ཉེན་ཁའི་གནས་སུ་ཚུད་པའི་རིག་གཞུང་ཁྲོད་ཀྱི་རྨི་ལམ། (མཐའ་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
བཱ་རྡིས་རྡའ་བས་སུ། (Wade Davis)

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ད་ལྟའི་དངོས་ཡོད་ཀྱི་དཀའ་ངལ་ཆེ་ཤོས་ཤིག་ནི། ཕྱིའི་ཁྱད་ཆོས་ཐོག་ཏུ་ཁྲ་ཁྲ་རིག་རིག་དང་ཅུང་མི་འདྲ་བ་ཞིག་ཏུ་མངོན་པའི་གདོད་མའི་མི་རིགས་དེ་དག་ལ་ང་ཚོས་སྐབས་ལན་རེར་ཤ་ཚ་དང་སེམས་ཁུར་ཅུང་ཙམ་རེ་བྱེད་བཞིན་ཡོད་མོད། དོན་ངོ་མར་དངོས་ཡོད་སྤྱི་ཚོགས་ཀྱི་ཁྲོད་དུ་ཁོ་ཚོ་ནམ་རྒྱུན་ཟུར་དུ་སྣང་མེད་ངང་ལྷག་འགྲོ་བཞིན་ཡོད་པ་རེད། གནད་དོན་དེས་གསལ་བཤད་ཅིག་བྱེད་བཞིན་པ་ནི་འཛམ་གླིང་མུ་མཐུད་མདུན་དུ་སྐྱོད་བཞིན་པ་དང་བསྟུན་ང་ཚོས་རླབས་ཆེ་བའི་མི་རིགས་མང་བོ་ཞིག་བོར་བརླག་ཏུ་འགྲོ་བཞིན་ཡོད་པ་རེད། དུས་རབས་ ༢༠ བ་འདིས་བདེན་དཔང་བྱེད་བཞིན་ཡོད། འདི་ནས་བརྩིས་པའི་མ་འོངས་པར་ལོ་ངོ་ ༣༠༠ ལྷག་གི་རྗེས་སུ་ང་ཚོའི་དེ་རིང་གི་འཛམ་གླིང་འདིའི་དམག་འཁྲུག་དང་དེ་རིང་གི་འཛམ་གླིང་འདིའི་ཚན་རིག་གསར་གཏོད་སོགས་ག་ལེར་དྲན་པའི་ངོས་ནས་ཡལ་འགྲོ་སྲིད་མོད། འོན་ཀྱང་། དུས་རབས་འདི་ནི་སྐྱེ་ཁམས་ཁོར་ཡུག་དང་རིག་གནས་འདྲ་མིན་ལ་གཏོར་བཤིག་ཚབས་ཆེན་ཕོག་པའི་དུས་རབས་ཤིག་ཡིན་པ་མི་རབས་རྗེས་མ་དག་གིས་ནམ་ཡང་དྲན་ངེས་ཡིན། རིག་གནས་གཏོར་བཤིག་གི་དཀའ་ངལ་དེར་ད་དུང་འགྱུར་བ་ཐེབས་བཞིན་མེད་ལ་དུས་རབས་ཀྱི་གོམ་སྟབས་ཁྲོད་དུ་རིག་གནས་གཏོར་བཤིག་གི་སྣང་ཚུལ་དེ་མུ་མཐུད་དུ་ལྷག་ནས་ཡོད་པ་རེད།

ཁྱེད་ཀྱིས་དཀའ་ངལ་དེ་འཕྲུལ་ཆས་འདྲ་མིན་གསར་གཏོད་བྱས་པའི་ཤུགས་རྐྱེན་གཅིག་པོ་ལས་བྱུང་བ་ཞིག་རེད་འདོད་བཞིན་ཡོད་ཚེ་དེ་ནི་ནོར་འཁྲུལ་ཞིག་རེད། དཔེར་ན། སས་ཨོ་སུ་རྒྱ་གར་བ་(Sioux Indians )རྣམས་ཀྱིས་མདའ་གཞུ་བེད་སྤྱོད་གཏོང་མཚམས་བཞག་པ་དེ་ཨ་རི་བ་རྣམས་ཀྱི་རྟ་དང་རྟེའུ་བཞོན་མཚམས་བཞག་པ་ལས་ཀྱང་གྲངས་འབོར་མང་བ་དང་ཤུགས་ཆེ་བ་ཡོད་ན་ཡང་། ཁོ་ཚོས་སྔར་བཞིན་རང་ཉིད་སས་ཨོ་སུ་རྒྱ་གར་བ་ཡིན་པའི་རིག་གནས་སྣང་ཚུལ་ཁག་གཏན་ནས་མཚམས་འཇོག་བྱས་མྱོང་མེད་པ་རེད། དེའི་ཕྱིར། གདོད་མའི་ཤེས་རིག་དང་ཡུལ་གོམས་གཤིས་ལུགས་སོགས་རྩ་མེད་དུ་འགྲོ་བཞིན་པ་དེ་འཕྲུལ་ཆས་གསར་ཐོན་གྱི་ཤུགས་རྐྱེན་གཅིག་བོ་ཙམ་མ་རེད། གང་ལྟར་མི་རིགས་ཤིག་ལ་མཚོན་ན་རིག་གཞུང་ནི་འགྲན་ཟླ་བྲལ་བའི་སྟོབས་ཤུགས་ཤིག་རེད་ལ་བཙན་འཛུལ་བ་གང་ཞིག་གི་ཁ་གཏད་དུ་ལངས་བའི་སྟོབས་ཤུགས་གཅིག་པོ་དེའང་ཡིན་པ་རེད། ཁྱེད་ཚོ་འཛམ་གླིང་ཤེས་རིག་གི་ཁྲོད་དུ་འགྲུལ་བཞུད་ཐེངས་གཅིག་བྱས་རྗེས་གཞི་ནས་རིག་གནས་དང་ཡུལ་གོམས་གཤིས་ལུགས་དག་ནི་ངེས་པར་དུ་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་ཞིག་ཡིན་པའི་ངེས་ཤེས་རྙེད་ངེས་ཡིན།

ད་ལྟའི་དུས་ཚོད་འདིར། གདོད་མའི་མི་རིགས་མང་བོ་ཞིག་དཔལ་འབྱོར་དང་ཕྱིའི་བཙན་གནོན་སོགས་སྟོབས་ཤུགས་འདྲ་མིན་གྱི་འོག་ཏུ་ངོ་བོ་བརླགས་ཤིང་རྩ་མེད་དུ་འགྲོ་བཞིན་ཡོད། དཔེར་ན། པས་ནན་(Penan) གྱི་ཤིང་ནགས་གཅོད་འབྲེག་ཁྲོད་དུ་གདོད་མའི་མི་རིགས་དག་གི་ཕ་ཡུལ་རྩ་མེད་དུ་འགྲོ་བཞིན་པ་དང་། ལྷོ་ཤར་ཨེ་ཤ་ཡའི་འབྲོག་པ་ཚོ་ཡང་དཀའ་ངལ་འོག་ཏུ་ལྷུང་ཡོད། དེ་བཞིན་སཱ་ཧ་རཱ་མི་རིགས་རྣམས་མི་རབས་མང་བོར་ཤིང་ནགས་ཁྲོད་དུ་རང་དབང་གི་ངང་དུ་གནས་ཡོད་མོད། ད་ལྟ་དཀའ་ངལ་གང་མང་གི་འོག་ཏུ་ལྷུང་ནས་ཁོ་ཚོས་བུད་མེད་མང་བོ་ཞིག་གིས་བཤང་འཚོང་མཁན་བྱས་ནས་གཙང་འགྲམ་ཁག་ཏུ་འཚོ་བ་སྐྱེལ་དགོས་འབྱུང་བཞིན་ཡོད་པ་རེད། འབག་བཙོག་གི་ཁོར་ཡུག་དེ་དག་ནི་བལྟས་ཚོད་ལ་རྒྱ་ནག་གི་ལྷོ་ཕྱོགས་རྒྱ་མཚོའི་མཐའི་གད་སྙིགས་ཚང་མ་སཱ་ཧ་རཱ་གཙང་འགྲམ་དུ་སྤུངས་པ་དང་གཉིས་སུ་མེད། གཞན་ཡང་ད་སྐབས་རྒྱ་ནག་ནང་ཁུལ་དུ་ཡའ་ནོ་མཱ་མས་ (Yanomami ) ཞེས་པའི་ནད་རིགས་ཤིག་ཁྱབ་བཞིན་ཡོད་ལ་རྟོག་ཞིབ་གྲུབ་དོན་ལྟར་ན། དེ་ནི་བཟོ་ལས་ཁང་རྣམས་ཀྱིས་གསེར་ཚོད་མེད་དུ་ས་འོག་ནས་བསྔོགས་འདོན་བྱས་པའི་ཤུགས་རྐྱེན་ལས་བྱུང་བ་ཉག་ཅིག་ཡིན་པར་བཤད།

ཁྱེད་ཚོར་གོ་སྐབས་ཤིག་རེག་ཚེ། ངེས་པར་དུ་བོད་མཐོ་སྒང་དུ་ཐེངས་ཤིག་བསྐྱོད་རོགས་ཞེས་ཞུ་རྒྱུ་ཡིན། ཉེ་ཆར་ངས་བོད་ནང་དུ་ཞིབ་འཇུག་ཐེངས་མང་བྱས་པ་ཡིན་ལ། བོད་ཀྱི་ས་ཁུལ་གང་ཞིག་ཏུ་བསྐྱོད་ཀྱང་ཆོག་ཁྱེད་ཚོ་བོད་དུ་སླེབས་མ་ཐག་ནས་ཆབ་སྲིད་དབང་འཛིན་པའི་གདུག་རྩུབ་འོག་ནས་རྩ་མེད་དུ་འགྲོ་བཞིན་པའི་བོད་ཀྱི་ངོ་གདོང་དེ་དག་གསལ་བོར་མཐོང་ངེས་ཡིན། གང་ཡིན་ཟེར་ན་བོད་དུ་འཛམ་གླིང་ཡོངས་ཀྱིས་དགག་བཞག་བྱེད་བཞིན་པའི་རིག་གནས་རྩ་མེད་དང་མི་རིགས་གཙང་སེལ་ཞེས་པའི་གདུག་རྩུབ་ཀྱི་སྲིད་ཇུས་གང་སར་ལག་བསྟར་བྱེད་བཞིན་ཡོད། ད་དུང་སྤྱི་ཚོགས་ཀྱི་སྣང་ཚུལ་གཞན་ཞིག་གི་ངོས་ནས་བཤད་ན་འཛུགས་བསྐྲུན་འདྲ་མིན་གྱི་ཁ་གཡང་འོག་ཏུ་བོད་པ་དག་གི་མི་ཚེ་དང་འཚོ་བ་རོལ་སྟངས་ལ་ཚད་ལས་འདས་པའི་འགྱུར་ལྡོག་ཐེབས་བཞིན་ཡོད་པ་རེད། ཁྱེད་རང་དངོས་སུ་བོད་ཀྱི་ས་ཐོག་ཏུ་ཕེབས་ནས་འཚོ་བ་དངོས་ལ་རྒྱུས་ལོན་མ་བྱས་བར་དུ་ཁྱེད་ཀྱིས་བོད་མི་རྣམས་ཀྱི་སེམས་གཏིང་གི་སྡུག་བསྔལ་དངོས་དེ་ནམ་ཡང་ཚོར་མི་སྲིད། ཐེངས་ཞིག་བདག་རྒྱ་ནག་གི་ནུབ་ཕྱོགས་ཁྲིན་ཏུ་གྲོང་ཁྱེར་ནས་སྤྱི་ལེ་ ༦,༠༠༠ ལྷག་གིས་རྒྱང་ཐག་ཆོད་པའི་ལྷ་ས་གྲོང་ཁྱེར་དུ་མེ་འཁོར་བརྒྱུད་ནས་འགྲུལ་བཞུད་བྱས་པ་ཡིན།

སྐབས་དེར་བདག་ལ་ན་གཞོན་ལས་རོགས་མི་གཅིག་ཀྱང་མཉམ་དུ་ཡོད་ལ། ངེད་གཉིས་ལྷ་སར་ཐོན་རྗེས་ཀྱི་ཉིན་ཁ་ཤས་ཀྱིས་རྗེས་སུ་ངས་ལྷ་ས་གྲོང་ཁྱེར་གྱི་རྒྱབ་ལོགས་སུ་སྦས་པའི་ངོ་གདོང་གཞན་ཞིག་སྟེ། ༧ པཎ་ཆེན་རིན་པོ་ཆེས་ཐོ་གཞུང་དུ་བཀོད་པའི་འགྲེལ་བཤད་རེའུ་མིག་ཅིག་མཐོང་བྱུང་ལ། དེའི་ནང་དུ་བོད་ཀྱི་དགོན་སྡེ་ཁག་མི་འདྲ་བ ༦,༠༠༠ ལྷག་གཏོར་བཤིག་བཏང་བ་མ་ཟད། རྒྱ་ནག་དམག་དཔུང་གིས་བོད་རིགས་མི་སེར་དཀྱུས་མ་ས་ཡ ༡,༢ ལྷག་དམར་གསོད་བཏང་ཡོད་ཅེས་གསལ་བོར་བཀོད་འདུག བདག་གི་ལས་རོགས་ཕོ་གཞོན་དེས་བཤད་རྒྱུར་རིག་གནས་གསར་བརྗེའི་སྐབས་སུ་ཁོའི་པ་ལགས་རྒྱ་ནག་གིས་དམར་གསོད་བཏང་ཞིང་ཨ་ཞང་གཅིག་པོ་དེའང་རྒྱ་གར་དུ་༧གོང་ས་མཆོག་གི་ཕྱོགས་སུ་སྐྱབས་བཅོལ་ལ་ཕེབས་དགོས་བྱུང་འདུག་པས། ཐ་མར་ཁོ་ཚོའི་ནང་དུ་ཁོའི་ཨ་མ་དང་སྲིང་མོ་གཉིས་ལས་གཞན་སུ་གཅིག་ཀྱང་ལྷག་མི་འདུག་ལ། ཨ་མ་ལགས་ལ་ཕྱུགས་བདག་ཅན་གྱི་ཞྭ་མོ་བཀོན་ནས་ངོ་རྒོལ་དང་ཉེས་རྡུང་ཚད་མེད་བཏང་འདུག

ཐ་མ་ཁོའི་ཨ་མ་ལགས་བཙོན་ཁང་དུ་ངལ་རྩོལ་བསྒྱུར་བྱེད་པར་ཁྲིད་སྐབས་ཁོ་མོའི་བུ་ཆུང་ལོ་གཉིས་ལ་སོན་པ་དེ་རང་ཉིད་ཀྱི་པང་ཁེབས་ནང་དུ་ཁུར་ནས་ཁྲིད་ཡོད་འདུག གང་ཡིན་ཟེར་ན་ཁོ་ཚོའི་ཤུལ་དུ་ནང་མི་སྲིང་མོ་གཅིག་ལས་མེད་ལ་ཐ་ན་སྲིང་མོ་གཅིག་པོ་དེ་ཡང་མོའོ་ཙེ་ཏུང་གི་སྐུ་པར་ལ་འགེལ་བྱེད་ཀྱི་ཡུ་བའི་ཐོག་ཏུ་སྣང་མེད་ངང་རྡོག་བརྫིས་བྱས་པའི་ཉེས་མིང་འོག་ཏུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད། གང་ལྟར། རྗེས་མར་ག་ལེར་ལས་རོགས་ན་གཞོན་འདི་བཙོན་ཁང་གི་སློབ་གྲྭའི་ནང་དུ་འཇོག་ཐུབ་པ་བྱུང་འདུག བོད་མི་རིགས་ཀྱི་སྡུག་བསྔལ་ནི་དོན་ངོ་མར་བཟོད་བརླག་མེད་པ་ཞིག་ཡིན་ན་ཡང་ཁོ་ཚོའི་རླབས་ཆེ་བའི་རིག་གནས་བསམ་བློ་དེས་ཁོ་ཚོར་འཛད་མཐའ་མེད་པའི་སེམས་གསོ་དང་སྙིང་སྟོབས་སྐྱེད་བཞིན་འདུག

འདི་ལྟར། དཔེར་མཚོན་འདི་རྣམས་ལ་ག་ལེར་ཉན་རྗེས་ང་ཚོས་མ་འོངས་པའི་གནད་དོན་ཆེན་པོ་ཞིག་ལ་ལན་འདེབས་བྱེད་དགོས། ང་ཚོ་ཚང་མ་རིག་གནས་སྣ་གཅིག་རང་བཞིན་ཅན་གྱི་འཇིག་རྟེན་ཞིག་ཏུ་སྣ་གཅིག་རང་བཞིན་ཅན་གྱི་མི་རིགས་ཤིག་གི་ངོ་བོར་འཚོ་སྡོད་བྱེད་འདོད་དམ། ཡང་ན་རིག་གནས་འདྲ་མིན་གྱིས་ཁེངས་པའི་མཉམ་འཛོམས་ཀྱི་སྤྱི་ཚོགས་ཤིག་ཏུ་འཚོ་འདོད་ཡོད་ཅེས་པའི་གནད་དོན་དེ་རེད། རླབས་ཆེ་བའི་སྤྱི་ཚོགས་རིག་གནས་ཞིབ་འཇུག་མཁན་སྐུ་ཞབས་མར་སྒེ་རེ་གྲི་མེ་སྒྲི (Margaret Mead) ལགས་ཀྱིས་གསུངས་དོན། ད་ལྟའི་ཁོང་མོའི་འཇིག་སྣང་ཆེ་ཤོས་ནི་འཛམ་གླིང་གི་སྤྱི་ཚོགས་འདི་ནམ་ཞིག་སྣ་གཅིག་ཅན་གྱི་སྤྱི་ཚོགས་ཤིག་ཏུ་གྱུར་ནས་རླབས་ཆེ་བའི་རིག་གནས་དང་སྤྱི་ཚོགས་འཚོ་བའི་རྒྱུན་ཤེས་མང་བོ་ཞིག་རྩ་མེད་དུ་གྱུར་ནས། ནམ་ཞིག་གློ་བུར་དུ་ང་ཚོ་དཀའ་ངལ་དང་་གནད་དོན་གང་ཞིག་གི་གདོང་དུ་ལྷག་ཚེ་སྐབས་དེར་ང་ཚོའི་འཛམ་གླིང་དུ་རིག་གནས་དང་འཚོ་བའི་རྒྱུན་ཤེས་ཀྱི་བདམས་ཁ་གཏན་ནས་མེད་པར་ཆགས་འགྲོ་སྲིད་པ་དེ་རེད་ཅེས་གསུངས་འདུག

མིའི་རིགས་རྒྱུད་རིག་པའི་འབྱུང་ཁུངས་ལ་ཕྱིར་བལྟས་ཤིག་བྱས་ན་གནད་དོན་སྟབས་བདེ་བོ་རེད། ང་ཚོ་མིའི་རིགས་ལ་ཕལ་ཆེར་ལོ་ངོ་ ༡༥༠,༠༠༠ ལྷག་གི་ལོ་རྒྱུས་ཡོད་སྲིད་ལ། ནོ་ལས་ཐིག་གསར་བརྗེ་ཆེན་མོས་(Neolithic Revolution)འཛམ་གླིང་འདིར་ཞིང་ལས་ཐོན་སྐྱེད་ཀྱི་ལུགས་སྲོལ་དར་སྤེལ་བཏང་ཞིང་དེ་ནས་བཟུང་མི་རྣམས་ཀྱིས་ཞིང་ལས་ཐོན་སྐྱེད་དཀོན་མཆོག་ལ་རེ་དགོས་པར་འདོད་པ་རེད། དེ་ནས་ཞཱ་མན་ཆོས་དཔོན་དག་གིས་ཆོས་ལུགས་ཀྱི་སྙན་ངག་སྐྱོར་ནས་འཚོ་བའི་རྒྱུན་ཤེས་འདྲ་མིན་ལ་ལམ་སྟོན་བྱས་པ་རེད། ང་ཚོས་སྤྱི་ཚོགས་ཀྱི་གྲལ་རིམ་དེའི་འོག་ཏུ་ལོ་ངོ་ ༡༠,༠༠༠ ལྷག་ཏུ་འཚོ་བ་བསྐྱལ་བ་རེད། དེང་རབས་ཞེས་པའི་བཟོ་ལས་གསར་བརྗེ་དེ་ནི་ཕལ་ཆེར་ལོ་ངོ་སུམ་བརྒྱ་ཡར་མར་གྱི་སྐད་ཆ་རེད། དེར་བརྟེན། ང་ཚོས་ལོ་རྒྱུས་དེ་གཉིས་མཚུངས་བསྡུར་བྱས་ན་གདོད་མའི་རིག་གནས་དེར་སྤྱི་ཚོགས་ཀྱི་དཀའ་ངལ་གང་ལ་ཡང་གདོང་ལེན་བྱེད་པའི་ནུས་ཤུགས་ཡོད་པ་ར་སྤྲོད་བྱས་པ་རེད། སྔོན་ཆད་ཤེས་རིག་དར་སྤེལ་ཁྲོད་དུ་མིའི་མཚན་ཉིད་སྐོར་གྱི་དྲི་བ་གཅིག་བཏང་སྐབས་དྲིས་ལན་དང་འགྲེལ་བཤད་མི་འདྲ་བ་ ༡༠,༠༠༠ ལྷག་སླེབས་འདུག

འགྲེལ་བཤད་མི་འདྲ་བ་དེ་རྣམས་གླུ་གཞས་རེ་རེ་དང་འདྲ་ལ་གླུ་གཞས་དེ་དག་ལས་ང་ཚོར་བསྐྱར་དུ་མིའི་རིགས་རྒྱུད་རིག་གནས་དང་འཚོ་བ་སྐྱེལ་སྟངས་ཀྱི་རྒྱུན་ཤེས་འདྲ་མིན་ལ་ངེས་ཆེས་བརྟན་པོ་རྙེད་ཐུབ། གནད་དོན་འདི་ལ་ངེས་ཤེས་རྙེད་རྗེས་ཁྱེད་ཚོས་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་འཆམ་མཐུན་ལ་མོས་པའི་གདོད་མའི་མི་རིགས་གང་མང་གི་ལེགས་བྱང་ལ་ཡང་རང་བཞིན་གྱིས་ངོས་འཛིན་ཐོབ་པར་འགྱུར། དེ་ནི་ཁྱེད་ཚོའི་མི་ཚེའི་ནང་གི་བླ་ན་མེད་པའི་རིག་གནས་འཛིན་སྟངས་ཀྱི་གསར་བརྗེ་ཡིན་ལ་གསར་བརྗེ་དེ་ལས་ཁྱེད་ཚོས་མ་འོངས་ས་སྒང་འདིའི་རེ་བ་དང་ཡིད་ཆེས་ཡོངས་རྫོགས་མཐོང་ཐུབ།

ཁྱེད་ཀྱིས་མཐོང་བའི་འཁྱག་རོམ་གྱིས་ཁེངས་པའི་པར་འདི་ནི་ངས་བྷ་སྤེན་(Baffin)མཚོ་གླིང་གི་ནུབ་ཕྱོགས་མཚོ་ཁུལ་དུ་བརྒྱབ་པ་ཡིན་ལ། སྐབས་དེར་ཁུལ་དེ་གའི་ཨས་ནོས་གྲི་(Inuit) གྲོགས་པོ་ཁ་ཤས་དང་མཉམ་དུ་ཡོད། སྐབས་དེར་ཨོ་ལེ་ཡག་ཅེས་པའི་གྲོགས་པོ་དེས (Olayuk) སེམས་ཆུང་ངང་ཁོང་གི་ཨ་མྱེས་ཀྱི་ལོ་རྒྱུས་བཤད་བྱུང་། སྔོན་ཆད་ཁེ་ན་སྒྲ (Canada) གཞུང་གིས་ཁོ་ཚོའི་མི་རིགས་ལ་དེ་འདྲའི་ལྟ་སྐྱོང་ཡག་པོ་བྱེད་ཐུབ་མི་འདུག ཕྱི་ལོ་༡༩༥༠ ལོར་ཁེ་ན་སྒྲ་གཞུང་གིས་ཁོ་ཚོའི་མི་རིགས་དེ་བཙན་གྱིས་འཁྱག་རོམ་ས་ཁུལ་ལས་ཁ་བྲལ་དེ་ས་གཞན་དུ་གཞིས་ཆགས་སུ་བཅུག་འདུག འོན་ཀྱང་། ཁོ་ཚང་གི་ཨ་མྱེས་ལས་གཞི་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་འདུག་པས་སྐབས་དེར་ཁོའི་ནང་མིས་ཨ་མྱེས་ལགས་ཀྱིས་གནོད་ཚབ་ཆེ་བའི་བྱ་སྤྱོད་སྤེལ་སྲིད་པའི་སེམས་ཁྲལ་འོག་ཏུ་ཁོའི་ལག་གི་མཚོན་ཆ་ཡོངས་རྫོགས་བླངས་འདུག

ཨས་ནོས་གྲི་མི་རིགས་རྣམས་ཁ་བ་དང་འཁྱག་རོམ་གྱི་ཐོག་ཏུ་འགྲུལ་སྐྱོད་བྱེད་སྐབས། རྒྱ་མཚོའི་ནང་གི་ཉ་ཕྱིས་ཆེན་པོ་དེ་རྣམས་ཀྱི་རྩིབ་རུས་དང་པགས་པ་འདྲུད་འཁོར་གྱི་དབྱིབས་སུ་བཟོས་ནས་འགྲུལ་སྐྱོད་བྱེད་བཞིན་ཡོད་པ་རེད། གྲང་ངར་ལ་རྒྱུན་དུ་གོམས་པའི་མི་རིགས་དེར་མཚོན་ན་གྲང་ངར་ནི་ཁོ་ཚོས་ཅི་ལ་ཡང་མི་བརྩི་བ་དེ་རེད། དེའི་ཕྱིར། ཨ་མྱེས་ཀྱིས་གྲང་ངར་ཧ་ཅང་ཆེ་བའི་མཚན་མོར་ཁུ་སིམ་མེར་སྡོད་ཁང་གི་ཕྱི་ལོགས་སུ་ཐོན་རྗེས་འཁྱག་དར་ཆེན་པོ་ཞིག་གྲིའི་དབྱིབས་སུ་བཟོས་ཤིང་དེའི་ནང་དུ་རང་ཉིད་ཀྱི་བཙོག་བ་བཏང་རྗེས་རྩེ་མོར་མཆིལ་མ་བཏབས་མཐའ་མར་རལ་གྲི་བཞིན་རྣོ་ངར་ལྡན་པ་ཞིག་ཏུ་བཟོས་པ་རེད། དེའི་རྗེས་སུ་འཁྱག་པའི་གྲི་དེ་བཀོལ་ནས་ཁྱི་རྒན་ཞིག་འཕྲལ་མར་བསད་ཅིང་ཁྱི་ལྤགས་ཀྱིས་རང་ཉིད་ལ་ལྭ་བ་བྱས་ཤིང་རྩིབ་རུས་ཀྱིས་འཁྱག་རོམ་ཐོག་གི་འདྲུད་འཁོར་ཆུང་ངུ་ཞིག་བཟོས་རྗེས་ཨ་མྱེས་ལགས་མཚན་མོ་དེ་རིང་དུ་རལ་གྲི་རྫུན་དེ་དང་མཉམ་དུ་སྒོ་ཁྱི་སྐོར་ཞིག་ཁྲིད་ནས་བྲོས་བྱོལ་དུ་ཕྱིན་པ་རེད།

ད་དུང་འཛམ་གླིང་འདིར་དེ་འདྲའི་དཔེར་མཚོན་མཐའ་ཡས་པ་བགྲང་རྒྱུ་ཡོད་པ་རེད། གོང་གི་ཨ་མྱེས་ལགས་ཀྱི་གནད་དོན་དེ་ནི་གདོད་མའི་མི་རིགས་རྣམས་ཀྱིས་རང་ཉིད་ཀྱི་ངོ་བོ་གཞན་གྱིས་བཙན་དབང་གིས་སྒྱུར་བཞིན་པར་གདོང་ལེན་བྱས་པའི་དཔེར་མཚོན་གཅིག་ཡིན། དེར་བརྟེན། ཕྱི་ལོ་ ༡༩༩༩ ཁེ་ན་སྒྲ་གཞུང་གིས་སྔོན་ཆད་ཀྱི་འཁྱག་རོམ་ས་ཁུལ་ཚང་མ་ཕྱིར་ཨས་ནོས་གྲི་མི་རིགས་ལ་ཕྱིར་ཕུལ་གནང་རྒྱུར་གཏན་འབེབ་བྱས་པ་རེད། གདོད་མའི་མི་རིགས་དེ་དག་གི་ས་ཁྱོན་ཨ་རིའི་ཁ་ལེ་ཧྥོ་ནི་ཡ་དང་གྲེ་སཱ་སུ་མངའ་སྡེ་གཉིས་མཉམ་དུ་བསྡོམས་པའི་ས་ཁྱོན་ལས་ཀྱང་ཆེ་བ་ཡོད། འོན་ཀྱང་། ཁེ་ན་སྒྲ་གཞུང་གིས་ས་ཁུལ་ཡོངས་རྫོགས་ཁོ་ཚོ་རང་ཉིད་ཀྱི་མི་རིགས་དག་ལ་ཕུལ་བ་མ་ཟད་ཐ་ན་ས་ཁུལ་དེའི་རང་བྱུང་གཏེར་དངོས་ཀྱི་བདག་དབང་ཆ་ཚང་ཡང་ཁོ་ཚོར་ཕུལ་ནས་ས་ཁུལ་དེ་རང་དབང་ཆ་ཚང་བའི་མངའ་ཁུལ་ཞིག་ཏུ་བསྒྱུར་བ་རེད། དེ་ནི་ལོ་རྒྱུས་ཁྲོད་དུ་རྒྱལ་ཁབ་ཅིག་གིས་རང་ཉིད་ཀྱི་གདོད་མའི་མི་རིགས་ཁག་ལ་ཅི་འདྲའི་ལྟ་སྐྱོང་བྱེད་ཐུབ་པའི་མིག་དཔེ་བཟང་པོ་ཞིག་ཀྱང་རེད།

མཐའ་མར་ངས་ཁྱེད་ཚོར་ཞུ་རྒྱུར། ངས་ཉམས་ཞིབ་ཁྲོད་དུ་ཤེས་རྟོགས་བྱུང་བ་ནི་ང་ཚོ་མང་ཆེ་བ་ཡུལ་སྐོར་སྤྲོ་འཆམ་སོགས་དམིགས་ཡུལ་འདྲ་མིན་གྱི་ཆེད་དུ་བསྐྱོད་མྱོང་བའི་མཐའ་ཁུལ་གྲོང་གསེབ་ཀྱི་ས་ཆ་དེ་དག་ནི། དོན་ངོ་མར་མཐའ་ཁུལ་ཞིག་གཏན་ནས་མིན་པ་དེ་རེད། གང་ཡིན་ཟེར་ན་ས་ཁུལ་དེ་དག་ནི་མི་རིགས་བྱེ་བྲག་པ་ཞིག་གི་ཕ་ས་ཕ་ཡུལ་ཡིན་ལ་མི་རིགས་དེ་དག་གིས་མིའི་རིགས་ཀྱི་འཆར་སྣང་ཁྲོད་ཁོ་ནར་ལུས་པའི་གནའ་བོའི་ལོ་རྒྱུས་ཤིག་དངོས་སུ་ཁྱེད་ལ་ར་སྤྲོད་བྱེད་བཞིན་ཡོད། ཁོ་ཚོའི་བྱིས་པ་ཚོ་ནི་ང་ཚོའི་བྱིས་པ་ཚོ་དང་འདྲ་བར་མ་ཡུམ་ས་གཞི་ཆེན་མོ་འདིའི་ཆ་ཤས་ཤིག་ཏུ་འགྱུར་བར་རེ་ལྟོས་ཆེན་པོ་བཅངས་ཡོད་མཁན་ཤ་སྟག་ཡིན།

དེར་བརྟེན། ང་ཚོ་རྒྱལ་སྤྱིའི་ས་ཁམས་རིག་པའི་དུས་དེབ་ཀྱི་རེ་བར་མ་འོངས་བར་ཆབ་སྲིད་མི་སྣ་རྣམས་ཀྱིས་གནད་དོན་གང་ཞིག་ལ་ཁ་གཡར་ནས་རིག་གནས་འདྲ་མིན་འདི་དག་རྩ་མེད་མི་བཟོ་རྒྱུ་དེ་ཡིན། ང་ཚོས་བསམ་པར་གཞུང་ལུགས་ཀྱི་སྤྱི་བཤད་བྱས་ནས་རིག་གནས་འདྲ་མིན་མཉམ་གནས་ཀྱི་རིན་ཐང་ལ་གོ་རྟོགས་སྤེལ་བ་ལས་དངོས་བྱུང་གཏམ་རྒྱུད་གང་མང་བཤད་ནས་ང་ཚོས་མ་འོངས་པའི་འཛམ་གླིང་གི་ཁ་ཕྱོགས་བསྒྱུར་ན་དེ་ཤུགས་ཆེ་བར་འདོད་བཞིན་ཡོད། གཅིག་བྱས་ན་ང་ཚོ་འཛམ་གླིང་འདིའི་ནང་གི་སྒྲུང་བཤད་མཁན་མཁས་ཤོས་དེའང་ཡིན་སྲིད། ཟླ་བ་རེ་རེ་བཞིན་ང་ཚོའི་དྲ་རྒྱ་འདིར་དགའ་མོས་བྱེད་མཁན་ས་ཡ་ ༣༥ ལྷག་འབྱུང་བཞིན་ཡོད་ལ། དེ་བཞིན་རྒྱལ་ཁབ་ ༡༥༦ གིས་ང་ཚོའི་ལས་གཞི་དག་ཐད་གར་བརྙན་འཕྲིན་བརྒྱུད་ལམ་དུ་སྟོན་བཞིན་ཡོད་ལ། ཐ་ན་ང་ཚོའི་དུས་དེབ་ཀློག་མཁན་ཡང་ས་ཡ་གཅིག་ལས་བརྒལ་འགྲོ་བཞིན་ཡོད། ང་ཚོས་ལས་ཀའི་དམིགས་ཡུལ་གཙོ་བོ་དེ་རིག་གནས་འདྲ་མིན་དར་བའི་སྤྱི་ཚོགས་འདྲ་མིན་དུ་འགྲུལ་བཞུད་ཞིབ་འཇུག་བྱས་ནས་ཁྱེད་ཚོར་དངོས་ཡོད་ཉམས་སུ་མྱོང་འདྲའི་ཤེས་བྱ་གསར་བ་མཁོ་སྤྲོད་བྱེད་རྒྱུ་དེ་ཡིན། དེར་བརྟེན། ང་ཚོས་རེ་བར་ཁྱེད་ཅག་ཚང་མས་རིམ་གྱིས་སྤྱི་ཚོགས་རིག་གནས་ཞིབ་འཇུག་གི་ཉིང་ཁུ་གཅིག་བུ་སྟེ་འཛམ་གླིང་འདིར་རིག་གནས་སྣ་མང་མཉམ་འདུས་ཀྱི་ངོ་བོར་གནས་ཐུབ་རྒྱུ་དེ་ཅི་འདྲའི་གལ་ཆེན་ཞིག་ཡིན་མིན་ལ་ངེས་ཤེས་བརྟན་པོ་ཞིག་རྙེད་རྒྱུ་དེ་ཡིན། དེ་ལྟར་བྱས་ན་གཞི་ནས་ང་ཚོ་དོན་དངོས་སུ་སྤྱི་ཚོགས་འདྲ་མིན་གྱི་འཚོ་བ་དང་རྒྱུན་ཤེས་འདྲ་མིན་བརྒྱུད་ནས་འཚར་ལོངས་བྱེད་ཐུབ་པ་མ་ཟད། སྤྱི་ཚོགས་འདྲ་མིན་གྱི་ཤེས་རབ་ཀྱི་ནུས་པ་འདྲ་མིན་གཅིག་ཏུ་སྤུངས་ནས་མ་འོངས་བའི་མི་ཚེ་དེ་སྔར་ལས་ཀྱང་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་ལེགས་སྐྱེས་གང་མང་འབུལ་ཆོག་གོ།།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་ 3 བཀོད་འདུག

3 Responses to ཉེན་ཁའི་གནས་སུ་ཚུད་པའི་རིག་གཞུང་ཁྲོད་ཀྱི་རྨི་ལམ། (མཐའ་མ)

  1. འཛུམ་ཆུང་བཀྲ་ཤིས། (གཅན་འོད་འབར) ནས།

    དངོས་ནས་ཡུལ་སྐོར་ལྗོངས་རྒྱུའིོ་ཟིན་ཐོ་འདི་ནི་འཛམ་གླིང་འདིའི་གནའ་དེར་ཤེས་རིག་གི་འཕེལ་འགྱུར་དང་དར་རྒུད་སོགས་ཞིབ་ཆར་གླེང་བའི་རྩོམ་ཡིག་རིན་ཐང་བྲལ་བ་ཞིག་རེད་འདུག་པས། སྐར་ཁུང་དྲ་བའི་རྩོམ་སྒྲིག་པ་ཚོར་སྙིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

  2. ཁྱེད་ཚོས་སྐར་ཁུང་གི་བསྒྱུར་རྩོམ་དག་ལ་དོ་སྣང་དང་གདེང་འཇོག དགའ་བསུ་བཅས་ཞུ་བཞིན་པར་ང་ཚོ་དགའ་ནས་ཡོད། གཏམ་བཤད་འདི་ལྟ་བུའི་རིགས་ནི། བོད་ཡིག་ཀློག་མཁན་ཙམ་མ་ཡིན་པར་དབྱིན་ཡིག་ཀློག་མཁན་གྱི་བོད་རིགས་ཚོས་ཀྱང་དོ་སྣང་སྤྲོད་དགོས་བའི་རིགས་རེད་འདུག
    མུ་མཐུད་དུ་ཀློགས་དང་། ང་ཚོས་མུ་མཐུད་དུ་ཁྱེད་ཅག་གི་མདུན་ལ་བརྫངས་ངེས།

  3. ཡེ་ཤེས་རྒྱ་མཚོ། (ཀླུ་སྨྱོན་ཁྲག་འཐུང་གླིང་པ།) ནས།

    སྐུ་ཞབས་སྒྲ་ཝི་སི་དང་སྒྱུར་པ་པོ་གཉིས་ལ་ཐུགས་རྗེ་ཆེ་ཞུ། ཉིན་འགའི་སྔོན་ང་ཡང་རི་ཁུལ་ཞིག་ལ་སྤྲོ་འཆམ་དུ་སོང་སྟེ་མྱོས་འགྱུར་ཤ་མོ་ཞིག་རྙེད་བྱུང་། ངས་དེར་སྣོམ་ཙམ་བྱས་ནས་བསྐྱུར་བཞག་པ་ཡིན། ཐེངས་རྗེས་མར་དེའི་ནུས་པ་དེ་ག་འདྲ་འདུག་ལྟ་ནའང་ཐང་།

Write a Reply or Comment

Your email address will not be published. Required fields are marked *

*