རྒྱ་གར་ནང་གི་བོད་མི་ཚོར་མི་སེར་ཐོབ་ཐང་མཁོ་བའི་གནད་དོན།(སྔ་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་མོའི་ར་མོ་ནས་ཧན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

གོང་གི་འདྲ་པར་འདི་ནི་རྡ་རམ་ས་ལར་འབྱོར་བའི་༡༩༦༥ལོའི་སྐྱབས་བཅོལ་བོད་མི་ཁག་ཅིག་རེད།
(ཁོ་མོས་“བཙན་བྱོལ་བོད་མི་ཚོ་སྐྱབས་བཅོལ་བ་རེད་དམ་རྒྱ་གར་གྱི་མི་སེར་རེད།”ཅེས་པའི་རྩོམ་ཡིག་དེ་སྤེལ་རྗེས་བོད་མི་སྐྱབས་བཅོལ་བ་ཚོའི་ཁྲིམས་མཐུན་གྱི་གནས་བབ་སྐོར་ལ་གླེང་སློང་བྱེད་རྒྱུར་སྐུལ་བའི་འཕྲིན་ཐུང་མང་པོ་ཞིག་འབྱོར་བྱུང་། བལ་ཡུལ་ནང་དུ་གོ་སྐབས་དཀོན་པ་དང་ཕྱིའི་གནས་བབ་ཧ་ཅང་ཛ་དྲག་ཡིན་པས། རྩོམ་ཡིག་འདིའི་ནང་རྒྱ་གར་ནང་གི་བོད་མི་རྣམས་ཀྱི་གནས་བབ་དང་བོད་མི་གང་མང་ཞིག་ནུབ་ཕྱོགས་སུ་ཐར་ལམ་འཚོལ་བཞིན་པར་གེགས་དང་བར་ཆད་གང་འདྲ་ཡོད་མེད་ཞིབ་འཇུག་བྱེད་རྒྱུ་ཡིན།)

མ་ཡུམ་རྒྱ་གར། སྐྱབས་བཅོལ་གྱི་རྟེན་གཞི།

༸གོང་ས་སྐྱབས་མགོན་རིན་པོ་ཆེ་རྒྱ་གར་རྡ་སར་བཞུགས་པའི་རིང་ལ་རྒྱ་གར་ནང་གི་བོད་མི་ཚོར་སྲུང་སྐྱོབ་ཀྱི་རྩིག་གྱང་ཞིག་ཡོད་ཀྱང་། བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་སྒྲོམ་གཞིའི་དཀའ་ངལ་ཞིག་འཕྲད་འགོ་ཚུགས་ཡོད། རྒྱ་གར་གྱི་སྲིད་བློན་འདས་པོ་ནེའུ་རོ་མཆོག་གིས་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་འཛུགས་སྐྲུན་བྱས་པའི་གཞིས་ཆགས་ཁག་ནི་བོད་མི་རྣམས་གཏན་སྡོད་ཀྱི་ཆེད་དུ་བཙུགས་པ་མ་རེད། ཡིན་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་ད་བར་དུ་༡༩༦༠་ལོ་ནས་བཟུང་བཏིངས་བའི་ལས་འཆར་ཁག་མཇུག་སྐྱོང་བཞིན་ཡོད་ལ། ལས་འཆར་དེ་དག་གི་འགྲོ་སོང་ཡོད་ཚད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཁ་ཤས་ཤིག་ཕུད་མང་ཆེ་ཤོས་རྒྱ་གར་གཞུང་གིས་མུ་མཐུད་ནར་གཏོང་བྱེད་ཀྱི་ཡོད། རོགས་སྐྱོར་འདི་དག་གིས་ཁོང་ཚོའི་གཞི་རྩའི་དགོས་མཁོ་ཙམ་སྒྲུབ་ཀྱི་ཡོད་ཀྱང་། གཞིས་ཆགས་རྙིང་པ་ཁག་ད་ལྟ་ཁ་འཐོར་ཏུ་འགྲོ་བཞིན་ཡོད་ལ། ད་ལྟའི་དུས་འདིར་གཞིས་ཆགས་ནང་དུ་ཁྱིམ་ཚང་གང་མང་ཞིག་གི་འཚོ་བའི་འཁོས་སྦྱོར་ཞན་ཞིང་། བཟའ་ཁ་འཐོར་བ། ལོ་ངོ་དྲུག་ཅུ་ཙམ་གྱི་རིང་ལའང་ཁྲིམས་ཐོག་ནས་སེལ་མ་ཐུབ་པའི་བོད་པའི་ལས་དབང་ལ་ཡིད་ཐང་ཆད་ནས་བསྡད་ཡོད།

ལོ་ངོ་༥༣་འདས་བའི་རྗེས་ཀྱི་དེ་རིང་བཙན་བྱོལ་ནང་གི་བོད་མི་ཚོར་མི་སེར་གྱི་ཐོབ་ཐང་ནི་དགོས་མཁོ་ཆགས་ཡོད། ཁོང་ཚོས་མི་སེར་གྱི་ཐོབ་ཐང་རག་ཐབས་བྱས་ཏེ་དངོས་སུ་ཐོབ་ཐང་ལོངས་སྤྱོད་བྱེད་མཁན་ཚོར་ཡིད་སྨོན་བྱེད་ཀྱི་ཡོད། ཉུང་མཐར་ཡང་སྐབས་བཅུ་བཞི་བའི་བཀའ་ཤག་གི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་ལ་ཁ་ན་ཌའི་མི་སེར་ཐོང་ཐང་དང་། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་ལ་ཨ་རིའི་མི་སེར་གྱི་ཐོབ་ཐང་། ནང་སྲིད་ལྷན་ཁང་གི་བཀའ་བློན་རྒྱལ་རི་སྒྲོལ་མར་རྒྱ་གར་གྱི་མི་སེར་ཐོབ་ཐང་ཡོད། སྐབས་སྔོན་མའི་བཀའ་ཤག་ནང་དུའང་རྒྱལ་ཁབ་གཞན་གྱི་མི་སེར་ཐོབ་ཐང་ཡོད་མཁན་མང་པོ་ཡོད། བཀའ་ཁྲི་བློ་བཟང་སེང་གེ་ཡང་ཨ་རིའི་ནང་དུ་ལོ་མང་རིང་བསྡད་པར་བརྟེན་ཨ་རིའི་མི་སེར་ལག་འཁྱེར་མེད་ནའང་ལག་དེབ་ལྗང་ཁུ་ཡོད་རྒྱུ་རེད། གལ་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་པ་མང་པོ་ཞིག་ལ་རྒྱལ་ཁབ་གཞན་གྱི་མི་སེར་ཐོབ་ཐང་ཡོད་ན། ཁོང་ཚོས་བོད་མི་གཞན་རྣམས་ལའང་ཐོབ་ཐང་དེ་རག་ཆེད་རོགས་རམ་གང་ཐུབ་བྱེད་དགོས་པ་མ་ཡིན་ནམ།

༢༠༡༡་ལོར་བོད་ཀྱི་ཁྲིམས་ལུགས་ལྟེ་གནས་ཁང་གིས་བཏོན་པའི་ཁ་བྱང་དུ་“རྒྱལ་ཁབ་མེད་པའི་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ། པོད་གཉིས་པ།”ཞེས་པའི་སྙན་ཐོ་ཁྱད་དུ་འཕགས་པ་ཞིག་བཏོན་འདུག།(པོད་དང་པོ་ནི་རྒྱལ་ཁབ་མེད་པའི་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཞེས་པ་ཡིན། དྲ་ཚིགས་འདིའི་ཐོག་ནས་ཞིབ་ཀློག་ཐུབ་ཀྱི་ཡོད།www.tibetjustice.org)སྙན་ཐོ་དེའི་ནང་འཁོད་དོན། “རྒྱ་གར་ཀྱིས་ལག་བསྟར་བྱེད་བཞིན་པའི་ཁྲིམས་ལུགས་གཞིར་བཞག་ན། བོད་མི་ཞིག་གིས་རྒྱ་གར་གྱི་མི་སེར་ཐོབ་ཐང་རེག་པར་མི་དེས་ངེས་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དགག་བྱ་མེད་པའི་ཡིག་ཆ་བླངས་ཏེ་རྒྱ་གར་གཞུང་ལ་ཕུལ་དགོས། ཡིག་ཆ་དེས་བོད་མིའི་སྒྲིག་འཛུགས་ནི་དོ་བདག་གི་སྲུང་སྐྱོབ་ཀྱི་རྒྱབ་བསྙེས་ས་དང་། གང་ཟག་སྒེར་གྱི་ངོས་ནས་བཙན་བྱོལ་བོད་མིའི་སྐུ་ཚབ་མཚོན་གྱི་ཡོད་པའི་དཔང་ཡིག་ཡིན་པ་སྟོན་གྱི་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ནི་བོད་མི་སུ་དང་གང་ཡིན་ཡང་རྒྱ་གར་གྱི་མི་སེར་ཐོབ་ཐང་ཡི་གེ་ལེན་འདོད་ཡོད་ཚེ་བཀག་འགོག་བྱེད་རྒྱུ་མིན་ཀྱང་། བོད་གཞུང་གི་ལས་བྱེད་དང་གཞིས་སྒར་ཁག་ཏུ་ཡོད་པའི་བོད་མི་མང་པོ་ཞིག་གིས་སྔོན་ནས་ད་བར་དུ་རྒྱ་གར་ནང་ཡོད་པའི་བོད་པ་རྣམས་ངེས་པར་དུ་སྐྱབས་བཅོལ་རང་གི་ངོ་བོར་འདུག་པ་དེ་གནད་འགག་ཞིག་ཏུ་བརྩི་བཞིན་འདུག བོད་མི་ཚང་མ་ལྟ་བ་དང་ལངས་ཕྱོགས་འདིའི་འོག་ནས་མཇུག་མཐར་བོད་རང་བཙན་ནམ་རང་སྐྱོང་གང་ཐོབ་ཀྱང་བོད་ལ་ལོག་རྒྱུ་དང་། གཞི་རྩའི་ཆ་ནས་བོད་མི་སོ་སོའི་མི་མང་གི་ངོ་བོ་དང་ལར་ཞེན་མི་འདོར་རྒྱུ་དེ་རེད།བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གང་ཡིན་ལ་མ་ལྟོས་པར། དངོས་ཡོད་ལག་ལེན་གྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་མི་སེར་ཐོབ་ཐང་ཞུ་བར་དགག་བྱ་མེད་པའི་ཡི་གེ་སྤྲོད་འདོད་མེད་པ་ནི་འགོག་རྐྱེན་ཆེན་པོ་ཞིག་རེད་ཅེས་བོད་མི་མང་པོ་ཞིག་གིས་བརྗོད་ཀྱི་འདུག

དམའ་ཆུང་ས་ནས་འདང་བརྒྱབ་ཀྱང་བོད་རང་བཙན་ཡང་ན་རང་སྐྱོང་གང་རུང་ཐོབ་སྟེ་བོད་ལ་མགྱོགས་པོར་ལོག་རྒྱུའི་འབྲས་བུ་ཐོན་རྒྱུ་ཁག་པོ་རེད། བཀའ་བློན་ཁྲི་བར་རྒྱ་གར་རྒྱལ་ཡོངས་སུ་སྐྱབས་བཅོལ་གྱི་ལྕགས་སྒྲོག་གིས་བཅིངས་ཤིང་། ཁ་འཐོར་དགུ་འཐོར་གྱི་ཉམས་ཉེས་ཁྲོད་ལྷག་པའི་གཞིས་ཆགས་ནང་གི་སྐྱེས་པ་ཕོ་མོ་དང་ལོ་ཆུང་བྱིས་པ་བཅས་ལ་རོགས་སྐྱོར་ཀྱི་ཆེད་དུ་དམིགས་པའི་འཆར་གཞི་དེ་འདྲ་ཡོད་དམ། ལྷོ་ཤར་ཨེ་ཤ་ཡའི་ནང་དུ་སྐྱབས་བཅོལ་བ་ཚོར་བཟོད་སྒོམ་དང་གོ་སྐབས་ཇེ་ཉུང་དུ་འགྲོ་བཞིན་པའི་དུས་རབས་ཉེར་གཅིག་པའི་སྐབས་སུ་སྐྱབས་བཅོལ་བོད་མིའི་ཁ་གྲངས་མང་ཤོས་དང་ལྟེ་གནས་གལ་ཆེན་དུ་བརྩི་བའི་སྤྱི་ཚོགས་འདི་མུ་མཐུད་ཡུན་རིང་གནས་ཐབས་ཀྱི་ཐབས་བྱུས་ཅི་ཞིག་ཡོད་དམ།

བོད་མི་ཚོ་གཏན་འཇགས་ཀྱི་སྐྱབས་བཅོལ་ཡིན་ནམ།

རྒྱ་གར་ནང་གི་བོད་མི་ཚོ་དམར་པོའི་དབང་འོག་ཏུ་ཤོར་བའི་སོ་སོའི་མི་རིགས་ཀྱི་ངོ་བོ་གཙོས་བའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཆེད་ངེས་པར་དུ་སྐྱབས་བཅོལ་བའི་ངོ་བོར་གནས་དགོས་ཞེས་པའི་ལངས་ཕྱོགས་ཏེ།སྐྱབས་བཅོལ་དུ་འབྱོར་མ་ཐག་པའི་ལོ་ཟླ་ལ་ཆ་བཞག་ན་གནད་ལ་འཁེལ་བ་ཞིག་ཡིན་ཡང་། ད་ལྟའི་དུས་སུ་གླེང་སློང་བྱེད་རིན་དེ་ཙམ་མེད། “ཁ་འཐོར་དགུ་འཐོར་གྱི་བོད་མི། བཙན་བྱོལ་ནང་གི་དཀའ་ངལ།”ཞེས་པའི་དཔེ་དེབ་ནང་དུ་ལྡི་ལི་ནེའུ་རོ་གཙུག་ལག་སློབ་གྲྭའི་མཁས་དབང་ཟླ་བ་ནོར་བུ་ལགས་ཀྱིས་མི་རིགས་ཀྱི་ངོ་བོ་མཚུངས་འགྱུར་དང་རྙོག་བསྲེས་མི་ཡོང་བའི་གནད་དོན་གོ་བསྡུར་མང་པོ་བྱས་དོན་ལྟར་ན། “རྒྱ་གར་ནང་གི་བོད་མི་རྣམས་ནི་རྐང་བཙུགས་ཏེ་བོད་པའི་སྲོག་ཤིང་མ་ཉམས་པའི་སྤྱི་ཚོགས་ཤིག་གི་ངོ་བོར་བསྐྱར་འཛུགས་བྱས་པ་རེད་ཞེས་པ་དེ་༡༩༦༠་རེ་གྲངས་ཀྱི་གནས་སྟངས་ལ་གཞིག་ན་བསམ་ཤེས་བྱེད་ཐུབ་པ་ཞིག་རེད། འོན་ཀྱང་། ད་ལྟའི་དུས་སུ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་ལ། རྒྱ་གར་ནང་གི་བོད་མི་ཚོ་གནས་སྡོད་བྱེད་ཡུལ་རྒྱ་གར་སྤྱི་ཚོགས་དང་ལོགས་སུ་འདུག་དགོས་དོན་མེད་པར་རྒྱ་གར་མི་མང་དང་མཉམ་བསྡེབ་བྱེད་དགོས་པའི་གླེང་སློང་བྱེད་མཁན་ཡང་ཡོད།”

གལ་ཏེ། བོད་མི་རྣམས་སྐྱབས་བཅོལ་དུ་ཡོང་བའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གི་དབང་བསྒྱུར་གྱི་འཆིང་རྒྱ་ལས་གྲོལ་རྒྱུ་དང་། རང་དབང་ངང་འཚོ་བ་སྐྱེལ་བ། བོད་དོན་འཐབ་རྩོད་བྱེད་རྒྱུ་དེ་ཡིན་ན། འཛམ་གླིང་གི་ཆེས་ཆེ་བའི་མང་གཙོའི་ལུང་པ་དང་། ནུབ་ཕྱོགས་རྒྱལ་ཁབ་གཞན་གང་དང་བསྡུར་ནའང་བོད་ཀྱི་ཆོས་དང་རིག་གཞུང་གཉིས་དར་རྒྱས་ཤུགས་ཆེན་ཕྱིན་པ། ལྷག་པར་དུ་རྒྱལ་བ་རིན་པོ་ཆེ་སྐུ་དངོས་སུ་བཞུགས་ཡུལ། བོད་མི་མང་པོ་ཞིག་སྔ་ས་ནས་མཉམ་བསྡེབས་བྱས་པའི་སྤྱི་ཚོགས། བོད་མི་ཚོའི་སྲུང་སྐྱོབ་དང་སྲོག་སྐྱོབ་ཀྱི་དྲིན་ཅན་རྒྱ་གར་རྒྱལ་ཁབ་ནང་དུ་བོད་མི་མང་པོ་ཞིག་ཉམས་རྒུད་དུ་འགྲོ་བཞིན་པ་དང་། ཁེར་ཆད་དུ་ལུས་བའི་གཞིས་ཆགས་ལམ་ལུགས་ནང་དུ་ལས་ཀ་བྱེད་མི་ཐུབ་པ་དང་། འོས་ཤོག་འཕེན་རྒྱུར་སྟབས་ཁ་མི་ལེགས་པ། མཁར་ཁང་པ་ཉོས་ཏེ་ཚོང་ལས་ཀྱི་ནང་དུ་ཆ་ཤས་ལེན་པ་སོགས་ཀྱི་ཁེ་ཕན་རིང་དུ་དོར་བའི་གནས་བབ་འོག་ཡོད་པ་དེས་བོད་ཀྱི་རྩ་དོན་ལ་ཕན་གྱི་རེད་དམ།

ཁོ་མོས་ཉེ་ཆར་སྤེལ་བའི་རྩོམ་ཡིག་“བཙན་བྱོལ་བོད་མི་ཚོ། སྐྱབས་བཅོལ་བ་རེད་དམ་རྒྱལ་ཁབ་ཞིག་གི་མི་སེར་རེད།”ཞེས་པར་རྒྱ་གར་འབྲས་ལྗོངས་སུ་རྒྱ་གར་གཞུང་གི་གཞུང་ཞབས་པ་རྒན་པ་ཞིག་གི་ངོ་བོར་ཕྱག་ལས་གནང་མྱོང་མཁན་དང་། རྗེས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ནང་དུའང་ཕྱག་ལས་གནང་མྱོང་མཁན་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས་ལན་འདེབས་བྱས་དོན་ལྟར་ན། “རྒྱ་གར་གྱིས་ང་ཚོའི་གནས་སྡོད་ཆོག་མཆན་ཡི་གེ་དུས་འགྱངས་གཏོང་བ་མ་ཟད། རེ་སྐུལ་ཞུས་བ་ཡིན་ན། ཁྲིམས་མཐུན་འོག་མི་སེར་གྱི་ཐོབ་ཐང་ཡང་སྤྲོད་པའི་གདེང་ཚོད་ང་ལ་ཡོད། ཡིན་ནའང་རྡ་རམ་ས་ལར་ཡོད་པའི་མི་རབས་རྒན་པ་ཚོས་ང་ལ་ནམ་རྒྱུན་གསུངས་རྒྱུར། གལ་སྲིད་ང་ཚོ་ཚང་མས་རྒྱ་གར་གྱི་མི་སེར་ཐོབ་ཐང་ལེན་པ་ཡིན་ན། བོད་ནང་གི་བོད་མི་ཚོས་ང་ཚོ་ཚང་མ་རྒྱ་གར་གྱི་མི་སེར་ཆགས་སོང་སྙམ་སྟེ་སེམས་ཤུགས་ཆགས་རྒྱུ་ཡིན་པ་གསུངས་བྱུང་། གནས་ལུགས་འདིའི་ཐོག་ནས་ད་ལྟ་ནུབ་ཕྱོགས་རྒྱལ་ཁབ་དུ་ཡོད་པའི་བོད་མི་ཚོས་སོ་སོ་སྡོད་སའི་རྒྱལ་ཁབ་དེའི་མི་སེར་ཐོབ་ཐང་བླངས་བ་དེས་བོད་ནང་གི་བོད་མི་ཚོས་ཡིད་ཆེས་ཆུ་ལ་བསྐུར་ཡོད་རྒྱུ་རེད། དེ་མཚུངས་ཀྱི་གནད་དོན་གཞན་ཞིག་ནི། སྔ་མོ་འབྲུག་རྒྱལ་ཁབ་ཀྱིས་འབྲུག་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོའི་ཆོས་དང་རིག་གཞུང་གང་ཅིའི་ཐད་ནས་འབྲུག་པ་དང་གཅིག་པ་ཡིན་པའི་ཆ་ནས་འབྲུག་པའི་མི་སེར་ཐོབ་ཐང་ལེན་ཆོག་པའི་བཀའ་རྒྱ་བཏང་སྐབས། རྡ་སའི་བོད་མིིའི་སྒྲིག་འཛུགས་ཀྱིས་བོད་མི་ཚོར་བཀའ་རྒྱ་དེ་དང་ལེན་བྱེད་མི་ཉན་པའི་སྐུལ་མ་བྱས་འདུག རྡ་སའི་ལམ་སྟོན་ལ་རྒྱབ་གཏོད་མཁན་གྱི་བོད་མི་ཚོ་ད་ལྟ་འབྲུག་པའི་མི་སེར་ཆགས་ཡོད་ལ། ད་ལྟའི་ཆར་འཚོ་བ་སོགས་གང་ཅིའི་ཐད་ནས་ཡག་ཐག་ཆོད་ཡོད་པ་མ་ཟད་འབྲུག་ཡུལ་དུ་གནས་པའི་བོད་མི་བཟང་པོ་ཁག་ཅིག་ཀྱང་རེད།”

རང་ཉིད་རང་གི་བདག་པོ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོར་ཕྱི་རྒྱལ་དུ་མི་སེར་གྱི་ཐོབ་ཐང་རག་པའི་གོ་སྐབས་མང་པོ་ཡོད། རྒྱལ་ཁབ་གང་རུང་ཞིག་ཏུ་སྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་གནང་སྐབས་ཁོང་ཚོར་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་སེར་ཐོབ་ཐང་ལས་སླ་བོར་རག་གི་ཡོད། ཕྱི་རྒྱལ་དུ་ལས་བགོ་བྱས་རྗེས་སུ་ཁོང་ཚོས་སོ་སོའི་ནང་མི་དང་གཉེན་ཉེ་ཚོར་མི་སེར་ཐོབ་ཐང་རག་པའི་ཁྲིམས་མཐུན་གྱི་བརྒྱུད་རིམ་ཁག་འགོ་འཛུགས་ཆོག རྒྱལ་ཁབ་མེད་པའི་ངོ་བོར་ལྷག་པའི་རྒྱ་གར་ནང་གི་བོད་མིི་ཚོར་མཚོན་ན་གོ་སྐབས་འདྲ་མིན་གྱི་སྒོ་མོ་འགག་བསྡད་ཡོད་དུས། རྒྱལ་ཁབ་གཞན་དུ་འགྲོ་བའི་གོ་སྐབས་ཡོད་མཁན་ཚོས་གོ་སྐབས་་དམ་འཛིན་བྱེད་པ་ནི་སྨོས་མ་དགོས་པ་ཞིག་རེད།

འོན་ཀྱང་རྒྱ་གར་ནང་གི་བོད་མི་ཚོར་ཁྲིམས་མཐུན་གནས་སྤོ་བྱེད་པའི་གོ་སྐབས་ཁ་ཤས་ལས་མེད། རྒྱ་གར་ནང་གི་བོད་མིའི་གཞིས་སྒར་ཁག་ཏུ་ལག་ལེན་བསྟར་བའི་གཞིས་སྤོའི་ལས་འཆར་ཁག་གིས་ནང་མི་ཟླ་སྒྲིལ་ཡོང་བའི་སྒོ་མོ་ལྟ་བུ་བྱས་ཡོད། དེང་སང་བོད་མི་མང་པོ་ཞིག་གིས་སོ་སོའི་ངོ་བོ་བརྗེ་བོ་རྒྱག་གི་ཡོད་པའི་གནས་ཚུལ་གོ་རྒྱུ་ཡོད་པ་ནི། དང་པོ་ཡུལ་སྐོར་མཐོང་མཆན་བེད་སྤྱད་དེ་ཨ་རིར་སླེབས་མཚམས་སྐྱབས་བཅོལ་ཞུ་གི་ཡོད་པས། གཞུང་ཚབ་ཀྱི་འབྲེལ་ཡོད་ལས་བྱེད་ཚོས་བོད་མི་མཐོང་མཆན་ཞུ་མཁན་རྣམས་ཀྱི་རྒྱབ་ལྗོངས་ལ་དཔྱད་ཞིབ་མང་པོ་མི་བྱེད་པར་ཐད་ཀར་ཕྱིར་འཐེན་བྱེད་ཀྱི་ཡོད། ཁོང་ཚོས་སེམས་སུ་བོད་མི་རྣམས་སྐྱབས་བཅོལ་བ་ཡིན་པར་བརྟེན་ཕྱིར་རྒྱ་གར་དུ་ལོག་སྲིད་པའི་ཡིད་ཆེས་བྱེད་གཞིའི་རྒྱུ་མཚན་ཅིག་རྙེད་ཀྱི་མེད།

རྒྱལ་ཁབ་མེད་པའི་དཀའ་ངལ་དེར་ཡ་མེད་བཏང་སྟེ། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ནང་གི་བོད་མི་ཚོ་སྤྱི་ཚོགས་ཀྱི་གནས་བབ་ཐེབས་ཆག་ཅིག་གི་ནང་དུ་ལྷག་བཅུག་པ་དེས་འོས་འཕེན་མཁན་གྱི་ཁ་གྲངས་༡༠,༠༠༠༠ཙམ་ཟིན་གྱི་ཡོད། ད་ཆར་བོད་མི་སྟོང་ཕྲག་མང་པོ་མཐོང་མཆན་བར་འཚོང་བ་དག་གི་ཁ་འོག་ལག་འོག་ཏུ་ཚུད་ཡོད། མཐོང་མཆན་བར་འཚོང་བ་དག་གིས་ཨ་ཆད་འུ་ཐུག་ཞིང་། མི་ཚེའི་ནང་དུ་འགྱུར་བ་ཞིག་མཐོང་རེ་བཅིངས་བའི་བོད་མི་ཚོའི་ལག་ནས་སྒོར་མོ་ཕོན་ཆེན་ལེན་གྱི་ཡོད། རྡ་རྗེ་ལེན་ནས་ཡིན་པའི་བོད་མི་གསར་འགོད་པ་ཞིག་གིས་བརྗོད་དོན་ལྟར་ན། “མི་མང་ལ་གཞུང་གི་ངོས་ནས་རོགས་རམ་དེ་འདྲ་ཐོབ་ཀྱི་མེད་དུས། ནག་ཚོང་རྒྱག་རྒྱུ་ནི་ཁོང་ཚོའི་མདུན་དུ་ལྷག་པའི་གདམ་ག་ལྟ་བུ་རེད། དེ་ནི་འབྱུང་འགྱུར་གྱི་མཇུག་འབྲས་གང་འདྲ་འབྱུང་མིན་བཤད་ཚོད་མི་ཐེབས་པའི་ཉེན་ཁ་ཅན་གྱི་ལམ་ཁ་ཞིག་རེད།”

དཔེར་ན། མཐོང་མཆན་བར་འཚོང་བ་དག་གིས་མཐོང་མཆན་རེར་རྒྱ་གར་གྱི་སྒོར་མོ་འབུམ་༡༠་ནས་༡༥་ལེན་གྱི་ཡོད། དེ་ནི་ཨ་སྒོར་སྟོང་ཕྲག་༤༠ནས་༦༠་ཙམ་གྱི་རིན་ཐང་རེད།ཚོང་ལས་འདི་བསྒྲུབ་མཁན་གྱི་ཤོག་ཁག་ཆེན་པོ་ཁ་ཤས་ཤིག་ཡོད། ཁོང་ཚོས་ཨེ་ཤ་ཡ་དང་།ཡོ་རོབ།ཨ་རི་བཅས་ཀྱི་ནང་དུ་ཁྱབ་པའི་ཚོང་འབྲེལ་ལ་བར་ཆད་མེད་ཅིང་ཉེས་ཆད་མ་ཕོག་པར་སྒོར་མོ་ཕོན་ཆེན་གསོག་གི་ཡོད། ཨ་རིའི་ཕྱི་སྲིད་ལྷན་ཁང་དང་རྒྱ་གར་གྱི་ནང་སྲིད་བློན་ཆེན་གཉིས་ལ་མགོ་སྐོར་གཏོང་བ་ནི་ནག་ཉེས་ཤིག་རེད། འོན་ཀྱང་། གཡོ་ལྷད་མེད་པའི་ཚོང་ཤག་དེ་ཚོས་སོ་སོའི་སྒོར་མོ་ཕོན་ཆེན་ཞིག་སྤྲད་དེ་ནག་ཉེས་ཅན་དེ་ཚོར་ཡིད་ཆེས་བྱེད་ཀྱི་ཡོད་པ་དེའི་མཇུག་འབྲས་ཅི་ཡིན་ཤེས་ཀྱི་མེད་ཀྱང་། ཁོང་ཚོའང་རང་བཞིན་གྱིས་ནག་ཉེས་གསོག་མཁན་གྱི་ཚོགས་སྡེ་དེའི་ཚོང་ལས་ཀྱི་ནང་དུ་ཚུད་པ་རེད།

ངས་པདྨ་དགའ་གཞོན་གྱི་བྱ་སྤྱོད་ལས་བསགས་པའི་ཉམས་མྱོང་ལ་གཞིགས་ན། ཁོང་གིས་ངས་རྒྱ་གར་གཞུང་གིས་བོད་མི་རྣམས་ལ་ལྟ་སྐྱོང་ཡག་པོ་བྱེད་ཀྱི་མེད་པའི་རྫུན་གཏམ་བཤད་ཆེད་ལྐོག་རྔན་སྤྲོད་རྩིས་བྱས་པ་རེད། བལ་ཡུལ་གྱི་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དབང་ཕྱུག་ཚེ་རིང་ལགས་ཀྱི་བརྗོད་དོན། “བྱ་སྤྱོད་འདི་འདྲ་བརྩམས་པ་ནི་བློ་འགྱོད་དང་ངོ་གནོངས་དགོས་པའི་གནད་དོན་ཞིག་རེད། ཡིན་ནའང་ཨ་རིར་ཡོད་པའི་བོད་མི་ཞིག་གིས་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་གང་མང་ཞིག་ཨ་རིེར་གནས་སྤོར་ཐུབ་པར་ཨ་རིའི་གྲོས་ཚོགས་འཐུས་མིའི་རྒྱབ་སྐྱོར་ཐོབ་པའི་སླད་དུ་ལྐོག་རྔན་སྤྲོད་ཐབས་བྱས་པ་དེ་ལ་ཧང་སངས་ཀྱི་མི་འདུག བྱ་སྤྱོད་འདི་ནི་མཉམ་སྦྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྟ་རྟོག་ལྷན་ཁང་གིས་དུས་ཡུན་རིང་པོ་འགོར་བའི་སྐྱབས་བཅོལ་བ་ཚོའི་གནས་བབ་ལ་ཞིབ་འཇུག་བྱས་པའི་རྙེད་དོན་གྱི་ཁོངས་སུ་འདུས་ཡོད། སྙན་ཐོའི་ནང་གསལ་དོན་ལྟར་ན། “སྐྱབས་བཅོལ་བ་ཚོས་བློ་ཡུལ་ལས་འདས་བའི་ཁྲིམས་འགལ་གྱི་བྱ་སྤྱོད་མང་པོ་སྤེལ་གྱི་ཡོད་པ་སྟེ། ངོ་ཚ་ཁྲེལ་གཞུང་མེད་པའི་དཔོན་རིགས་ཚོའི་ལག་ནས་སོ་སོའི་ངོ་བོ་རྫུན་བཟོ་བྱས་པའི་ཡིག་ཆ་དང་། མི་སེར་ཐོབ་ཐང་། འགྲུལ་སྐྱོད་ལག་འཁྱེར་སོགས་རེག་ཆེད་སོ་སོ་སྐྱབས་བཅོལ་སའི་ལུང་པའི་ཁྲིམས་ལ་རྩིས་མེད་གཏོང་གི་ཡོད་པ་མ་ཟད། རྒྱལ་ཁབ་མེད་པའི་སྐྱབས་བཅོལ་གྱི་གནས་བབ་འོག་མ་འོངས་བར་རེ་བ་ཆེན་པོ་མེད་པ་མཐོང་དུས་གཞོན་སྐྱེས་ཚོ་སུན་སྣང་སྐྱེ་བ་དང་། ཐབས་ཟད་འུ་ཐུག་གི་སྒོ་ནས་སྨྱོ་རྫས་ལོངས་སུ་སྤྱོད་པ་དང་། ཨ་རག་འཐུང་བ། བཤང་བཙོང་བ། ཇག་རྐུན་གྱི་ལས་རྩོམ་པའི་གནས་ཚུལ་སོགས་འབྱུང་གི་ཡོད།”

མུ་འགོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to རྒྱ་གར་ནང་གི་བོད་མི་ཚོར་མི་སེར་ཐོབ་ཐང་མཁོ་བའི་གནད་དོན།(སྔ་མ)

  1. བློ་གྲོས་ ནས།

    རྒྱ་གར་ནང་གནས་སྡོད་རིགས་ལ་མི་སེར་ཐོབ་ཐང་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེ་མངོན། ཕྱི་རྒྱལ་གྱི་མི་སེར་ལག་ཁྱེར་ལེན་ཆོག་པར་རང་རེའི་ཕ་ཡུལ་གཉིས་པའི་མི་སེར་ཞུས་པར་སྐྱོན་ཅི་ཡོད། མ་ཞུས་ནས་བསྡད་པ་ལས་ཞུས་པར་དགེ་ཚན་ཆེ་བ་དེ་ཤེས་དགོས་ཀྱི་འདུག རང་སྡུག་རང་གིས་ཉོས་ནས་བསྡད་པ་ལས་ཐོབ་ཐང་དང་གོ་སྐབས་ཡོད་པའི་ཐོག་ནས་སོ་སོའི་རྩ་དོན་ལ་ཞབས་འདེགས་ཞུས་ཆོག་གི་རེད།

Write a Reply or Comment

Your email address will not be published. Required fields are marked *

*