བྱང་གི་ཁྱིམ་མཚེས།

རྗེ་ཁུ་ལེན་སྒྲེལ་དང་སི་ཀྲི་ཧྤིན་རོ་སིན། ཞི་བ་རྗེ་སོན་དྷི་བཅས་ཀྱིས་བརྩམས།
གཅན་འོད་འབར་གྱིས་བསྒྱུར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རྒྱ་ནག་གི་ཡར་རྒྱས་ཀྱིས་རྒྱ་གར་ལ་སྤྲད་པའི་དཀའ་ཉེན་དག་ལ་བལྟ་བ།

རྒྱ་གར་ལ་ཆ་མཚོན་ན་རྒྱ་ནག་ནི་དཀའ་ངལ་ཞིག་རེད། ང་ཚོས་རྩོམ་ཡིག་ཁག་གསུམ་གྱི་ནང་ནས་ཁག་དང་པོའི་ནང་དུ་དཀའ་ངལ་འདི་ཅིའི་ཕྱིར་འཕྲད་ཀྱི་ཡོད་པ་དེ་མདོར་བསྡུས་ཤིག་བརྗོད་འདོད་ལ། དེའི་རྗེས་ཀྱི་རྩོམ་ཡིག་གཞན་ཁག་གཉིས་ཀྱི་ནང་དུ་ལོ་ངོ་བཅུ་ཕྲག་རིང་གི་འཕེལ་ཕྱོགས་ཀྱིས་དཀའ་ངལ་ཅི་འདྲ་ཞིག་འབྱུང་བར་ཤུགས་རྐྱེན་སྤྲོད་པ་དང་། མཐའ་དོན་དེར་རྒྱ་གར་གྱི་ངོས་ནས་མཇུག་འབྲས་ཚབས་ཆེན་དེ་དག་ཇེ་ཉུང་དུ་གཏོང་བར་བྱ་ཐབས་ཅི་ཞིག་ཡོད་པ་སོགས་མཚམས་སྦྱོར་བྱེད་རྒྱུ་ཡིན།

རྒྱ་གར་ལ་ཡོད་པའི་རྒྱ་ནག་དཀའ་ངལ་གྱི་འབྱུང་ཁུངས་གསུམ་ལས་དང་པོ་ནི་འདས་ཟིན་པའི་ལོ་ངོ་བཅུ་ཕྲག་གསུམ་གྱི་རིང་རྒྱ་ནག་གི་གོ་རིམ་ལྡན་པའི་དཔལ་འབྱོར་ཡར་རྒྱས་ཀྱི་གྲུབ་འབྲས་དེ་རེད། བཅུ་རྩིས་ཚད་ལྡན་ཞིག་བྱས་ན། ༡༩༨༠ ལོ་ཡས་མས་དང་ ༡༩༩༠ ལོའི་མཇུག་ཏུ་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་གྱི་ཚད་གཞི་དེ་རྒྱ་གར་དང་བསྡུར་ན་ཅུང་ཙམ་གྱི་སྔོན་དུ་ཐོན་པ་ཞིག་རེད་མོད། ཡིན་ན་ཡང་ད་ལྟ་རྒྱ་ནག་གི་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་ཀྱི་ཚད་གཞི་དེ་རྒྱ་གར་ལས་ལྡབ་བཞི་ལྷག་མཐོ་བ་ཡོད་ལ། ད་དུང་ཡང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། གནས་ཚུལ་འདིས་འབྱུང་འགྱུར་གྱི་ལོ་ངོ་བཅུ་ཕྲག་གཉིས་ནང་དུ་རྒྱ་གར་གྱིས་དངོས་པོའི་ཐོན་ཁུངས་ཀྱི་ཁེ་ཕན་ཆེན་པོ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ལ་ཁ་གཏད་གཅོག་དགོས་པར་སྔོན་བརྡ་གཏོང་གི་ཡོད་པ་དེ་ཡིན། རྒྱ་ནག་ནི་རྒྱལ་སྤྱིའི་ཚོང་འབྲེལ་ནང་ཉམས་ཞུགས་བྱས་ནས་དངུལ་རྩིས་ཀྱི་སྟོབས་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན་ལ། ལྷག་པར་དུ་རྒྱ་ནག་གིས་དམག་དོན་གྱི་ཐད་ལ་ལམ་ལུགས་རྩ་འཛིན་ཡིན་མིན་ལ་མ་ལྟོས་པར་འགྲོ་གྲོན་ཆེན་པོ་བཏང་ཡོད་པ་མ་ཟད། ད་དུང་ཨ་རི་ལ་རྒོལ་ལན་སྤྲོད་པར་ཐབས་བྱུས་འཐེན་པ་སོགས་ཀྱི་གནས་སྟངས་འདིའི་འོག་ནས་རྒྱ་གར་ལས་ལྷག་པའི་དགོས་ངེས་ཅན་གྱི་ནུས་ཤུགས་ཐོབ་ཡོད། འདི་དག་ཚང་མས་རྒྱ་ནག་ནི་ད་ལྟའི་ཆར་རྒྱ་གར་གྱི་ཆེས་འཇིགས་སུ་རུང་བའི་ཁ་གཏད་ཀྱི་དགྲ་ཡ་དེ་བཟོས་ཡོད་པ་རེད།

རྒྱ་གར་ལ་ཡོད་པའི་རྒྱ་ནག་དཀའ་ངལ་གཉིས་པའི་འབྱུང་ཁུངས་ནི་རྒྱ་ནག་རྒྱལ་ཁབ་ཀྱི་སྟོབས་ཤུགས་དེ་བཞིན་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་གཉིས་སུ་ཇེ་ཆེར་འགྲོ་བཞིན་པ་དེ་རེད། རྒྱ་ནག་གི་སྟོབས་ཤུགས་དེ་ཨ་རི་གཙོ་བྱས་པའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་གཞན་དག་དང་མཚུངས་བར་རྒྱལ་སྤྱིའི་ཁྲོད་ན་ཆེ་རུ་འཕེལ་གྱིན་པ་དང། ལྷག་པར་དུ་ ༼ཚོང་ལས་ནི་སྔར་བཞིན་རེད།༽ ཅེས་པའི་འཆར་སྣང་གིས་རྒྱ་ནག་གི་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་ཀྱི་ཚད་གཞི་ཨ་རིའི་སྒོར་མོའི་ནང་དུ་ཐད་ཀར་ཚད་འཇལ་བྱེད་ཐུབ་པ་དེ་ཕྱི་ལོ་ ༢༠༣༠ ལོར་ཨ་རི་དང་གཅིག་པ་ཆགས་སྲིད་ལ། ཡང་ན་དེ་ལས་ཀྱང་སྔ་བར་ཆགས་ངེས་པ་ཞིག་ཡིན་པ་དེ་རེད། རྒྱ་ནག་ལ་མཚོན་ན་རྒྱལ་སྤྱིའི་འཕྲུལ་ཆས་བཟོ་བསྐྲུན་གྱི་འགྲན་བསྡུར་ཁྲོད་ཅུང་ཙམ་རྗེས་ལུས་ཡིན་ན་ཡང། རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་ཀྱི་འདྲ་མཉམ་ཚད་གཞི་ཡིས་རྒྱ་ནག་གི་རང་དབང་བྱ་སྤྱོད་ལ་ཨ་རིའི་ད་ལྟའི་རང་འགུལ་གྱིས་བེད་སྤྱོད་བྱེད་ཀྱིན་པའི་སྟོབས་ཤུགས་ཀྱིས་ཀྱང་ཚོད་འཛིན་བཀག་འགོག་བྱ་ཐབས་བྲལ་བ་ཞིག་རེད། དེ་ལས་ཀྱང་དམག་དོན་ཁོ་ནའི་ཐད་ནས་བཤད་ན། རྒྱ་ནག་གཞུང་གིས་ཉེ་ཁུལ་གྱི་འགྲན་ཡ་ཚོ་དང་འདྲ་བར་ཞི་བདེ་རྒྱ་མཚོའི་ཕྱོགས་སུ་སྟོབས་ཤུགས་རྒྱ་བསྐྱེད་བྱེད་པ་དང་ཐོན་རྫས་ཡོངས་ཁུངས་མཁོ་སྒྲུབ་བྱེད་པ་འདིས་ནང་ལོགས་སུ་དཔལ་འབྱོར་ཉམས་རྒུད་ཀྱིས་དམག་དོན་འགྲོ་སོང་ལ་ཤུགས་རྐྱེན་བཟོ་བཞིན་པའི་ཨ་རི་རྒྱལ་ཁབ་ལ་ཡང་དཀའ་ངལ་ཞིག་བསྐྲུན་ཡོད་པ་དེ་རེད།

རྒྱལ་སྤྱིའི་ལམ་ལུགས་ཁྲོད་དུ་སྟོབས་ཤུགས་དོ་མཉམ་གྱི་འགྱུར་བ་ཁོ་ནས་རྒྱ་གར་ལ་འགལ་ཟླའི་ཤུགས་རྐྱེན་ཆེན་པོ་ཞིག་སྤྲོད་དགོས་པའི་ངེས་པ་མེད། རྗེས་སུ་དབང་ཤུགས་འཕེལ་འགྱུར་ཆེན་མོ་མཐའ་མ་དེ་བྷིར་ཊྲིན་ནས་ཨ་རི་ལ་གནས་སྤོ་བྱས་པར་བརྟེན་རྒྱ་གར་ལ་རང་བཙན་ཐོབ་པ་རེད། གང་ལྟར། ད་ལྟའི་གནས་སྟངས་འདིའི་ནང་དུ་ཕུགས་འབྲས་བཟང་པོ་ཞིག་ཡོང་བར་རེ་བ་རྒྱག་པ་ནི་ཧ་ཅང་ཕྲ་བའི་གོ་སྐབས་ཤིག་རེད། རྒྱ་ནག་གི་ཡུལ་བབ་སྲིད་བྱུས་ཀྱི་རེ་འདོད་དེ་གཞི་རྩའི་ཆ་ནས་རྒྱ་གར་དང་ཐ་དད་པ་ཞིག་རེད་དེ། ཐོག་མར་རྒྱ་གར་རང་གི་ཁྱིམ་མཚེས་རྒྱ་ནག་དང་ས་ཁོངས་འབྲེལ་ཞིང་། ༡༩༦༢ ལོར་རྒྱ་གར་ལ་རྒོལ་འཛིངས་བྱས་སྟེ་ད་དུང་ཡང་འདུམ་འགྲིག་བྱས་མེད་པའི་ས་མཚམས་དེ་རེད་ལ། ལྷག་པར་དུ་རྒྱ་གར་བདེ་འཇགས་ཀྱི་རྟག་བརྟན་མགོ་ནད་དུ་གྱུར་བའི་པཱ་ཀི་སི་ཐན་ནི་དུས་ཡུན་རིང་པོ་ཞིག་ལ་རྒྱ་ནག་གི་རྒྱབ་སྐྱོར་ཐོབ་བསྡད་པའི་རྒྱལ་ཁབ་ཅིག་ཡིན་དུས། རྒྱ་ནག་གིས་རྒྱ་གར་གྱི་དོ་སྣང་ཤར་ཕྱོགས་ཀྱི་འགྲན་ཡ་ནས་གཞན་དུ་ཟློག་པར་ཁག་ཐེག་བྱེད་ཀྱི་ཡོད་ལ། མ་ཟད་རང་ཉིད་ལ་ཨེ་རབ་སྦེན་མཚོ་དང་པིར་ཤེན་མཚོ་ཁུག་ཏུ་མཛའ་མཐུན་གྱི་མཚོ་ལམ་མཁོ་སྤྲོད་བྱ་བར་ཡང་རེ་བས་སྒུག་ཡོད།

ཐག་ཉེའི་ཁྱིམ་མཚེས་ལས་བརྒལ་བའི་གནད་དོན་ཞིག་ནི་རྒྱ་ནག་གི་དམག་ཇུས་བསམ་བློ་དང་རྣམ་འགྱུར་ཡིས་ཨེ་ཤེ་ཡ་དབང་བསྒྱུར་སྣེ་ཁྲིད་བྱ་རྒྱའི་གསལ་བརྡ་སྟོན་བཞིན་པ་དེ་རེད། གསལ་བརྡ་དེས་རྒྱ་གར་གྱི་དམག་འཐབ་འཆར་གཞི་ལ་ཡང་བཀག་སྡོམ་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་། ལྟ་བའི་ཐོག་ནས་བཤད་ན་རྒྱ་ནག་གི་ནག་ཉེས་ཅན་གྱི་ཕུགས་འདུན་དེ་སྣེ་མང་རིག་གཞུང་གི་ཐད་ནས་ཕན་ཚུན་གྱིས་རྟོགས་དཀའ་བའི་བོད་དོན་ཡིན་ན་ཡང་འདྲ། ཡང་ན་སྒྲིག་འཛུགས་མ་ལག་མང་པའི་དམངས་གཙོའི་གནད་དོན་ཐད་ནས་ཡིན་ན་ཡང་འདྲ། གང་ལྟར་རྒྱ་གར་དང་འགལ་ཟླ་ཆགས་ཡོད་པ་དེ་རེད། འདི་ལྟར་བལྟས་ན་རྒྱ་གར་གྱིས་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་མི་རིགས་ཐོག་ཏུ་སྲིད་དབང་གཅིག་འཛིན་དང་དབང་བསྒྱུར་རྒྱ་ཁྱབ་བྱེད་པར་བརྩོན་པ་ནི་ལེགས་འགྲུབ་མི་ཡོང་བ་ཞིག་རེད་བསམ་པ་དང་། ཐ་ན་སྟོབས་ཤུགས་ཇེ་ཆེར་འགྲོ་དུས་རྩི་འཇོག་སྟབས་བསྟུན་གྱི་འགལ་ཟླ་ཆེ་རུ་བསྐྱེད་དེ་སྲིད་དབང་རྩོད་ལེན་ལ་འབད་བརྩོན་བྱ་བར་ཆ་འཇོག་བྱེད་པའི་ལྟ་ཚུལ་འདི་ཡང་གླེན་རྟགས་ཤིག་ཏུ་སྣང་། མཐའ་མར་རྒྱ་ནག་མི་དམངས་དང་དབང་འཛིན་མི་སྣ་ཚོས་རྒྱ་གར་ལ་བཅངས་བའི་གདུང་སེམས་མཉམ་བསྐྱེད་བྲལ་བའི་ལྟ་ཚུལ་གྱིས་ཕན་ཚུན་བར་ལ་མཐུན་འབྲེལ་ཡག་པོ་ཞིག་བསྐྲུན་རྒྱུ་ཧ་ཅང་དཀའ་བའི་བདེན་དཔང་བྱས་ཡོད་པ་དེ་རེད།

ང་ཚོའི་གོང་གི་བསམ་འཆར་རྣམས་སྙིང་བསྡུས་ཤིག་ཏུ་སྣང་ངེས། དེར་བརྟེན། གལ་ཏེ་ད་ལྟའི་དཀའ་ངལ་ཁག་ལ་གདོང་ལེན་མ་བྱས་པར་ལྷག་པ་ཡིན་ན། ཡར་རྒྱས་ཀྱི་འཆར་ཐོ་བསྒྲིག་རྒྱུ་ནི་འབྱུང་འགྱུར་གྱི་ལོ་ངོ་བཅུ་ཕྲག་གཉིས་རིང་རྒྱ་གར་རྒྱལ་ཁབ་གྱི་ངོས་ནས་འཕེལ་རྒྱས་ཀྱི་ཕྱོགས་སུ་འབད་བརྩོན་བྱ་དགོས་པར་ཕན་ཐོགས་ཡོད་པ་ཞིག་རེད། འདི་ཚོ་ཚང་མ་ཇེ་ཆེར་འགྱུར་བཞིན་པའི་དཀའ་རྙོག་འོག་གི་ཚོད་དཔག་ལས་བརྒལ་བའི་ངོས་འཛིན་ཅན་གྱི་དོན་ཚན་ཏག་ཏག་རེད་ལ། ཧ་ཅང་དགེ་ཕན་ལྡན་པའི་དོན་ཚན་འདི་དག་ལ་གཞིགས་ནས་ང་ཚོས་ཀློག་པ་པོ་ཚོར་རྒྱ་ནག་གི་དམག་ཤུགས་ཀྱིས་རྒྱ་གར་ཟིལ་གྱིས་མནན་པ་དང་རྒྱལ་སྤྱིའི་ཁྲོད་དུ་ཡང་ཆེས་སྟོབས་འབྱོར་ལྡན་པའི་ཁོར་ཡུག་ཅིག་མནོ་བསམ་གཏོང་བར་འབོད་སྐུལ་ཞུ་རྒྱུ་ཡིན། ཡང་སྐད་ཆ་གཞན་ཞིག་ནས་བཤད་ན། རྒྱ་ནག་གི་སྟོབས་ཤུགས་དེ་བཞིན་ད་ལྟའི་ཨ་རིའི་སྟོབས་འབྱོར་དང་མཚུངས་བའི་མ་འོངས་བ་ཞིག་ཚོད་དཔག་བྱེད་རོགས་ཞེས་པ་དེ་ཡིན།

དེ་དག་ཡིད་ལ་བཟུང་ནས་བསམ་བློ་ཞིག་བཏང་ན། དོན་ཚན་དང་པོ་དེ་བོད་ཀྱི་གནད་དོན་ཡར་རྒྱས་ཀྱི་ཕྱོགས་ནས་རེད། གལ་ཏེ་ཏཱ་ལའི་བླ་མ་དགོངས་པ་རྗོགས་པ་ཡིན་ན། རྒྱ་ནག་གིས་རྒྱ་གར་ལ་གནོན་ཤུགས་དྲག་པོ་སྤྲད་ནས་རྒྱ་གར་ནང་གི་བོད་མི་ཚོའི་ཆབ་སྲིད་ལས་འགུལ་ཡོད་ཚད་སྒོ་རྒྱག་ཏུ་འཇུག་སྲིད་ལ། བཙན་བྱོལ་དུ་ཡོད་པའི་བོད་མིའི་གཞུང་འདི་ཡང་རྒྱ་གར་ནས་བཙན་གྱིས་ཕྱིར་གྱར་དགོས་པ་ཞིག་ཏུ་གཏང་སྲིད། དེ་བཞིན་བོད་མི་སྐྱབས་བཅོལ་བ་ཚོ་ཡང་གཅིག་བྱས་ན་རྒྱ་གར་གྱི་མི་སེར་བཟོ་ལབ་མདོག་ཁ་བོ་རེད་ལ་། ཡང་གཅིག་བྱས་ན་རྒྱ་གར་ནས་རྒྱུག་ཅེས་བརྗོད་ཀྱང་ངེས་པས། འདིས་མི་ལོ་ལྔ་བཅུ་ལྷག་གི་རིང་ལ་རྒྱ་གར་གཞུང་གིས་ཨུ་ཚུགས་ཀྱིས་བསྐྱངས་བའི་བསྔགས་བརྗོད་བྱེད་འོས་པའི་ཀུན་སྤྱོད་ཀྱི་སྲིད་བྱུས་དེ་ལ་མཇུག་སྡོམ་ཡང་རྒྱག་སྲིད་པ་ཞིག་རེད།

དོན་ཚན་གཉིས་པ། ༡༩༦༢ ལོ་དང་འདྲ་བར་རྒྱ་ནག་གིས་བདེ་འཇགས་མིན་པའི་བོད་ནང་གི་གནས་བབ་བེད་སྤྱད་དེ་ས་མཚམས་གསར་པའི་ས་བགོས་ཀྱི་བདག་དབང་རྩོད་ངེས་པ་དེ་རེད། ད་ལྟའི་ཆ་ལ་མཚོན་ན་ཡང་རྒྱ་ནག་གི་དཔོན་རིགས་ཚོས་ ”བོད་ལྷོ་ཁུལ་”༼ཨ་རུལ་ན་ཅིལ་མངའ་སྡེའི་ལྷག་མ་ཡོངས་རྗོགས།༽ དུ་འབོད་པའི་ས་ཆའི་ཆ་ཤས་ཡིན་ཞེས་བརྗོད་ཀྱིན་པའི་རྟ་དབང་བརྩད་དེ་བདག་དབང་གི་གླེང་རྙོག་འདི་མཇུག་སྒྲིལ་བྱེད་མི་སྲིད་པ་མིན། ༡༩༦༢ ལོའི་དམག་འཁྲུག་དང་མ་འདྲ་བར། མ་འོངས་པའི་དམག་འཁྲུག་དེ་ནི་ས་མཚམས་སུ་ས་སྟེང་གི་དམག་འཁྲུག་ཁོ་ན་ཙམ་མ་ཡིན་པར། དེ་ལས་བཟློག་སྟེ་ཚད་གཞི་ལྡན་པའི་གོ་མཚོན་བེད་སྤྱོད་ཐེངས་གཅིག་གིས་རྒྱ་གར་གྱི་ནུས་ཤུགས་ཉམས་དམས་སུ་གཏོང་བའི་དམག་འཁྲུག་ངོ་མཚར་ཅན་ནམ་ཡང་ན་དྲ་རྒྱའི་དམག་འཁྲུག་ཅིག་ཉམས་སུ་མྱོང་ངེས་སྙམ། རྒྱ་ནག་གིས་ད་དུང་དངུལ་རྩིས་ཀྱི་སྟོབས་ཤུགས་བེད་སྤྱད་ཅིང་ཚོང་ལས་དང་འགྲོ་གྲོན་ཕོན་ཆེན་བཏང་ནས་དཔལ་འབྱོར་གྱི་དམག་འཁྲུག་ཅིག་བསླང་སྟེ་རྒྱ་གར་ལ་གནོན་ཤུགས་སྤྲོད་མི་སྲིད་པའི་ངེས་པ་ཡང་མེད་དོ།།

དོན་ཚན་གསུམ་པ། རྒྱ་ནག་གི་དམག་ཤུགས་ཡར་རྒྱས། རྒྱ་གར་གྱི་ས་མཚམས་ཁག་ན་ཡོད་པའི་མངའ་སྡེའི་ནང་ཁུལ་གྱི་ཞེན་ཆ་དང་ཨེ་ཤེ་ཡ་ཤར་དབུས་ཀྱི་གཏེར་ཁ་དང་ཚོང་ལམ་སོགས་ལ་དོ་སྣང་ཤུགས་ཆེན་སྤྲོད་ཀྱིན་པའི་རྒྱ་ནག་གིས་རང་ཉིད་ཀྱི་དམག་ཤུགས་དེ་ཕྱི་ཕྱོགས་སུ་རྒྱ་བསྐྱེད་དང་གཏན་འཇགས་བྱ་རུ་འཇུག་ངེས་པ་པཱ་ཀི་སི་ཐན་གྱི་ནང་ལ་དཔེ་བཞག་ན་ཤེས་ཐུབ་པ་ཞིག་རེད། དེ་བཞིན་གལ་ཏེ་རྒྱ་གར་གྱིས་རྒྱ་ནག་ལ་སྔར་ནས་ཡོད་པའི་མཚོ་ཐོག་ཤུགས་རྐྱེན་དང་གོམ་པ་མཉམ་སྤོ་བྱེད་མ་ཐུབ་ན། རྒྱ་ནག་གིས་རྒྱ་གར་རྒྱ་མཚོའི་ནང་དུ་རང་འདོད་ལྟར་རིན་གོང་ཆུང་བའི་མཚོ་དམག་གང་མགྱོགས་ངང་གཏན་འཇོག་སྲིད་པ་ཞིག་རེད།
དོན་ཚན་བཞི་པ། གལ་སྲིད་མ་འོངས་པར་རྒྱ་གར་ལ་འཇིགས་སྐུལ་བའི་གཏོར་རྒོལ་ཐེབས་སྟེ་དེའི་ནག་ཉེས་པཱ་ཀི་སི་ཐན་ལ་བཙུགས་ནས་འགལ་རྐྱེན་བྱུང་བའི་དབང་དུ་བཏང་ན། རྒྱ་ནག་གིས་རྒྱ་གར་ལ་གནོན་ཤུགས་སྤྲད་དེ་མི་འདོད་པའི་ཐག་གཅོད་བྱ་སྲིད་པ་ཞིག་རེད།

དོན་ཚན་ལྔ་པ། རྒྱ་ནག་གིས་རང་ཉིད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་ཐེའེ་ཝན་དང་ཨ་རི་བཅས་ལ་འཛིན་པའི་མཐུན་འབྲེལ་ལ་ཤུགས་རྐྱེན་བཟོ་ཐབས་བྱེད་པ་ལྟར། མ་འོངས་པར་ཡང་རྒྱ་ནག་གིས་རྒྱ་གར་གཏོགས་པའི་རྒྱལ་ཁབ་ཁག་འདི་དག་གི་རང་སྐྱོང་གི་སྲིད་བྱུས་ལ་འགོག་རྐྱེན་བཀག་འགོག་བྱ་ངེས་བ་ནི་ཚོད་དཔག་བྱེད་ཐུབ་པ་ཞིག་རེད་ལ། གནས་ཚུལ་འདིས་སྔོན་ཆད་ཨུ་རུ་སུས་ཧྤིན་ལན་ཌི་རྒྱལ་ཁབ་ལ་བཟུང་བའི་བར་གནས་སྲིད་ཇུས་དེ་རྒྱ་གར་ལ་ཡང་འབྱུང་དུ་འཇུག་ངེས་སྟེ། དེ་དུས་རྒྱ་གར་གྱི་དཔོན་རིགས་ཚོ་པེ་ཅིན་ལ་རྟག་ཏུ་གནས་སྐོར་དུ་སོང་ནས་རྒྱལ་སྤྱིའི་གནད་དོན་ཆེ་ཁག་ཐད་ལ་རྒྱལ་ཁབ་ཀྱི་ཁེ་ཕན་བློས་གཏོང་གིས་འབྲེལ་མཐུན་བཟོ་རྒྱུ་དེ་རེད།

དོན་ཚན་མཐའ་མ་དེ་ནི་ད་ལྟའི་རྒྱ་ནག་གི་མ་འོངས་བའི་བརྡ་འཕྲིན་དང་རྒྱལ་སྤྱིའི་སྨྲ་བརྗོད་རང་དབང་སྐོར་ཀྱི་བསམ་འཆར་དེ་དག་རེད། རྒྱ་གར་གྱི་སྨྲ་བརྗོད་རང་དབང་གིས་རྒྱ་ནག་ལ་ཕོགས་ཐུག་གཏང་ན་རྒྱ་གར་གྱི་རང་སྐྱོང་སྲིད་བྱུས་ལ་ཉེན་ཁ་ཞིག་ཏན་ཏན་འཕྲད་ངེས་པ་དེ་རེད། གཏམ་གླེང་འདིའི་བདག་དབང་ནི་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་གྱི་གནོན་ཤུགས། དེ་བཞིན་དྲ་རྒྱའི་བཙན་འཛུལ་དང་ལྟ་རྟོགས། གཙང་འཚག་སོགས་ཀྱི་ཆེད་ལས་ཀྱི་ལག་རྩེད་སོགས་མཉམ་འདུས་ཀྱིས་དབང་གིས་ལེགས་འགྲུབ་བྱུང་བ་ཞིག་རེད།

གལ་ཏེ་མི་སུ་ཞིག་ལ་རྒྱ་གར་ནག་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་ལ་ཆ་རྒྱུས་ཡོད་ན། དེ་ནི་རྒྱ་ནག་གི་གནོན་ཤུགས་ཏག་ཏག་ལ་རྒྱ་གར་གྱིས་གནས་སྐབས་རང་གི་ངོ་རྒོལ་ཙམ་ལས་བྱེད་མ་ཐུབ་པར་བརྟེན་ནས་བྱུང་བའི་བརྒྱུད་རིམ་ཞིག་ཡིན་པ་གསལ་བོ་ཤེས་ཐུབ་ལ། རྒྱ་རྐྱེན་འདིས་མཐའ་མར་རྒྱ་གར་ཉམས་རྒུད་དུ་བཏང་བ་རེད། ༡༩༥༠ ཙམ་ལ། རྒྱ་གར་གྱི་བོད་དེ་རྒྱ་ནག་གི་ཆ་ཤས་སུ་སྒྲུབ་པར་གྲོས་མོལ་བྱས་པ་རེད། ད་ལྟའི་ཆར་རྒྱ་གར་གྱིས་ཀཱ་ཤི་མིར་དང་ཨ་རུ་ན་ཅལ་མངའ་སྡེ་གཉིས་རང་ཁོངས་སུ་མཉམ་བསྡེབས་བྱེད་རྒྱུ་གྲོས་མོལ་བྱེད་ཀྱི་ཡོད། དེར་བརྟེན་འགྲན་རྩོད་ཀྱི་ས་མཚམས་དེ་རྒྱ་གར་ལས་རིང་དུ་འགྲོ་བཞིན་ཡོད་ལ། དེ་ད་དུང་མུ་མཐུད་དུ་རྒྱ་གར་ལས་རིང་དུ་འགྲོ་ངེས་པ་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། དེ་ཡང་སྟོབས་ཤུགས་དོ་མཉམ་བྱེད་པ་ནི་དཀའ་རྙོག་འདི་རང་བཞིན་གྱིས་སེལ་འགྲོ་བར་ཡིད་ཆེས་བྱེད་པའི་མི་དེ་ཚོའི་སྒང་ལ་ཡང་བདེན་དཔང་གི་ཁུར་བོ་ཞིག་ཡོད་པ་དེ་རེད།

རྩོམ་ཐུང་འདིའི་དམིགས་ཡུལ་ནི་འབྱུང་འགྱུར་གྱི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ལ་རྒྱ་གར་གྱིས་རྒྱ་ནག་དང་མཉམ་དུ་འབྲེལ་འདྲིས་བྱ་དུས་དངོས་ཡོད་ཀྱི་ཉེན་ཁ་འདི་དག་ཡོང་ངེས་པ་རེད་ཅེས་གསལ་སྟོན་བྱེད་རྒྱུ་དེ་ཡིན་ལ། བདེ་འཇགས་མེད་པའི་ད་ལྟའི་གནས་སྟངས་ཀྱང་རེད་འདོད། རྩོམ་ཡིག་རྗེས་མའི་ནང་དུ་ང་ཚོས་གནས་སྟངས་འདི་ལ་ཞིབ་འཇུག་གཏིང་ཟབ་ཅིག་བྱས་ནས་ཕུགས་འབྲས་ཡག་པོ་ཡོང་བའི་རྒྱུ་རྐྱེན་འཚོལ་ཞིབ་བྱ་རྒྱུ་ཡིན།

(འཛུམ་ཆུང་བཀྲ་ཤིས་སམ་སྙུག་མིང་ལ་གཅན་འོད་འབར་ནི་བོད་མདོ་སྨད་གཅན་ཚ་རུ་སྐྱེས། ཉིས་སྟོང་བཅུ་གཅིག་ལོའི་ལོ་མཇུག་ཏུ་ལྡི་ལིའི་མཐོ་རིམ་སློབ་གྲྭ་ནས་ཆབ་སྲིད་རབ་འབྱམས་པ་ཐོན་ཞིང་། ད་ལྟ་ཆབ་སྲིད་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་བྱེད་ཞོར་དུ་རྩོམ་རིག་གི་ཕྱོགས་ལ་འབད་པ་བྱེད་ཀྱིན་ཡོད།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to བྱང་གི་ཁྱིམ་མཚེས།

  1. སྦྱིན་པ་ ནས།

    རྒྱ་གར་པའི་ནང་གི་དཀའ་ངལ་ཆེ་ཤོས་ནི་ལྐོག་ཟ་རུལ་ཟོང་མ་ཡིན་ནམ།
    ལྐོག་ཟ་རུལ་ཟོང་ནི་རྒྱ་གར་པའི་མ་མེས་ཡང་མེས་ཚོ་ནས་རྒྱུད་པའི་གོམས་སྲོལ་ཡག་ཤོས་དེ་ཡིན་ཟེར་སྲོལ་འདུག

  2. སྦྱིན་པ་ ནས།

    རྒྱ་གར་པ་སྐྲག་ས་གཙོ་བོ་ཡང་རྒྱ་ནག་ཡིན།

Write a Reply or Comment

Your email address will not be published. Required fields are marked *

*