བླ་ལྷག་འདོན་བཞིན་ཡོད་པ་རེད། ཁྱེད་ཀྱིས་རྩི་ཤིང་འདི་ཅིའི་ཕྱིར་འདི་འདྲའི་བླ་ན་མེད་པའི་ཁྱད་ཆོས་ཅན་ཞིག་ཏུ་བརྩི་དགོས་པའི་རྒྱུ་མཚན་ཤེས་སམ། ཐག་སྐྱེས་རྩི་ཤིང་འདི་དམིགས་བསལ་ཞིག་ཏུ་གྱུར་བའི་རྒྱུ་རྐྱེན་དངོས་ནི་སྐྱེ་དངོས་ཤིག་གི་ཆ་ནས་ཡོད་པའི་རང་བྱུང་ནུས་པའི་ཁྱད་ཆོས་ཙམ་མ་ཡིན་པར་དེ་ལས་ཁྱད་དུ་འཕགས་པའི་རྒྱུ་མཚན་འགའ་ཤས་ཡོད་པ་རེད། ཕྱོགས་གཅིག་ནས་རྩི་ཤིང་དེ་སྐྱེ་སྟོབས་ཀྱི་གོ་རིམ་དེས་བསམ་གཏན་ཉམས་ལེན་པ་ཚོས་གནས་ལུགས་གང་མང་ཞིག་སྟོན་བཞིན་ཡོད། དཔེར་ན། རྩི་ཤིང་དེའི་ཚིག་མལ་རེ་རེ་བཞིན་བྷིས་གྲ་དང་ཁར་བྷོ་ལེན། ཧར་མེན། ཧར་མེན་ལཱ། མེལ་སྒྲི་སོགས་ལོ་འདབས་ཀྱི་ཚིགས་མལ་འདྲ་མིན་ཡོད་པ་རེད། དེ་བཞིན་རྫས་འགྱུར་གྱི་ཐོག་ནས་ཐག་སྐྱེས་མེ་ཏོག་གི་འདབ་ལོ་རྗེན་པར་ཟོས་ན་ཁྱེད་ལ་གློ་བུར་དུ་དུད་འཚུབ་དྲག་པོའི་ནང་དུ་ལྷག་པ་ལྟ་བུའི་ཚོར་སྣང་སྟེར་ངེས་ཡིན་ལ། དེ་ལས་ཁྱེད་ཀྱིས་ཐག་སྐྱེས་རྩི་ཤིང་གི་ལོ་འདབ་དེ་ཀོ་ཧྤིའི་རིགས་སུ་གཏོགས་པའི་སེམས་ཁམས་སྦྱོང་སྨན་གྱི་རྩི་ཤིང་བས་རས་སྒྲིས་སུ་(viridis)དང་མཉམ་དུ་བཏུལ་ནས་བྱེད་སྤྱོད་བཏང་ཚེ། གཞི་ནས་རྫས་འགྱུར་རིག་པའི་ཁྱབ་ཁོངས་སུ་སྐད་གྲགས་ཆེ་བའི་ཞཱ་མན་ཆོས་ལུགས་ཀྱི་སྒོམ་སྒྲུབ་པ་ཚོས་ཉམས་རྟོགས་སྤེལ་བྱེད་ཀྱི་བསམ་གཏན་རྫས་དེ་ཆགས་བཞིན་ཡོད།

རང་བྱུང་བསམ་གཏན་རྫས་དེའི་ཐད་གར་ང་ཚོས་གླད་རྩའི་འགྱུར་འགྲོས་ཡོད་ཚད་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། གལ་སྲིད་ཁྱེད་ཀྱིས་ཡཱ་ནོ་མའ་ནིས(Yanomami)རྣམས་ཀྱི་སྣ་སྒོར་རྩི་ཤིང་དེའི་ལོ་འདབ་ཁ་ཤས་བསྣམ་ནས་འགྲོ་བཞིན་པ་མཐོང་ཡོད་སྲིད་མོད་དེ་ནི་ཁོ་ཚོས་རྫས་དེ་རྩི་ཤིང་འདྲ་མིན་སྣ་ཚོགས་མཉམ་སྦྱར་བྱས་པ་ཙམ་ལས་དམིགས་བསལ་གྱི་སྡེབ་སྦྱོར་བྱས་མེད། གལ་སྲིད་ཐག་སྐྱེས་རྩི་ཤིང་གིས་བཟོས་པའི་བསམ་གཏན་རྫས་དེ་ཐེངས་དང་བོར་ཁྱེད་ཀྱིས་སྣ་ཁུང་དུ་རྔམ་འཐེན་ཐེངས་ཤིག་བྱས་ཚེ། ཚོར་བ་དེ་ནི་ཁྱེད་ཀྱི་ཀླད་པར་མེ་མདའ་ཆེན་པོ་ཞིག་གིས་བསྟུད་མར་ཐེངས་འགའ་གཞུས་རྗེས་གློག་རླབས་འཕྱུར་བཞིན་པའི་མཚེའུ་ཞིག་ཏུ་ལྷུང་བ་དང་གཉིས་སུ་མེད་པའི་ཚོར་སྣང་སྤྲོད་ངེས་ཡིན། རྫས་འགྱུར་དེའི་ནུས་པས་བསམ་གཏན་པ་ཚོས་དམིགས་བྱ་གང་ཞིག་སེམས་སྙོམས་པར་བཞག་ནས་སྒོམ་སྒྲུབ་གནད་སྨིན་བྱེད་པར་དམིགས་བསལ་གྱི་ཕན་རླབས་ཆེན་པོ་འདོན་ཐུབ།

དོན་ངོ་མར། ངས་རང་ཉིད་ཀྱི་སློབ་དཔོན་ཆེན་མོ་སྐུ་ཞབས་རེས་ཆར་སྒྲི་ཨེ་བན་ཤོལ་གྲས་(Richard Evan Shulte)དང་མཉམ་དུ་གནད་དོན་དེའི་ཐོག་བགྲོ་གླེང་གང་མང་བྱས་མྱོང་། བདག་གི་དགེ་རྒན་ཆེན་མོ་ཁོང་ནི་སེམས་ཁམས་རིག་པའི་ཁྱབ་ཁོངས་སུ་གཟི་འོད་འཚེར་བཞིན་པའི་སློབ་དཔོན་སྐད་གྲགས་ཅན་ཞིག་ཡིན་ལ་ཁོང་གིས་ཕྱི་ལོ་༡༩༣༠ ཙམ་གྱི་ནང་དུ་མེག་སེའི་ཁོ་(Mexico) རུ་སྒྱུ་འཕྲུལ་ཅན་གྱི་ཤ་མོང་རིགས་ཤིག་གསར་རྙེད་བྱས་ནས་སྐད་གྲགས་བཞག་ཡོད། ངས་ཁོང་ལ་ཁྱེད་ཀྱིས་ཐག་སྐྱེས་རྩི་ཤིང་གི་ནུས་པ་འདི་འཕྲུལ་སྣང་ཙམ་གྱི་ཁོངས་སུ་དགར་ན་གཏན་ནས་འགྲིག་མི་འདུག་ཅེས་ཞུས་པ་ཡིན། གང་ཡིན་ཟེར་ན་ཁང་བ་འདིའི་ནང་དུ་ཁྱེད་མ་གཏོགས་ཕལ་ཆེར་རྫས་འགྱུར་དེ་དངོས་སུ་བེད་སྤྱོད་བཏང་ནས་རོལ་མྱོང་བྱེད་མཁན་ཞིག་ད་བར་ཡོད་མི་སྲིད་ཅེས་བཤད་པ་ཡིན།

འོན་ཀྱང་། ཁྱེད་ཀྱིས་གྲེ་མོན་ཞེས་པའི་རྫས་གཅིག་རྐྱང་བར་བེད་སྤྱོད་གཏོང་མི་རུང་བ་ཡིན། གང་ཡིན་ཟེར་ན་རྩི་ཤིང་དེས་རྗེན་པས་ལོངས་སུ་སྤྱད་ན་དེས་ང་ཚོས་གཟུགས་ཕུང་དང་ལྷན་སྐྱེས་སུ་ཡོད་པའི་སྲོག་རླུང་གི་ནུས་པ་ཆུང་དུ་གཏོང་བཞིན་ཡོད་པ་རེད། དེའི་ཕྱིར། གདོད་མའི་མི་རིགས་དེ་དག་གིས་གྲེ་མོན་དང་ཐག་སྐྱེས་རྩི་ཤིང་གཉིས་མཉམ་དུ་བེད་སྤྱོད་གཏོང་བཞིན་ཡོད་པ་རེད། རང་བྱུང་རྫས་མི་འདྲ་བ་གཉིས་དེ་མཉམ་དུ་བསྲེས་རྗེས་གཞི་ནས་རླབས་ཆེ་བའི་རྫས་གཞན་ཞིག་གསར་རྙེད་བྱུང་བ་རེད།

ཁྱེད་ཀྱིས་རང་ཉིད་ལ་དྲི་བ་ཞིག་ཐོངས་དང་། གདོད་མའི་མི་རིགས་དེ་དག་གིས་རྩི་ཤིང་རིགས་མི་འདྲ་བ་གྲངས་ ༨༠,༠༠༠ ལྷག་ཀྱིས་ཁྱབ་པའི་ཧྥི་ལོ་རཱ་ནགས་ཀྱི་ཁྲོད་ནས་ཆེས་ངོ་མཚར་བའི་རྩི་ཤིང་དེ་གཉིས་གསར་རྙེད་བྱུང་བ་མ་ཟད། རྩི་ཤིང་དེ་གཉིས་ཕན་ཚུན་མཉམ་སྦྱར་བྱས་པའི་ནུས་པ་དེ་རྩི་ཤིང་གཞན་སུ་ཞིག་གིས་ཀྱང་འགྲན་ཟླ་བྲལ་བའི་རྫས་འགྱུར་རིག་པའི་ནུས་པ་ཁྱད་པར་བ་ཞིག་ཡིན་པའང་གསར་རྙེད་བྱུང་བ་རེད། སྤྱིར་བཏང་དབྱིབས་དང་སྐྱེ་ཡུལ་གྱི་ཆ་ནས་རྩི་ཤིང་དེ་གཉིས་ཕན་ཚུན་འབྲེལ་བ་གཏན་ནས་མེད་པའི་རྩི་ཤིང་རིགས་གཉིས་ཡིན་པ་རེད། འོན་ཀྱང་། རང་བྱུང་རྫས་འགྱུར་རིག་པའི་ཁྱབ་ཁོངས་སུ་སྐད་གྲགས་ཡོད་པའི་བསམ་གཏན་ཟས་གསར་གཏོད་མཁན་པོ་གདོད་མའི་མི་རིགས་དེ་དག་གི་ཤེས་རབ་དང་ཁྱད་ཆོས་དག་རླབས་ཆེ་བ་ཞིག་མ་རེད་དམ།

ཕལ་ཆེར་མི་ཁ་ཤས་ཀྱིས་གནད་དོན་དེར་རླབས་ཆེན་གྱི་ཚོད་ལྟ་བྱས་པ་ཙམ་རེད་ཅེས་ཟེར་ཡང་སྲིད་ལ། ཡང་ཁ་ཤས་ཀྱིས་ཚོད་ལྟ་དང་ནོར་འཁྲུལ་ལས་ཐོབ་པའི་གྲུབ་འབྲས་ཙམ་རེད་ཅེས་ཀྱང་འབོད་སྲིད། འོན་ཀྱང་། སྐད་ཆ་དེ་ཁྱེད་ཀྱིས་རྒྱ་གར་བ་ཚོར་དྲིས་ཚེ་ཁོ་ཚོས་ཐད་གར་རྩི་ཤིང་གིས་ང་ཚོར་སྐད་ཆ་བཤད་བཞིན་པ་མ་ཡིན་ནམ་ཞེས་བརྗོད་ངེས་ཡིན། རྒྱ་གར་བ་དེ་དག་གི་སྐད་ཆ་དེའི་ནང་དོན་ཅི་ཞིག་ཡིན་མིན་ཁྱེད་ཚོས་ཤེས་སམ། དེ་ནི་ནགས་ཚལ་སྟུག་པོ་དེའི་ཁྲོད་དུ་ཐག་སྐྱེས་རྩི་ཤིང་རིགས་མི་འདྲ་བ་ ༡༧ ཡོད་ལ་ཁོ་ཚོ་ཚང་མ་ཕན་ཚུན་ནམ་རྒྱུན་རྒྱང་ཐག་བཀྱེད་ནས་སྐྱེ་བཞིན་ཡོད། ང་ཚོས་བལྟས་ན་ཐག་སྐྱེས་རྩི་ཤིང་དེ་དག་གི་ཕྱི་དབྱིབས་དང་ཁ་དོག་ལོ་མ་སོགས་ཚང་མ་གཅིག་པ་གཅིག་རྐྱང་དུ་མཐོང་སྲིད། དེར་བརྟེན། ངས་ཁོ་ཚོར་ཁྱེད་ཚོས་ཇི་ལྟར་རྩི་ཤིང་དེ་དག་གི་དབྱེ་བ་མ་འདྲེས་བར་འབྱེད་བཞིན་ཡོད་དམ་ཞེས་དྲིས་པ་ཡིན་ལ། སྐབས་དེར་ཁོ་ཚོས་ཁྱེད་ཀྱིས་རྩི་ཤིང་གི་སྐོར་ཅུང་ཟད་ཙམ་ཤེས་ཀྱིན་མེད་དམ་ཞེས་ལན་བརྒྱབས་བྱུང་བས། ངས་ཅི་ཡང་ཤེས་ཀྱིན་མེད་ཅེས་ལན་འདེབས་བྱས་པ་ཡིན། ཁོ་ཚོས་བཤད་རྒྱུར་ཟླ་བ་ཉ་ཡོངས་སུ་གང་བའི་མཚན་མོ་རེ་རེར་རྩི་ཤིང་དེ་དག་གིས་ཁྱེད་ལ་ཁྱད་ཆོས་མི་འདྲ་བ་རེ་རེ་སྟོན་ངེས་ཡིན་ཟེར། གནས་ལུགས་འདི་ཤེས་པ་ཙམ་གྱིས་ཁྱེད་ལ་ཧ་བ་སྒྲིའི་སློབ་དཔོན་ཆེན་མོའི་ཕྱག་འཁྱེར་མི་རེག་ན་ཐང་མོད། འོན་ཀྱང་། དེ་ནི་གཞུང་ལུགས་ཁ་ཤས་ཡིག་ཐོག་ཏུ་འགྲེལ་བཤད་བྱས་པ་ལས་ཆེས་ངོ་མཚར་བ་ཞིག་མ་རེད་དམ།

མུ་འགོད་།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to ཉེན་ཁའི་གནས་སུ་ཚུད་པའི་རིག་གཞུང་ཁྲོད་ཀྱི་རྨི་ལམ། (བར་མ)

  1. འཛུམ་ཆུང་བཀྲ་ཤིས། (གཅན་འོད་འབར) ནས།

    རྩོམ་ཡིག་འདིས་དངོས་ནས་འཛམ་གླིང་མི་རིགས་ཚང་མའི་ལྐོག་གྱུར་གྱི་ཤེས་བྱ་མང་པོ་ཞིག་གོ་བ་གསར་རྙེད་འབྱུང་དུ་འཇུག་གི་འདོད། ཐུགས་རྗེ་ཆེ།

Write a Reply or Comment

Your email address will not be published. Required fields are marked *

*