རྒྱ་གར་ནང་གི་བོད་མི་ཚོར་མི་སེར་ཐོབ་ཐང་མཁོ་བའི་གནད་དོན།(ཕྱི་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་མོའི་ར་མོ་ནས་ཧན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ནུབ་ཕྱོགས་སྙེག་པའི་རྨི་ལམ་ལ་ཆག་འཇིག་ཤོར་བ།

སུད་སིའི་གྲོང་ཁྱེར་རྫོ་རི་ཆི་རུ་སྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་གནང་མྱོང་མཁན་འདས་པོ་རྒྱལ་མཚན་རྒྱལ་སྡེ་ཡིས་བོད་མི་ཚོས་ནུབ་ཕྱོགས་སུ་དཀའ་ངལ་གང་འདྲ་ཞིག་མྱོང་གི་ཡོད་མེད་“ཁ་འཐོར་དགུ་འཐོར་གྱི་བོད་མི།བཙན་བྱོལ་ནང་གི་དཀའ་ངལ།”ཞེས་པའི་དེབ་ཀྱི་ནང་དུ་བྲིས་འདུག དཀའ་ངལ་མང་ཤོས་ཤིག་ནི་བློ་ཡུལ་ལས་འགོངས་བའི་རེ་བ་མཐོ་དྲགས་པའི་རྐྱེན་གྱིས་ཡོང་གི་འདུག བོད་མི་ཚོིས་ཨ་རི་ལ་བཟུང་བའི་ལྟ་ཚུལ་ནི་ཡག་ཡག་རྒྱན་རྒྱན་གྱི་ཆ་རྐྱང་རྐྱང་སྟེ། ཨ་རིར་འོ་མ་དང་སྦྲང་རྩི་ཅི་འདོད་དུ་བཞུར་གྱིན་ཡོད་པ་ལྟ་བུ་དང་། དཀའ་ལས་མང་པོ་མྱང་མི་དགོས་པར་སྒོར་མོ་གསོག་ཐུབ་པ་དེ་རེད། འོན་ཀྱང་། བོད་མི་ཕལ་མོ་ཆེས་སོ་སོའི་ཨ་རིར་བཅིངས་བའི་རྨི་ལམ་དེ་མངོན་འགྱུར་ཡོང་ཆེད་གཟའ་འཁོར་གཅིག་ཧྲིལ་བོར་ངལ་གསོ་མེད་པར་ལས་ཀ་བྱེད་ཀྱི་ཡོད། དཔེར་ན། ཕ་མ་ཚོས་རང་གི་བུ་རྒྱུད་ལ་བདག་སྐྱོང་བྱེད་རྒྱུ་བློས་གཏོང་བྱེད་ཀྱི་ཡོད་པས།བུ་ཕྲུག་ཚོས་རང་ལམ་རང་གིས་འཚོལ་དགོས་ཐུག་གི་ཡོད།”

ནུབ་ཕྱོགས་འཚོལ་སྙེག་གི་ཚ་རླབས་ཁྲོད་ནས་ཁོ་མོས་བོད་མི་མང་པོ་ཞིག་གི་མི་ཚེའི་དམིགས་འབེན་དང་སྙིང་པོ་བརླག་པ་མཐོང་མྱོང་ལ། བོད་མི་མང་པོ་ཞིག་མཐོང་མཆན་བར་འཚོང་བ་དག་གི་ཁ་འོག་ལག་འོག་ནས་ཨ་རིའི་ནང་དུ་ཡུལ་སྐོར་མཐོང་མཆན་ཐོག་འཛུལ་བ་དང་། ཁོང་ཚོར་ཐབས་ཤེས་གཉིས་པ་ཞིག་གང་འདྲ་འཐེན་ཐབས་ཡོད་མིན་གྱི་ལམ་སྟོན་མེད་པར་རྐང་བཙུགས་ཏེ་མཐོང་མཆན་དུས་ཡུན་འདའ་འཇུག་གི་ཡོད།མཐོང་མཆན་བར་འཚོང་བ་དག་གིས་ཁོང་ཚོར་གནས་སྡོད་ཆོག་པའི་ཡིག་ཆ་རེག་ཐབས་བྱེད་རྒྱུ་ཕར་ཞོག ད་དུང་ཕྱིར་ཨེ་ཤ་ཡར་ཕྱིར་སྐྲོད་བྱེད་པའི་འཇིགས་སྐུལ་བྱེད་ཀྱི་ཡོད། དེ་ལྟར་ཁོང་ཚོ་ཕ་མ་དང་བུ་ཕྲུག་ཐམས་ཅད་རྒྱབ་ཏུ་བསྐྱུར་ནས་ཡོང་བའི་ཁྲིམས་འགལ་གྱི་ཕྱི་མི་ཞིག་གི་ངོ་བོར་འཚོ་བའི་མདུན་ལམ་འགག་ནས་བསྡད་ཡོད། རྒྱ་གར་གྱི་མཐོ་སློབ་ལག་འཁྱེར་ཡོད་མཁན་གྱི་བོད་མི་ཞིག་གིས་ནེའུ་ཡོག་གྲོང་ཁྱེར་དུ་ཟ་ཁང་གི་ཟས་གཡོག་པ་ཞིག་གི་ངོ་བོར་གླ་ཆ་ཉུང་ཞིང་། ལས་ཀའི་དུས་ཡུན་ལས་བརྒལ་བའི་ལས་ཀར་ལྡབ་བརྩོན་བྱེད་དགོས་ཐུག་གི་ཡོད་ལ་བརྙས་བཅོས་ཀྱང་གཟེད་དགོས་ཀྱི་ཡོད། འོན་ཀྱང་ཁོང་ཚོ་ནི་རྙི་ལ་ཐེབས་པའི་བྱེའུ་བཞིན་འགུལ་སྐྱོད་ཆེན་པོ་རྒྱག་ས་མེད། གང་ཡིན་ཞེ་ན། ཨ་རིའི་ལུང་པར་ཁོང་ཚོ་ནི་ཕྱི་མི་རྒྱུས་མེད་ཅིག་ཡིན་པས། ཐ་ན་མི་སེར་ཐོབ་ཐང་རག་ཐབས་ཀྱི་ཐད་ལ་ལམ་སྟོན་ཞུ་ས་གང་དུ་ཡོད་མེད་ཀྱང་ཤེས་ཀྱི་མེད།

ན་ནིང་ནེའི་ཡོག་གི་ཁྲིམས་ཁང་ཞིག་གི་ནང་དུ་ལས་ཀ་གཉེར་གྱིན་པའི་ཁོ་མོའི་གྲོགས་པོ་ཞིག་གིས་ལོ་མང་རིང་བཁོན་སི(Queens)ལ་གནས་སྡོད་བྱས་བའི་བོད་པ་མ་བུ་གཉིས་ཀྱི་འཚོ་བའི་ཆག་སྒོ་དང་འབྲེལ་བའི་ཡ་ང་བའི་ལོ་རྒྱུས་ཤིག་བཤད་བྱུང་། བུད་མེད་དེའི་ཁྱོ་ག་སྔོན་མ་ནི་བོད་པ་ཞིག་རེད་འདུག ཁོས་མི་སེར་ཐོབ་ཐང་རེག་ཆེད་ཁོ་ནར་དམིགས་ཏེ་ཨ་རིའི་བུད་མེད་ཅིག་དང་མཉམ་དུ་ཆང་ས་བརྒྱབ་པ་དང་། ཁོང་གིས་ཉིན་ཞིག་མ་བུ་གཉིས་ཁྲིམས་ཁང་དུ་ཁྲིད་དེ། ཁོང་གི་ལོ་ན་༡༢་ལ་སོན་པའི་བུ་ལ་ཁྲིམས་ཀྱི་བདག་སྐྱོང་ཆ་ཚང་ཐོབ་ཆེད་ཁྲིམས་ཐོག་ནས་ཐག་གཅོད་དབྱེ་བ་བྱས་འདུག ཁོ་བོར་མཚོན་ན་རང་གི་བུ་ལ་མ་ཐུག་པར་ལོ་ངོ་༡༠་ཙམ་འདས་འདུག ཁྲིམས་དཔོན་གྱིས་ངུ་སྔངས་བྱེད་བཞིན་པའི་བུ་དེ་ཨ་མའི་ལག་ནས་བླངས་ཏེ་ཨ་ཕར་སྤྲད་བྱུང་། བོད་པའི་བུད་མེད་དེ་ཁྲིམས་མཐུན་ཡིག་ཆ་མེད་པའི་ཕྱི་མི་ཞིག་ཡིན་པར་བརྟེན། སོ་སོའི་བུ་ཕྲུག་ལ་ཁྲིམས་ཐོག་ནས་སྲུང་སྐྱོབ་ཀྱི་ཚད་གཞི་ཕྱེད་ཀ་ཙམ་ཡང་རག་པའི་ཐབས་ལམ་གྱིས་སྟོང་ནས་ཡོད་པ་ཞིག་རེད་འདུག

གཞན་ཡང་། བོད་ཕྲུག་སྐར་མ་བསོད་ནམས་ནི་ལོ་ངོ་༡༣་ཐོག་མཐོང་མཆན་བར་འཚོང་བ་ཞིག་བརྒྱུད་དེ་ཨ་རིར་འབྱོར་བ་རེད། ཁོང་གི་ཨ་ཞང་གིས་ཁོང་ཁོན་སི(Queens)དུ་ཉར་ནས་བསྡད་འདུག བུ་ཆུང་གིས་དྲིན་ཅན་མ་ལོ་དྲན་ཞིང་ཨ་རིའི་འཚོ་བར་མ་གོམས་པའི་དཀའ་ངལ་གང་མང་གདོང་གིས་བསུ་དགོས་ཐུག་ཀྱང་། ཁོ་བོའི་ཨ་ཞང་གིས་ཡོང་འབབ་ཞན་པའི་ལས་རིགས་འདྲ་མིན་ལས་དགོས་པར་བརྟེན། ཚ་བོ་བདག་སྐྱོང་བྱེད་ལོངས་མ་བྱུང་བ་རེད། ན་ནིང་སྐར་མ་བསོད་ནམས་ལོ་༡༦་ཟིན་མཚམས་ཁོང་སྲང་ཉུལ་ཇག་ཚོགས་ཤིག་གི་ནང་དུ་འཛུལ་འདུག་ལ། ད་ལྟ་ནེའུ་ཡོག་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་ཏུ་བཙོན་ལ་བཅུག་ཡོད།
” ནེའུ་ཡག་དུས་བབ།༢༠༡༡ལོའི་ཕྱི་ཟླ་༣་པའི་ཚེས་བརྒྱད། ཁོན་སུ(Queens)དུ་མེ་མདའ་གཞུ་མཁན་གཉིས་ལ་ཁྲིམས་ཆད་ཕོག་པ།”

ལེས་ཌིར་ནེ་ཁིིའི་སྲང་ལམ་ཨང་༢༥༦་པའི་ཁ་ལེབ་ཨ་དང་ཧྥུ་ལོས་ཤེན་གྱི་སྲང་ལམ་ཨང་༤༥་བའི་སྐར་མ་བསོད་ནམས་གཉིས་གཟའ་པ་སངས་ཉིན་ཉེན་རྟོག་པས་མཚོན་ཆ་ཉར་བ་དང་། རིམ་པ་གཉིས་བའི་དམར་གསོད་ཀྱི་ནག་ཉེས། མི་གསོད་ཀྱི་སྦྱོར་བ་བརྩམས་པའི་ཁྲིམས་འགལ་ནག་ཉེས་འོག་བཙོན་འཇུག་བྱས་འདུག “དོན་རྐྱེན་འདི་ནི་སོ་མ་ར་ཛའི་ལོ་མ་སྐམ་པོའི་ཐ་མ་ཁའི་ནག་ཚོང་ཞིག་ལམ་འགྲོ་མ་རྒྱུག་པར་བརྟེན་ནས་བྱུང་བ་རེད། ལོ་༡༨་ཡིན་པའི་བཁེན་(Queen)ས་གནས་གྱི་ཕོ་གསར་ཞིག་གིས་ཉེན་རྟོག་པའི་སྐར་མ་བསོད་ནམས་ཀྱི་མིང་ཕྱིར་བསྒྲགས་མ་བྱས་གོང་ནས་ཁོང་ངོས་ཟིན་འདུག དོན་རྐྱེན་དེ་ཁ་པར་གྱི་ལམ་ནས་ཞུ་གཏུག་བྱེད་མཁན་དེས་བརྗོད་དོན་ལྟར་ན། ནག་ཚོང་དེའི་ནང་དུ་ཕལ་ཆེར་ཨ་སྒོར་ཁྲི་༥་ཡི་རིན་ཐང་ཅན་གྱི་སོ་མ་ར་ཛའི་ཐ་མ་ཁ་ཡོད་པའི་ཚོད་དཔག་བྱས་འདུག ཁོང་གིས་བརྗོད་དོན།“ཨན་དང་སྐར་མ་བསོད་ནམས་གཉིས་ཀྱི་“ཤན་ཁུ་”ཞེས་བའི་མིང་ཐོག་ནས་ཐ་མག་དེ་ལེན་དུ་མེ་མདའ་རྒྱག་སའི་ཚོང་ཤག་གཉིས་ལ་སྒོར་མོ་མི་སྤྲོད་པའི་ཇུས་བཏང་སྟེ་སོང་འདུག་པ་དང་། མེ་མདའ་གཞུ་མཁན་ནི་སྐར་མ་བསོད་ནམས་གཅིག་པུ་རེད་ཟེར། འོན་ཀྱང་། ཉེན་རྟོག་པས་མེ་མདའ་གཞུས་པའི་དོན་རྐྱེན་དེའི་ནང་ཁོང་གཉིས་ཆ་ཚུད་ཡོད་པ་བསྒྲགས་འདུག།”

སེམས་ཀྱིས་བཟོད་དཀའ་བའི་གནད་དོན་གསལ་ཁ་ཅན་ཞིག་ནི། ནུབ་ཕྱོགས་སུ་བསྒྱུར་བའི་འཚོལ་སྙེག་གི་གོམ་ཁ་དེ་སྟངས་འཛིན་བྱེད་ཐུབ་པའི་ཚད་དུ་བྱས་མེད་པ་དེ་རེད། གལ་སྲིད་དཀའ་རྙོག་དེ་སེལ་བའི་གནད་དོན་ནི་ཁྲིམས་མཐུན་གྱི་གཞིས་སྤོ་ལག་བསྟར་ཡོང་རྒྱུ་དེ་ཡིན་ན། ནུབ་ཕྱོགས་སུ་ཡོད་པའི་བོད་མི་ཚོས་མི་འགྱངས་བར་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་གཞུང་དང་མཉམ་དུ་སྐད་ཆ་བཤད་པ་དང་རེ་སྐུལ་ཞུ་རྒྱུ་དེ་རེད།གཞིས་སྤོར་གྱི་ལས་འཆར་གཅིག་གིས་དུས་ཡུན་རིང་ཞིང་རྙོག་འཛིང་ཅན་གྱི་གྲོས་བསྡུར་མང་པོ་བརྒྱུད་དགོས།ཨ་རིའི་བོད་མིའི་གཞིས་སྤོར་གཅིག་ཁོ་ནའི་ལས་འཆར་དེ་༡༩༩༠་ནང་དུ་འགོ་འཛུགས་བྱས་པ་རེད། གཞིས་སྤོར་གཉིས་པ་ཞིག་ཡོང་ཐབས་ལ་གྲོས་ཚོགས་ཀྱིས་གྲོས་ཆོད་འཇོག་དགོས་བ་དང་། རྒྱ་གར་གཞུང་གིས་རྒྱབ་སྐྱོར་ཆ་ཚང་དགོས་བ།གཞིས་སྤོར་བྱེད་པའི་འོས་མི་འདེམས་རྒྱུ་དང་ཆོག་མཆན་ཀྱང་ཐོབ་དགོས་པས་ལོ་ངོ་མང་པོ་འགོར་སྲིད། རྒྱ་གར་ནང་གི་བོད་མི་ཚོར་འདི་མ་ཡིན་པའི་གདམ་ག་གཞན་པ་ག་རེད་འདུག་གམ།

སྐྱབས་བཅོལ་བ་མ་རེད་ཕྱི་མི་རེད།

རྒྱ་གར་གྱི་ཁྲིམས་འོག་ཏུ་བོད་མི་ཚོའི་གོ་རྟོགས་མ་སད་པའི་གནད་དོན་གཅིག་ནི། རྒྱ་གར་གཞུང་གིས་རྒྱ་གར་ནང་གི་བོད་མི་ཚོ་སྐྱབས་བཅོལ་བར་བརྩི་གི་མེད་པ་དེ་རེད། རྒྱ་གར་གཞུང་གིས་བོད་མི་ཚོར་སྤྲད་པའི་གཞུང་འབྲེལ་ཡིག་ཆ་ནི་ཕྱི་མི་གནས་སྡོད་ཆོག་མཆན་གྱི་ཐོ་འགོད་ཡིག་ཆ་ལས། སྐྱབས་བཅོལ་ལག་དེབ་མ་རེད། རྒྱ་གར་གྱི་༡༩༦༤་ལོའི་ཕྱི་མིའི་ཁྲིམས་དང་༡༩༣༦་ལོའི་ཕྱི་མི་ཐོ་འགོད་ཀྱི་ཁྲིམས་གཉིས་ཀྱི་ནང་དུ་བོད་མི་ཚོ་ནི་ཕྱི་མིའི་ཐོ་གཞུང་གི་ཚན་པའི་ནང་དུ་བཀོད་འདུག དེ་ནི་རྒྱ་གར་ནང་དུ་ཡོད་པའི་སྐྱབས་བཅོལ་མི་འབོར་ཀུན་ལ་ཁྱབ་པའི་ཁྲིམས་ཐོག་གི་ངེས་བཤད་འགྲེལ་བརྗོད་བྱེད་སྟངས་ཤིག་རེད།

རྒྱ་གར་ནི་༡༩༥༡་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་གནས་བབ་དང་འབྲེལ་བའི་ལྷན་ཚོགས་དང་། ༡༩༧༦་ལོའི་གྲོས་མཐུན་གཉིས་ལ་མཚན་རྟགས་འགོད་མཁན་མིན་པ་དང་། སྐྱབས་བཅོལ་བའི་སྲུང་སྐྱོབ་དང་ཐོབ་ཐང་ལ་འབྲེལ་བའི་དམིགས་བསལ་གྱི་བཅས་ཁྲིམས་དེ་འདྲ་ཡོད་པ་མ་རེད། བོད་ཀྱི་ཁྲིམས་ལུགས་ལྟེ་གནས་ཁང་གིས་བཏོན་པའི་སྙན་ཐོའི་ནང་དུ། “རྒྱ་གར་བ་ཚོས་ཡུལ་སྐད་ཀྱི་ཐོག་ནས་རྒྱ་གར་ནང་གི་བོད་པ་ཚོར་སྐྱབས་བཅོལ་བ་ཞེས་འབོད་ཀྱི་ཡོད་ཀྱང་། རྒྱལ་བ་རིན་པོ་ཆེ་དང་ཁོང་གི་ཆིབས་ཞབས་༢༠་ཙམ་ལ་གཞུང་འབྲེལ་མ་ཡིན་པ་དང་། ཁྲིམས་ཐོག་ནས་མ་ཡིན་པའི་སྐྱབས་བཅོལ་ཀྱི་ཐོབ་ཐང་རེག་པའི་ངོ་བོ་ཁོ་ན་ངོས་ལེན་ཞུས་ཡོད། རྒྱལ་སྤྱིའི་སྤྱི་ཆིངས་ཁྲིམས་ཡིག་གི་འོག་ཏུ་ཡོད་པའི་སྐྱབས་བཅོལ་བ་གཞན་དང་བསྡུར་ན་བོད་པ་སྐྱབས་བཅོལ་བ་གཅིག་གིས་ཀྱང་ཐོབ་ཐང་དེ་ལོངས་སྤྱོད་བྱེད་ཐུབ་ཀྱི་མེད། ད་དུང་གཞུང་འབྲེལ་དང་ཁྲིམས་མཐུན་གྱི་སྐྱབས་བཅོལ་བ་ཧ་ཅང་ཉུང་། ད་ལྟའི་བར་དུ་རྒྱ་གར་གཞུང་གིས་རྒྱལ་བ་རིན་པོ་ཆེ་སྐྱབས་བཅོལ་བ་ཡིན་པའི་གནད་དོན་དེ་ལ་གང་ཡོང་ཅི་ཡོང་གིས་གཡོལ་ཏེ། ཁོང་ལ་རྒྱ་གར་གྱི་གོང་དུ་བཀུར་བའི་སྐུ་མགྲོན་ཞེས་མཚན་འབོད་བྱེད་ཀྱི་ཡོད།

༡༩༥༩་ལོའི་ལྷ་སའི་མི་མང་སྒེར་ལངས་ཀྱི་རྗེས་སུ་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་བའི་བོད་པ་ཚོ་གཞུང་འབྲེལ་ཐོ་གཞུང་དུ་བཀོད་མེད་ལ། ཁོང་ཚོ་བོད་མི་གཞན་དང་བསྡུར་ནའང་ཆེས་གཞན་དབང་སྟབས་བསྟུན་གྱི་ཁྲིམས་ཀྱི་གནས་བབ་ཐོག་གནས་ཡོད། ཁྲིམས་ཀྱི་གནས་བབ་དེ་རྒྱ་གར་ཁྲིམས་ལུགས་ལག་བསྟར་སྡེ་ཚན་གྱི་ཐག་གཅོད་དབང་ཆའི་འོག་ཏུ་ཡོད་པ་དེས་རྒྱ་གར་གཞུང་གིས་བོད་མི་སྐྱབས་བཅོལ་བ་ཚོས་ཐོག་ལ་བརྗེ་བསྒྱུར་བྱེད་ཆོག་ཆོག་གི་སྲིད་ཇུས་ཤིག་བཏིངས་ཡོད་པ་མཚོན་གྱི་ཡོད།”

བོད་མི་ཚོ་རྒྱ་གར་ནང་དུ་ཕྱི་མིའི་གནས་བབ་ཐོག་ཡོད་པ་དེ་ཕྱོགས་མང་པོ་ཞིག་ནས་ཁོང་ཚོར་འགོག་རྐྱེན་ཆགས་ཡོད། རྒྱ་ནག་གི་དཔོན་རིགས་ཚོ་རྒྱ་གར་ལ་ལྟ་སྐོར་དུ་ཡོང་སྐབས་བོད་མི་ངོ་རྒོལ་སྐད་འབོད་བྱེད་མཁན་ཚོ་ཕྱི་མིའི་ངོ་བོར་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད། ཁོང་ཚོར་ངོ་རྒོལ་བྱེད་པའི་དབང་ཆ་མེད། དེ་ལས་ལྡོག་སྟེ། རྒྱ་གར་གྱི་མི་སེར་ཚོར་སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་ཆ་ཚང་ཡོད། བོད་ཀྱི་སློབ་ཕྲུག་ཚོ་ཁྲིམས་ལུགས་དང་གསར་འགོད་རིག་པ། གློག་ཀླད་ཚན་རིག་སོགས་ཀྱི་སྦྱོང་བརྡར་ཐོབ་ཏེ་སློབ་མཐར་ཕྱིན་སྐབས། ཁོང་ཚོའི་ཕྱི་མིའི་ཐོ་འགོད་ལག་དེབ་ཀྱིས་ཆེད་སྦྱང་གི་ཆ་རྐྱེན་ཚང་བའི་ལས་ཀ་རེག་པ་དང་། གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་མུ་མཐུད་རྒྱུར་འགོག་རྐྱེན་ཐེབས་ཀྱི་ཡོད་པས། ལོ་ངོ་མང་པོའི་རིང་བོད་དང་རྒྱ་གར་གྱི་སློབ་གྲྭའི་ནང་དུ་དཀའ་སྤྱད་སྡུག་རུས་བྱས་པ་འབྲས་མེད་དུ་ཆགས་ཀྱི་ཡོད་ལ། ཕྱི་མིའི་ཐོ་འགོད་ལག་དེབ་ཡོད་པའི་མི་ཞིག་གིས་གཞིས་ཀ་དང་རྒྱུ་ནོར་ཉར་མི་ཆོག་པས། བོད་མིའི་ཚོང་ལས་ཡོད་ཚད་རྒྱ་གར་གྱི་མི་སེར་ཐོབ་ཐང་ཡོད་མཁན་ཞིག་གིས་ཐོ་འགོད་བྱེད་དགོས་པ་ཆགས་ཡོད། (ཉེ་ཆར་བྱུང་བའི་རྒྱལ་བ་ཀརྨ་པའི་རྒྱུ་ནོར་བདག་འཛིན་གྱི་ནོར་འཁྲུལ་གྱི་རྙོག་གླེང་དེ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཁྱབ་པ་རེད།)

གལ་ཏེ་རྒྱ་གར་དུ་སྐྱེ་ཞིང་བོད་མིར་ཁ་འདྲེས་ལག་འདྲེས་ཡིན་པའི་བོད་མི་ཚོའི་གནས་བབ་དེ་འདྲའི་ཉག་ཕྲ་བོ་ཞིག་ཡིན་ན། བོད་ནས་གསར་དུ་འབྱོར་བའི་བོད་མི་ཚོའི་གནས་བབ་ནི་དེ་ལས་ཀྱང་ཐབས་སྐྱོ་བ་བརྗོད་མ་དགོས་པ་ཞིག་རེད། བོད་ནས་གསར་དུ་འབྱོར་བའི་བོད་མི་ཚོ་གཞུང་འབྲེལ་ཡིག་ཆའི་ནང་དུ་ཐོ་མ་ཐེབས་པ་ག་ཚོད་ཡོད་མིན་ངེས་གཏན་མེད་ཀྱང་། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་གིས་བཏོན་པའི་ཡིག་ཆའི་ནང་གི་ཁ་གྲངས་ལྟར་ན། ༡༩༨༠་གྱ་གྲངས་ནང་ཉུང་མཐར་ཡང་བོད་ནས་སྐྱེས་བའི་བོད་མི་༣༠༠༠༠ཙམ་རྒྱ་གར་ནང་དུ་འབྱོར་ཡོད་འདུག དབྱེ་ཞིབ་ཁ་ཤས་ཀྱིས་བོད་ནས་གསར་དུ་འབྱོར་བའི་ཁ་གྲངས་༦༠༠༠༠་བརྒལ་ཡོད་པ་བཀོད་འདུག དབྱེ་ཞིབ་འདིའི་ནང་དུ་བོད་མི་གསར་དུ་འབྱོར་ཚད་ཚང་མ་མཉམ་སྦྲེལ་ལྷན་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་དུ་ཐོ་འགོད་བྱས་མེད་ཟེར། རྒྱ་གར་ནང་གི་བོད་མི་མང་པོས་བོད་མིའི་སྒྲིག་འཛུགས་བརྒྱུད་ནས་ཕྱི་མིའི་གནས་སྡོད་ཐོ་འགོད་ལག་དེབ་རེག་ཐབས་བྱས་ཡོད་ཀྱང་། མི་གང་མང་ཞིག་ལ་ལག་དེབ་སེར་པོ་རེག་མེད།ཕྱི་མིའི་ཐོ་འགོད་ལག་དེབ་མེད་པའི་མི་ཞིག་རྒྱ་གར་གྱི་དབང་འཛིན་པ་ཚོིར་ཞེད་ནས་འདུག་དགོས་ལ། ཁོང་ཚོ་ནི་དམིགས་བསལ་མཐོང་མཆན་བར་འཚོང་རྒྱག་མཁན་དེ་དང་ནག་ཚོང་བ། རྒྱ་ནག་གི་གསང་མྱུལ་བ་ཚོའི་ལག་འོག་ཏུ་ཤོར་བའི་་ཉེན་ཁ་མེད་པ་མིན།

རྒྱ་ནག་གི་གསང་མྱུལ་བ་ཚོའི་ལྐོག་ཇུས་གཤོམ་བཞིན་པ།
རྒྱ་གར་གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་ཚོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་རྒྱ་ནག་གི་མྱུལ་མ་མང་པོ་ཉེན་ཚབས་ཆེན་པོས་སྒོ་ནས་སིམ་འཛུལ་བྱས་ཡོད་པ་གསལ་གསལ་ཐིང་ཐིང་དུ་ཧ་གོ་གི་ཡོད། ༢༠༠༨་ལོའི་ལྷ་སའི་ཡར་ལངས་ཀྱི་རྗེས་ནས་རྒྱ་ནག་གི་མྱུལ་མ་དང་འཁྲུག་རྐྱེན་སློང་མཁན་གང་མང་ཞིག་གིས་རྒྱ་གར་ནང་དུ་ཇུས་ངན་གཤོམ་གྱིན་ཡོད་པས། རྒྱ་གར་གཞུང་གིས་རྒྱལ་བ་རིན་པོ་ཆེའི་བདེ་འཇགས་ཀྱི་ཐད་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། རྒྱལ་ཁབ་མེད་པའི་གནས་བབ་འདིས་སླར་ཡང་ཁྲིམས་དང་སྒྲིག་གཞི་རུལ་སུངས་ཀྱི་ངོ་བོར་བསྒྱུར་བ་དང་། རྩ་བ་གཉོམ་ཞིང་འཇིག་སླ་བའི་རང་བཞིན་ཅན་གྱི་བཙན་བྱོལ་སྤྱི་ཚོགས་བཀོལ་སྤྱོད་བྱེད་མཁན་གྱི་ནག་ཚོང་རྒྱག་མཁན། མགོ་གཡོག་མགོ་སྐོར་བྱེད་མཁན། རྒྱ་ནག་གི་མྱུལ་མ་བཅས་ཀྱི་ཁ་གྲངས་འཕར་ཡོད།

བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲུའུ་ལ་ཡོད་པའི་ཡོ་རོབ་ཀྱི་སྐུ་ཚབ་ཅིག་གིས་ཁོ་མོར་བརྗོད་དོན་ལྟར་ན། “རྒྱ་ནག་གིས་བོད་མི་ཚོས་བོད་ཀྱི་གནད་དོན་སྲིད་གཞུང་གཞན་གྱི་ནང་དུ་གླེང་སློང་བྱེད་བ་དང་། རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་བྱེད་པ་མཚམས་འཇོག བཙན་བྱོལ་སྤྱི་ཚོགས་ཇེ་ཆུང་དང་འབྲེལ་མེད་ཅིག་བཟོ་ཆེད་བོད་པའི་གཞིས་ཆགས་ནང་དུ་དབང་མེད་སྐྱོ་བོར་ལྷག་ཡོད་པའི་བོད་མི་ཚོ་བཀོལ་སྤྱོད་བྱེད་འདོད་ཀྱི་ཡོད་པ་རེད།”

བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་མཐུན་གནས་བབ།

༢༠༡༡ལོའི་ཟླ་༣་ཚེས་༡༩་ཉིན་རྒྱལ་བ་རིན་པོ་ཆེས་སྐུ་ཉིད་ཀྱི་སྐྱབས་བཅོལ་བཞུགས་ཡུལ་རྡ་རམ་ས་ལ་ནས་བོད་མིའི་ཆབ་སྲིད་དབུ་ཁྲིད་ཀྱི་འགན་ནས་དགོངས་པ་ཞུ་རྒྱུའི་ཁྱབ་བསྒྲགས་ཀྱི་གསུང་བཤད་ཅིག་གནང་སོང་། “ངོས་རང་ད་དུང་ཁྱེད་ཚོ་དང་མཉམ་དུ་ཡོད་པའི་སྐབས་སུ།ཁྱེད་ཚོས་བོད་དོན་གྱི་འགན་ཆ་ཚང་ཁུར་ཐུབ་དགོས།” ༢༠༠༠ལོར་མཁས་དབང་ཟླ་བ་ནོར་བུས་བྲིས་བའི་རྩོམ་ཡིག་ཅིག་གི་ནང་དུ་གནད་དོན་འདི་འདྲ་ཞིག་གླེང་སློང་བྱས་འདུག “རྒྱ་གར་གཞུང་གིས་རྒྱལ་བ་རིན་པོ་ཆེས་བོད་མི་སྐྱབས་བཅོལ་བ་ཚོའི་འགོ་འཁྲིད་རྒྱུར་ངོས་ལེན་བྱས་བ་ནི། ཕྱོགས་གཅིག་ནས་ཏཱ་ལའི་བླ་མའི་ཡང་སྤྲུལ་གྱི་ལམ་ལུགས་འདི་ལ་གུས་བརྩི་དང་། ཕྱོགས་གཞན་ཞིག་ནས་རྒྱ་གར་གཞུང་གིས་བཙན་བྱོལ་བོད་གཞུང་ལ་ངོས་ལེན་བྱེད་མ་ཐུབ་པ་དང་མ་འདོད་པའི་ངོ་ཚབ་ལྟ་བུ་རེད། རྒྱ་གར་མི་མང་གིས་ངོས་ནས་བཙན་བྱོལ་བོད་གཞུང་ནི་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུ་འཁྲིད་པའི་སྐྱབས་བཅོལ་གཞུང་ཞིག་ཡིན་པའི་ངོས་ལེན་ཡོང་ཆེད་གཞུང་ལ་དམིགས་བསལ་གྱིས་༡༩༦༢(རྒྱ་གར་ནག་གི་དམག་འཁྲུག)ལོའི་རྗེས་ནས་རེ་འདུན་བསྟར་མར་བྱས་ཀྱང་སྣང་མེད་དུ་བཏང་ཡོད།

བོད་མིའི་སྒྲིག་འཛུགས་དབུ་བརྙེས་བའི་དུས་ནས་བཟུང་རྒྱལ་སྤྱིའི་ཐོག་རང་དབང་ལྡན་པའི་ཐོག་ནས་ངོས་འཛིན་ཐོབ་པའི་ངོ་བོ་ཞིག་མེད། རྒྱལ་བ་རིན་པོ་ཆེས་བགྲེས་ཡོལ་ཞུས་བ་དང་མཉམ་དུ་རྒྱ་གར་གཞུང་དབར་གྱི་ཁ་ཆད་དེ་ནུས་མེད་དུ་ཆགས་ཡོད། ༢༠༡༢་ལོར་བཀའ་ཁྲི་བློ་བཟང་སེང་གེས་སྤེལ་བའི་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་སུ་ཁོང་ལ་རྒྱལ་སྤྱིའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་ཐོབ་ཐབས་བྱེད་ཀྱི་ཡོད་མེད་དྲིས་བའི་ལན་དུ། དེ་ནི་ཁོང་ཚོའི་དམིགས་བྱ་གཙོ་བོ་མིན་ཞེས་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་གལ་ཆེན་དུ་བརྩིས་མེད། འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱིས་ཁོང་ཚོར་བཙོན་བྱོལ་བོད་མི་རྣམས་སྟངས་འཛིན་བྱེད་པའི་དབང་ཆ་ཡོད་པའི་བདེན་པ་དག་སྐྱེལ་བྱེད་ཀྱི་ཡོད། ༢༠༠༩ལོར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཅིག་དང་ཨ་རིའི་གཞུང་ཚབ་ཀྱི་ལས་བྱེད་མི་སྣ་ཞིག་གིས་ང་ལ་བརྗོད་དོན་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་གཞུང་ཚབ་ལ་བོད་མི་མཐོང་མཆན་ཞུ་མཁན་ཡོད་ཚད་ལ་མཐའ་མའི་ཆོག་མཆན་སྤྲོད་རོགས་ཅེས་རེ་སྐུལ་ཞུས་འདུག ཁོ་མོས་ཨ་རིའི་གཞུང་ཚབ་ཁང་གིས་རེ་སྐུལ་དེ་ལ་དང་ལེན་བྱས་ཡོད་མེད་ཁ་ཚོན་བཅད་ནས་བཤད་ཚོད་མི་ཐུག་ཀྱང་། དེས་དྲི་བ་ཆེན་པོ་ཞིག་བསླངས་བ་ནི་བོད་མིའི་སྒྲིག་འཛུགས་ལ་རྒྱ་གར་ནང་དུ་ཡོད་པའི་བོད་མི་ཚོའི་ཐོག་ལ་ཁྲིམས་ལུགས་དབང་ཚད་ཀྱིས་ཁྱབ་པའི་ངོ་བོ་གང་འདྲ་ཞིག་ཡོད་མེད་དེ་རེད།

བོད་མི་ཚོ་དངོས་ཡོད་ཐོག་རྒྱ་གར་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཀྱི་མི་ཡིན་པ་དང་། རྒྱ་གར་ཁྲིམས་ལུགས་དབང་ཆའི་འོག་ཏུ་ཚུད་ཡོད།༡༩༦༠་དང་༡༩༧༠་ལོར་སུད་སུ་དང་ཁ་ན་ཌའི་བོད་མི་གཞིས་སྤོའི་ལས་དོན་གཉིས་ཆ་རྒྱ་གར་གཞུང་དང་མཉམ་ལས་བྱས་ཏེ་བྱུང་བ་ལས་བོད་མིའི་སྒྲིག་འཛུགས་དང་མཉམ་དུ་མཉམ་ལས་བྱས་མེད། ངས་བོད་མི་རང་ངོས་ནས་རྒྱ་གར་གྱི་མི་སེར་ཐོབ་ཐང་ཞུས་པ་ཁག་ཅིག་ཤེས་ཀྱི་ཡོད་ལ། བོད་མིའི་སྒྲིག་འཛུགས་ལ་ཁྲིམས་མཐུན་གྱི་དབང་ཚད་མེད་ཀྱང་བོད་མི་ཚོས་རྒྱ་གར་གྱི་མི་སེར་ཐོབ་ཐང་ཞུ་བར་དགག་བྱ་མེད་པའི་ངོས་ལེན་ཡི་གེ་སྤྲོད་རྒྱུ་བཀག་འགོག་བྱས་པ་དེའང་གོ་བྱུང་།

རྒྱ་གར་གྱི་མི་སེར་ཐོབ་ཐང་མཁོ་མིན་གྱི་གནད་དོན།

༢༠༡༠་ལོའི་ཕྱི་ཟླ་༡༢་བའི་ཚེས་༢༢་ཉིན་ལྡི་ལའི་ཆེས་མཐོའི་ཁྲིམས་ཁང་གིས་ལོ་རྒྱུས་རང་བཞིན་ཅན་གྱི་གནད་དོན་ཅིག་ཁྲིམས་ཐོག་ནས་གཏན་འབེབས་བྱས་བ་ནི། རྣམ་རྒྱལ་སྒྲོལ་དཀར་ལ་ཕྱི་སྲིད་བློན་ཆེན་ལྷན་ཁང་བརྒྱུད་ནས་རྒྱ་གར་གྱི་མི་སེར་ཐོབ་ཐང་རེག་པ་དེ་རེད། བོད་ཀྱི་ཁྲིམས་ལུགས་ལྟེ་གནས་ཁང་གིས་བཏོན་པའི་གནས་ཚུལ་ལྟར་ན། “གནད་དོན་འདིས་བོད་མི་ཚོའི་ཆེད་དུ་སྔ་ས་ནས་ཡོད་པའི་མི་སེར་ཐོབ་ཐང་ཁྲིམས་ལུགས་ཀྱི་རྒྱས་བཅད་དག་གི་གནས་བབ་ལ་འགྱུར་བ་ཐེབས་པའི་ཤུགས་རྐྱེན་སྤྲོད་སྲིད་ཀྱི་རེད། རྣམ་རྒྱལ་སྒྲོལ་དཀར་ལྷ་རྒྱལ་རི་ནི་༡༩༨༦་ལོའི་ཟླ་༤་བའི་ནང་དུ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་རྭ་རྫོང་ཁོངས་སུ་སྐྱེས་བ་དང་། ཁོ་མོས་མོ་རང་སྐྱེ་བ་ནས་རྒྱ་གར་མི་སེར་ཐོབ་ཐང་རེག་ཆོག་པའི་ཆ་རྐྱེན་ཚང་གི་ཡོད་པའི་ཁྲིམས་རྩོད་བྱས་པ་རེད། ལོ་ངོ་༣་གྱི་རྗེས་སུ་ཁོ་མོའི་གནད་དོན་དེ་༡༩༥༠་ལོའི་ཟླ་༡་པོའི་ཚེས་༢༦་གི་རྗེས་དང་༡༩༨༧་ལོའི་ཕྱི་ཟླ་བདུན་པའི་ཚེས་༡་གི་སྔོན་ལ་རྒྱ་གར་ནང་དུ་སྐྱེས་བའི་མི་སུ་དང་སུ་ཡིན་ཡང་རྒྱ་གར་གྱི་མི་སེར་ཐོབ་ཐང་རེག་པའི་ཆ་རྐྱེན་ཚང་གི་ཡོད་པའི་ཆེས་མཐོའི་ཁྲིམས་ཁང་གི་བཅད་ཁྲའི་འོག་ཏུ་ངོས་ལེན་ཐོབ་པ་རེད། ཁྲིམས་ཁང་གིས་བསྒྲགས་ཡིག་ནང་དུ་གོང་སྨྲས་ཀྱི་དུས་ཚོད་ནང་དུ་རྒྱ་གར་ལ་སྐྱེས་བའིབོད་མི་སུ་ཡིན་ཡང་ཕ་མ་སུ་ཡིན་ལྟོས་མེད་ཐོག་མི་སེར་གྱི་ཐོབ་ཐང་ལོངས་སྤྱོད་བྱེད་ཆོག་པ་ནི། ཨ་རིའི་རྩ་ཁྲིམས་བསྒྱུར་བཅོས་ཐེངས་བཅུ་བཞི་བའི་གཏན་འབེབས་བྱས་པའི་གནད་དོན་དང་མཚུངས་བསྡུར་བྱེད་ཆོག་རབས་བཀོད་ཡོད།”

རྒྱ་གར་ཀྱི་དུས་བབ་སྟེང་གནས་ཚུལ་བཀོད་གསལ་ལྟར་ན།ཁྲིམས་རྩོད་འདིས་༡༩༥༦་ལོ་ནས་༡༩༨༧་ལོའི་དབར་དུ་རྒྱ་གར་ནང་སྐྱེས་བའི་བོད་མི་༣༥༠༠༠་ཙམ་ལ་མི་སེར་ཐོབ་ཐང་རེག་པའི་ཐག་གཅོད་ཁེ་ཕན་རེག་ཐུབ་ཀྱི་རེད། རྣམ་རྒྱལ་ལྷ་རིའི་ཁྲིམས་ཀྱི་བཅད་ཁྲ་འདིས་བོད་མི་ཚོར་རྒྱ་གར་གྱི་མི་སེར་ཐོབ་ཐང་རེག་པའི་སྐུལ་མ་བྱས་ཡོད་ཀྱང་། མང་པོ་ཞིག་གིས་བརྗོད་དོན་ལྟར་ན་ཁོ་མོའི་གནད་དོན་དེས་ཁྲིམས་མཐུན་གྱི་མིག་ལྟོས་ཤིག་འཇོག་མི་ཐུབ་པར་། མི་རེ་ངོ་རེ་ནས་ངེས་པར་འགྲོ་གྲོན་ཆེ་ཞིང་བརྒྱུད་རིམ་རིང་བའི་གནད་དོན་དེ་ཁྲིམས་ཁང་ལ་བསྐྱལ་དགོས་ཚུལ་བརྗོད་ཀྱི་འདུག བཀའ་ཁྲི་སྔ་མ་ཟམ་གདོང་རིན་པོ་ཆེས་རྣམ་རྒྱལ་ལྷ་རིའི་གནད་དོན་དེར་རྒྱ་གར་ནང་དུ་གནས་བའི་བོད་མི་ཚོས་ངེས་པར་དུ་བོད་མིའི་མཚོན་དོན་དགོས་བ་ལ་དམིགས་ཏེ། སྐྱབས་བཅོལ་བའི་ངོ་བོར་གནས་དགོས་པ་རྒྱུ་མཚན་དུ་བྱས་ནས་ཡོངས་ཁྱབ་སྐྱོན་བརྗོད་བྱས་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོས་ཡང་ནས་ཡང་དུ་བོད་མི་ཚོ་ངེས་པར་དུ་སོ་སོའི་ཁེ་ཕན་ཉར་ཆེད་སྐྱབས་བཅོལ་གྱི་ངོ་བོར་གནས་དགོས་ཞེས་སྐུལ་གྱིན་ཡོད། དེ་ནི་དངོས་ཡོད་ཐོག་ལས་འཆར་ཆུང་ཙག་ཁག་གི་ཆེད་དུ་སྦྱིན་བདག་ཚོས་དངུལ་དངོས་ཀྱིས་རྒྱབ་སྐྱོར་ཐོབ་ཆེད་ཡིན་ཀྱང་། ད་སྐབས་སྦྱིན་བདག་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད། (༢༠༠༨་ལོའི་ལྷ་སའི་ཡར་ལངས་ཀྱི་རྗེས་སུ་རྒྱ་ནག་གིས་བཙན་བྱོལ་བོད་མི་ཚོར་རོགས་རམ་བྱེད་མཁན་གྱི་ཐེབས་རྩ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོར་གནོན་ཤུགས་སྤྲད་ཡོད་ལ། མང་པོ་ཞིག་གིས་ཁོང་ཚོའི་ལས་འཆར་ཁག་ཕྱིར་བསྡུ་བྱས་ཡོད།) འདི་འདྲའི་ཁེ་ཕན་ཆུང་ཙག་རིགས་ནི་རྦད་དེ་མི་སེར་ཐོབ་ཐང་རེག་པའི་ཁེ་ཕན་དང་བསྡུར་ཐབས་མེད།

རྒྱ་གར་དུ་ཁྲིམས་ཀྱི་གྲོག་རོང་དུ་ལྷུང་ཏེ་འགྲོ་ལམ་འགག་པའི་བོད་མི་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོར་རྒྱལ་ཁབ་གཞན་གྱི་མི་སེར་ཐོབ་ཐང་ཡོད་སྐབས། ང་ཚོ་ད་དུང་ཡང་སྐྱབས་བཅོལ་བའི་ཁ་དོག་མེད་པའི་འཚོ་བ་ལ་ཤི་འཐམ་རོ་འཐམ་བྱས་ཏེ་སྡོད་དགོས་དོན་ཅི་ཞེས་ཡང་འདྲི་བསྐྱར་འདྲི་བྱེད་བཞིན་ཡོད། བློ་བཟང་སེང་གིས་དུས་རྟག་དུ་ཁོང་གི་མེད་མུག་ཆད་གསུམ་གྱི་བྱིས་དུས་དང་། ཁོང་ལ་ཨ་རིའི་ཧར་ཝར་གཙུག་ལག་སློབ་གྲྭར་སློབ་ཡོན་རེག་པ་དེས་ཁོང་གི་ནང་མི་ཚོ་ཨ་རིར་གཞིས་སྤོ་བྱེད་པར་ཕན་ཐོགས་ཆེན་པོ་བྱུང་བའི་སྐོར་བརྗོད་ཀྱི་ཡོད། ཁོང་གིས་ཁྲིམས་ལུགས་སྦྱངས་བར་བརྟེན་ཕལ་ཆེར་ཁོང་གིས་སྣེ་ཁྲིད་པའི་འཛིན་སྐྱོང་ནི་ནུབ་ཕྱོགས་སུ་གནས་སྤོ་དང་གཞིས་སྤོར། རྒྱ་གར་གྱི་མི་སེར་ཐོབ་ཐང་རེག་པའི་འོས་ཆོས་ཚང་མཁན་གྱི་མི་སུ་འདྲ་ཞིག་ཡིན་མིན་གྱི་སྐོར་ལ་ཆ་རྐྱེན་མཁོ་སྒྲུབ་བྱེད་པའི་ནུས་པ་ཡོད་མཁན་ཞིག་རེད་འདོད་ཀྱི་ཡོད།

ངས་གདེང་ཚོད་ཆེན་པོས་སྒོ་ནས་བརྗོད་ཐུབ་པ་ཞིག་ནི། རྒྱ་གར་ནང་གི་བོད་མི་མང་པོ་ཞིག་གིས་དགའ་སྤྲོའི་ངང་ནས་རྒྱ་གར་གྱི་མི་སེར་ཐོབ་ཐང་། དེས་བསྐྱེད་པའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཐོབ་ཐང་དག་ངོས་ལེན་བྱེད་ཀྱི་རེད། དེ་དག་ནི་བོད་མི་སྐྱབས་བཅོལ་བ་ཚོར་ངེས་པར་དུ་དགོས་མཁོ་ཡང་ཆགས་ཡོད། རྒྱ་གར་གྱིས་བོད་མི་ཚོར་རྒྱལ་ཁབ་གཞན་གང་གིས་ཀྱང་བསྒྲུབ་མ་མྱོང་བའི་རོགས་སྐྱོར་ཆེན་པོ་བྱས་ཡོད་པས།བོད་མི་ཚོས་རྒྱ་གར་རྒྱལ་ཁབ་ལ་ཕན་ཐོགས་ལྡན་པ་དང་། སེམས་དཔའ་ཆེན་པོ་གན་ངྷིའི་ཕ་ས་ཕ་ཡུལ་གྱི་རྒྱལ་ཞེན་ཆེ་བའི་མི་སེར་ཞིག་བྱེད་རྒྱུ་ཡིན་པ་ཁོ་མོས་ཁ་ཚོན་བཅད་ནས་བཤད་ཆོག

ནམ་གུང་གི་བོད།
བོད་ནི་དྲག་དམག་གི་བཙན་རྫོང་ཞིག་ཪེད། བལ་ཡུལ་ནང་གི་བོད་མིའི་ཉེན་གཡོལ་གྱི་མཁར་གྱང་ས་ལ་ཉིལ་བ་རེད།རྒྱལ་བ་རིན་པོ་ཆེས་བགྲེས་གཡོལ་ཞུས་སོང་། བཙན་བྱོལ་ནང་གི་བོད་མི་ཚོས་བོད་མིའི་སྒྲིག་འཛུགས་ཀྱིས་ལས་ཅིག་རྩོམ་རག་བར་དུ་སྒུག་ཚོད་མེད། རྒྱ་གར་གཞུང་དང་ལྡི་ལིའི་གསར་བའི་གཞུང་ཚབ་ཁག་དང་མཉམ་དུ་བོད་མི་ཚོར་ཐོབ་ཐང་དང་གདམ་ག་གང་འདྲ་ཡོད་མིན་རྩད་གཅོད་ཞིབ་འཇུག་བྱེད་མཁན་རང་དབང་ཅན་གྱི་ཁྲིམས་ཐོག་ནས་རོགས་རམ་སྡེ་ཁག་ཅིག་དགོས་པ་ནི་ས་རིས་ཐང་གསལ་རེད། ནུབ་ཕྱོགས་སུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་བོད་མི་གཞིས་སྤོ་ཡོང་ཐབས་དང་ཁྲིམས་མཐུན་གྱི་སྲུང་སྐྱོབ་ཐེབས་རྩ་མཁོ་སྒྲུབ་བྱས་ཏེ་ཁྲིམས་འགལ་གྱི་ཕྱི་མིའི་ངོ་བོར་ལྷག་ཡོད་པའི་བོད་མི་སྐྱབས་བཅོལ་ཞུ་མཁན་ཚོར་རོགས་སྐྱོར་བྱེད་ཐུབ། ལོ་ཟླ་མང་པོ་འདས་བའི་དུས་འདིར།ལྡི་ལི་གསར་བར་ཕྱི་མིའི་མིང་ཐོག་ཏུ་ཡོད་པའི་བོད་མི་དབང་མེད་ཉམ་ཐག་ཚོ་དང་། ནེའུ་ཡོག་ཏུ་ཁྲིམས་འགལ་གྱི་ཕྱི་མིའི་ངོ་བོར་ལྷག་པའི་བོད་མི་ཚོ་ལས་རྒྱལ་ཁབ་གང་རུང་གི་མི་སེར་ཐོབ་ཐང་ཡོད་པའི་བོད་པ་ཞིག་གིས་བོད་མིའི་རྩོ་དོན་ཆེད་ནུས་ཤུགས་སྤུངས་ཐུབ་ཀྱི་ཡོད།

གལ་ཏེ་འདི་ལྟར་རྒྱལ་ཁབ་མེད་པའི་གཞི་སྒྲོམ་གྱི་དཀའ་ངལ་རྒྱུན་སྲིང་བ་དང་སྣང་མེད་དུ་བཞག་ན། རྒྱ་ནག་གི་གསང་མྱུལ་བ་ཚོ་དང་མི་འཚོང་རྒྱག་མཁན་གྱི་མི་ངན་གཏེ་བོ་ཚོའི་ལག་ནས་སྐྱབས་བཅོལ་གྱི་རྟེན་གཞི་རྒུད་ནས་རྒུད་དུ་འགྲོ་རྒྱུར་ངེས་བ་རེད།

བཙན་བྱོལ་གྱི་རྟེན་གཞི་འཐོར་ཞིག་ཏུ་ཕྱིན་ཚེ། སུ་ཞིག་གིས་བོད་དོན་གླེང་གི་རེད། ནམ་ཟླ་དགུན་ཁའི་དགོང་དྲོ་ཞིག་ལ་རྡ་སའི་ལྡུམ་ར་ཞིག་གི་ནང་དུ་བོད་ཀྱི་རང་བཙན་འཐབ་རྩོད་པ་དང་སྙན་ངག་པ་ལྷ་བཟང་ཚེ་རིང་མཉམ་དུ་མངར་ཇ་དང་ས་མོ་ས་ཟ་བཞིན་ཁ་བརྡ་གློད་སྐབས། ཁོང་གིས་མིག་ཟུང་ཀང་རའི་ལུང་གཤོང་གི་སྒང་དུ་འཕྲོ་བའི་གསེར་མདོག་གི་འོད་མདངས་དེར་ཅེར་ཏེ་ངག་ནས་བརྡོལ་དོན།“ང་ཚོ་བཙན་བྱོལ་དུ་འཛམ་གླིང་གི་ཆེས་ཡར་རྒྱས་ཚགས་ཆུད་ཀྱི་སྐྱབས་བཅོལ་བ་ཞིག་ཆགས་པའི་ཆེད་དུ་ཡོང་མེད། ང་ཚོ་བོད་ནང་གི་ཕུ་ནུ་སྤུན་ཟླ་ཚོའི་ཆེད་དུ་འཐབ་རྩོད་བྱེད་དུ་འོངས་བ་ཡིན་པ་ནམ་ཡང་བརྗེད་མི་ཉན་པ་ནི་ཆེས་གནད་འགག་རེད།”ཟེར།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*