དབུལ་ཕོངས་ཀྱི་ས་ཁམས།

སྐར་ཁུང་རྩོམ་བསྒྱུར་ཚོགས་ཆུང་གིས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

འཛམ་གླིང་གི་སྐྱེ་བོ་ཉམ་ཐག་ཚོས་འཚོ་བ་གང་དུ་སྐྱེལ་གྱི་ཡོད་དམ་ཅེས་དྲིས་ཚེ། ཉམ་ཐག་རྒྱལ་ཁབ་དག་གི་ནང་དུ་འཚོ་བ་སྐྱེལ་གྱི་ཡོད་ཅེས་ལན་འདེབས་བྱེད་ཀྱི་རེད། འོན་ཀྱང་། དབྱིན་ཇིའི་ཡར་རྒྱས་ཉམས་ཞིབ་གླིང་གི་ཨན་དེས་སམ་ནིར་གྱིས་མུ་འགོད་བྱས་བའི་རྩོམ་ཡིག་ཁག་གིས་གོང་དུ་བཏབ་པའི་ལན་དེ་ནོར་འཁྲུལ་ཡིན་པ་ར་སྤྲོད་བྱས་འདུག ཁོང་གིས་ཞིབ་འཇུག་བྱས་བའི་འབྲས་བུར། ཉིན་རེའི་འཚོ་རྟེན་ཨ་སྒོར་༢་ལས་ཉུང་བའི་དབུལ་ཕོངས་ཀྱི་ལྔ་ཆ་བཞི་ཙམ་ནི། རྒྱལ་ཁབ་ཀྱི་འབངས་མི་རེའི་ལོ་འཁོར་གཅིག་གི་ཁྱོན་བསྡོམས་ཡོང་འབབ་ཨ་སྒོར་༡༠༠༠ནས་༡༢༥༠༠་དབར་ཡིན་པའི་ཡོང་འབབ་འབྲིང་གྲས་ཀྱི་རྒྱལ་ཁབ་ཁག་གི་ནང་དུ་ཡོད་པ་དང་། རྒྱལ་ཁབ་དེ་ཚོ་དཔལ་འབྱོར་གྱི་ཐད་ནས་ཉམ་ཐག་དེ་འདྲ་མ་རེད། ཁོང་གི་ཞིབ་འཇུག་འབྲས་བུ་འདིས་ཡུན་རིང་དོ་མི་མཉམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་ལ་ཕྱོགས་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་ཡོང་འབབ་འབྲིང་གྲས་ཀྱི་གནས་བབ་འོག་ཡོད་པའི་སྡེ་ཁག་གི་གྲས་སུ་ཚུད་བཅུག་ཡོད་ཀྱང་། མི་འབོར་ཀྱི་བརྒྱ་ཆ་ཉུང་ཤས་ཤིག་ད་དུང་ཡང་དབུལ་ཕོངས་ཀྱི་དོང་དུ་ལྷག་ཡོད།

དེའི་ནང་དུ་ཚུད་པའི་མི་འབོར་མང་བའི་རྒྱལ་ཁབ་རྒྱ་གར་ནག་གཉིས་ལྟ་བུར་མཚོན་ན། མི་འབོར་བརྒྱ་ཆ་ཉུང་ཉུང་དེའང་གྲངས་ཀ་མང་པོ་ཡིན་པས་གནད་དོན་གལ་ཆེན་ཞིག་ཆགས་ཡོད། གང་ལེགས་ཤེ་ན། ཡོང་འབབ་འབྲིང་གྲས་ཀྱི་རྒྱལ་ཁབ་ཚོས་མི་མང་ཉམ་ཐག་དག་གི་ཆེད་དུ་རོགས་རམ་གྱི་འགྲོ་སོང་གཏོང་ཐུབ་ཀྱི་ཡོད། གལ་སྲིད་དབུལ་ཕོངས་ཀྱི་དཀའ་ངལ་དེ་སོ་སོའི་རྒྱལ་ཁབ་ཀྱི་མངའ་དབང་ཁྱབ་ཁོངས་སུ་ཡོད་ཚེ། ཕྱི་ཕྱོགས་ཀྱི་རོགས་སྐྱོར་གྱིས་དབུལ་སེལ་ལས་འགུལ་ལ་ཕན་དེ་ཙམ་ཐོགས་ཀྱི་མེད། རོགས་རམ་བྱེད་ཐབས་ལེགས་ཤོས་ཤིག་ནི་ཡོང་འབབ་འབྲིང་གྲས་ཀྱི་རྒྱལ་ཁབ་ཁག་གི་ནང་སྲིད་ཀྱི་དམིགས་པ་དབུལ་ཕོངས་ལ་ཕྱོགས་ཐུབ་པ་ཞིག་བཟོ་རྒྱུ་དེ་རེད།

སྐུ་ཞབས་སམ་ནིར་གྱི་ཞིབ་འཇུག་རྙེད་དོན་ལ་བྷི་རོས་ཀེན་སློབ་གླིང་གི་སྐུ་ཞབས་ཧོ་མས་ཁ་ར་དང་། དབྱིན་ལན་གྱི་ཡར་རྒྱས་སློབ་གླིང་གི་ཨན་ལྡི་རུས་རོ་སྒུར་སོན་གཉིས་ཀྱིས་དགག་སྒྲུབ་བྱས་ཡོད། ཁོང་གཉིས་ཀྱི་ཉམས་ཞིབ་འབྲས་བུ་ལྟར་ན། “༢༠༢༥་ལོར་དབུལ་ཕོངས་གྱི་གྲངས་འབོར་ངེས་ཅན་ཞིག་སླར་ཡང་ཡོང་འབབ་ཞན་པའི་རྒྱལ་ཁབ་དག་གི་ནང་དུ་སྤུངས་རྒྱུ་རེད། ཡོང་འབབ་འབྲིང་གྲས་ཀྱི་རྒྱལ་ཁབ་ཚོའི་དབུལ་སེལ་ལས་དོན་ཡར་རྒྱས་འགྲོ་གི་ཡོད་པས་དབུལ་ཕོངས་ཀྱི་གྲངས་ཀ་འཕྲི་རྒྱུ་ཡིན་པ་དང་། དབུལ་ཕོངས་གྲངས་ཀ་འཕར་ཚད་ཆེ་ས་ནི་བརྟན་ལྷིང་མེད་པའི་རྒྱལ་ཁབ་དག་རེད། གནད་དོན་འདིར་རྩོམ་པ་པོ་མང་པོ་ཞིག་གིས་འགྲེལ་བརྗོད་བྱས་དོན་ལྟར་ན། རྒྱལ་ཁབ་འདི་ཚོས་ཆབ་སྲིད་ཀྱི་ལམ་ལུགས་བརྒྱུད་ནས་མི་མང་གི་རེ་འདོད་སྐོང་ཐུབ་ཀྱི་མེད། (ཡོ་རོབ་ཀྱི་རྒྱལ་ཁབ་ཁག་གཅིག་ཀྱང་འདིའི་ཁོངས་སུ་གཏོགས།)ཁོང་གཉིས་ཀྱིས་སྐུ་ཞབས་སམ་ནིར་གྱི་ཞིབ་འཇུག་འབྲས་བུའི་སྣང་ཚུལ་ནི་ཡལ་འགྲོ་བཞིན་ཡོད་ཅེས་སྤེལ་འདུག

སྐུ་ཞབས་ཁ་ར་དང་རོ་སྒུར་སོན་གཉིས་ཀྱིས་མཇུག་སྡོམ་ཞུས་དོན་ལྟར་ན། བརྟན་ལྷིང་མེད་པའི་རྒྱལ་ཁབ་ཁག་གི་དབུལ་ཕོངས་ཀྱི་གྲངས་ཀ་ནི་༡༩༩༠་ལོའི་ཐེར་འབུམ་གཉིས་ནས་ད་ལྟ་ས་ཡ་༥༠༠་ཙམ་ལ་ཟགས་ཡོད།ཁོང་གཉིས་ཀྱི་བསམ་ཚུལ་ལྟར་ན། ༢༠༢༥་ལོར་དབུལ་ཕོངས་ཀྱི་གྲངས་ཀ་ས་ཡ་༢༠༠་ཙམ་ལ་ཟགས་རྒྱུ་ཡིན་པའི་ཚོད་རྩིས་ཀྱང་བྱས་ཡོད། འོན་ཀྱང་། བརྟན་ལྷིང་མེད་པའི་རྒྱལ་ཁབ་དག་གི་དབུལ་ཕོངས་ཀྱི་གྲངས་ཀ་ནི་མར་ཆགས་ཀྱི་མེད། ཁོང་ཚོའི་མགྱོགས་པོར་འཕེལ་བཞིན་པའི་མི་འབོར་ནང་དུ་དབུལ་བོ་ཇེ་མང་དང་། བརྟན་ལྷིང་མེད་པའི་ས་གནས་ཀྱང་མང་དུ་འགྲོ་བཞིན་ཡོད། ༡༩༩༠་ནས་བཟུང་དབུལ་ཕོངས་ཀྱི་གྲངས་ཀ་ས་ཡ་༥༠༠་ཙམ་ཡིན་པ་དེ། ༢༠༢༥་ལོའི་དབར་དུ་འཕེལ་འགྲིོབ་ཡོང་རྒྱུ་ཁག་པོ་ཡིན་པའི་སྡོམ་ཚིག་རྩོམ་པ་པོ་དག་གིས་བཀོད་ཡོད། སང་ལོའི་ལོ་སྟོད་ཙམ་ནས་བརྟན་ལྷིང་མེད་ཅིང་རྙོག་གླེང་གི་དཀྲུག་པའི་རྒྱལ་ཁབ་ཚོའི་ནང་གི་དབུལ་བོའི་གྲངས་ཀ་དེ་བརྟན་ལྷིང་ཅན་གྱི་རྒྱལ་ཁབ་དག་གི་ཁ་གྲངས་ལས་ཆེ་རུ་འཕར་གྱི་རེད་ཅེས་སྡོམ་ཚིག་བཀོད་ཡོད། གནད་དོན་འདི་ནི་སྐུ་ཞབས་སམ་ནིར་གྱི་ཞིབ་འཇུག་འབྲས་བུ་དང་འགལ་ཡོད། དབུལ་བོའི་གྲངས་མར་ཆགས་ཐུབ་མིན་ལ་མ་ལྟོས་པར། ཕྱི་ཕྱོགས་ཀྱི་རོགས་སྐྱོར་ནི་ཧ་ཅང་གལ་ཆེན་ཞིག་ཆགས་ཀྱི་ཡོད། གང་ལེགས་ཤེ་ན། བརྟན་ལྷིང་མེད་པའི་རྒྱལ་ཁབ་དེ་ཚོས་(ཡོང་འབབ་འབྲིང་གྲས་ཀྱི་རྒྱལ་ཁབ་དང་མི་འདྲ།)སོ་སོའི་འབངས་མི་སྐྱོ་བོ་ཚོར་རོགས་རམ་བྱེད་མི་ཐུབ་པའི་ཁར་སོ་སོའི་གཞུང་ལའང་རོགས་རམ་དགོས་མཁོ་ཆགས་ཡོད།

གནད་དོན་འདི་ཕལ་ཆེར་དོ་མཉམ་ཆགས་མི་སྲིད་པ་ཞིག་རེད། གང་ཡིན་ཟེར་ན། སྡེ་ཚན་འདི་ལ་ཡོང་འབབ་འབྲིང་གྲས་ཀྱི་རྒྱལ་ཁབ་བམ་ཕམ་ཟིན་པའི་རྒྱལ་ཁབ་ཅེས་འབོད་ཀྱི་ཡོད།སྡེ་ཚན་འདིའི་ནང་དུ་ཨི་རག་དང་ནི་ཇེ་རི་ཡ།པ་ཀི་སི་ཏན།ཡེ་མན་བཅས་མི་འབོར་མང་ཞིང་ས་ཁྱོན་ཆེ་བའི་རྒྱལ་ཁབ་ཁག་ཚུད་ཡོད། ༢༠༡༡་ལོར་བྷི་རོས་ཁེན་གྱི་ཇེས་ཡོ་ཧྥི་རེ་སྒིར་རྫི་དང་ལོ་རན་སི་ཆན་ལྡིས་གཉིས་ཀྱིས་ཚོད་རྩིས་བྱས་དོན་ལྟར་ན།ཉིན་རེར་ཕལ་ཆེར་ཨ་སྒོར་༡.༢༥་ཙམ་གྱི་འཚོ་དོད་ལ་བསྟེན་བཞིན་ཡོད་པའི་མི་འབོར་གྱི་བརྒྱ་ཆ་༥་ཙམ་ནི་རྒྱལ་ཁབ་འདི་དག་གི་མི་སེར་ཡིན་པ་ར་སྤྲོད་བྱས་འདུག། དེར་བརྟེན། སྐུ་ཞབས་སམ་ནིར་དང་མེ་སི་སི་ཁ་ར་སི།རོ་སྒི་སོན་བཅས་ཀྱི་ཞིབ་འཇུག་གི་རྙེད་དོན་ནང་དུ་ཕལ་ཆེར་དབུལ་ཕོངས་མི་སེར་གྱི་གྲངས་འབོར་ས་ཡ་༢༠༠་ཙམ་ཡོང་འབབ་འབྲིང་གྲས་དང་བརྟན་ལྷིང་མེད་པའི་རྒྱལ་ཁབ་འདི་དག་གི་ནང་དུ་ཡོད་པ་བསྟན་འདུག། ཞིབ་འཇུག་རྙེད་དོན་གཉིས་ཀྱི་གནད་དོན་ཁག་ཅིག་ལ་བལྟས་ཚེ།ཕྱོགས་གཉིས་ཆའི་ཁ་བྱང་མི་འདྲ་བ་རེ་བཀོད་པ་ཙམ་ལས། ཉམས་ཞིབ་སྡེ་ཁག་གཉིས་ཆའི་སྐད་ཆར་རྒྱུ་མཚན་ཡོད་པ་རྟོགས་ཐུབ་ཀྱི་འདུག།

ཕྱོགས་གཉིས་ཆའི་ཞིབ་འཇུག་བྱས་པར་མི་འདྲ་བའི་ཆ་ཅུང་ཡོད་པ་ནི། སྐུ་ཞབས་སམ་ནིར་གྱིས་ད་ལྟའི་གནས་བབ་ལ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང་། སྐུ་ཞབས་མེ་སི་སི་ཁ་ར་དང་རོ་སྒིར་སོན་གཉིས་ཀྱིས་འབྱུང་འགྱུར་གྱི་༢༠༢༥་ལོའི་གནས་བ་གང་འདྲ་ཞིག་ཆགས་མིན་གྱི་གནད་དོན་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། འགལ་ཟླའི་ཆ་ཅིག་ཡོད་པ་ནི་སྐུ་ཞབས་སམ་ནིར་གྱིས་ཀྱང་༢༠༢༠་དང་༢༠༣༠་གཉིས་ཀྱི་འབྱུང་འགྱུར་གྱི་གནས་བབ་ཁག་གཅིག་ལ་འགྲེལ་བརྗོད་བྱས་པ་དེ། ཕྱོགས་གཉིས་ཆ་ནས་མངོན་གསལ་དོད་པོས་ཐོག་ལོགས་ཀ་ཆགས་ཀྱི་འདུག ཁོང་གིས་སྐུ་ཞབས་མེ་སི་སི་ཁ་ར་དང་རོ་སྒིར་སོན་གཉིས་ཀྱི་ཞིབ་འཇུག་གི་འབྲས་བུ་ལ་ཁས་ལེན་བྱེད་ཀྱི་ཡོད་པའི་གནད་དོན་དེ་ནི། ཡོང་འབབ་འབྲིང་གྲས་ཀྱི་རྒྱལ་ཁབ་ཚོས་དབུལ་བོའི་གྲངས་ཀ་ཉུང་དུ་གཏོང་བ་དང་། ཉམ་ཐག་རྒྱལ་ཁབ་ཁག་གི་ནང་དུ་ཡོད་པའི་དབུལ་བོའི་གྲངས་འབོར་ཆ་ཤས་དེ་ངེས་པར་དུ་འཕར་རྒྱུ་ཡིན་པ་དེ་རེད། ཡིན་ནའང་ཁོང་གི་རྩིས་ཐོབ་ཀྱི་གྲངས་ཀའི་འཕར་ཚད་ནི་སྐུ་ཞབས་མེ་སི་སི་ཁ་ར་དང་རོ་སྒིར་སོན་གཉིས་ཀྱི་རྩིས་ཐོབ་ལས་དམའ་བ་འདུག སྐུ་ཞབས་སམ་ནིར་གྱིས་ད་ལྟའི་འཛམ་གླིང་གི་དབུལ་ཕོངས་གྲངས་འབོར་སྤྱི་སྡོམ་གྱི་ཉམ་ཐག་རྒྱལ་ཁབ་ཁག་གི་དབུལ་ཕོངས་ཀྱི་གྲངས་ཚད་དེ་༢༠༢༠་ལོར་བརྒྱ་ཆ་༢༠་ནས་༤༠་ཙམ་འཕར་རྒྱུ་ཡིན་པ་དང་། ཐ་ན་༢༠༣༠་ལོར་ད་ལྟའི་ཉམ་ཐག་རྒྱལ་ཁབ་དང་ཡོང་འབབ་འབྲིང་གྲས་ཀྱི་རྒྱལ་ཁབ་ཁག་གི་དབུལ་ཕོངས་ཀྱི་ཆ་ཤས་དེ་ཕལ་ཆེར་གཅིག་གི་སྒང་ལ་གནས་རྒྱུ་ཡིན་པ་འགྲེལ་བརྗོད་བྱས་འདུག།

ད་ལྟའི་ཉམ་ཐག་རྒྱལ་ཁབ་ཁག་ཅིག་༢༠༣༠་ལོར་ཡོང་འབབ་འབྲིང་གྲས་ཀྱི་རྒྱལ་ཁབ་ཀྱི་གྲས་སུ་སླེབས་རྒྱུ་ཡིན་པས་རྒྱུ་མཚན་གཞིར་བྱས་ཏེ་སྐུ་ཞབས་སམ་ནིར་གྱིས་སྡོམ་ཚིག་བཀོད་དོན། སྐབས་དེར་འཛམ་གླིང་གི་དབུལ་ཕོངས་སྡོམ་འབོར་གྱི་བརྒྱ་ཆ་གསུམ་ཡོང་འབབ་ཞན་པའི་རྒྱལ་ཁབ་ཁག་གི་ནང་དུ་ཡོང་རྒྱུ་རེད་ཅེས་འགྲེལ་འདུག དེ་ལས་ལྡོག་སྟེ། སྐུ་ཞབས་མེ་སི་སི་ཁ་ར་དང་རོ་སྒིར་སིན་གཉིས་ཀྱིས། ༢༠༢༥་ནང་དུ་འཛམ་གླིང་དབུལ་ཕོངས་ཀྱི་བརྒྱ་ཆ་མང་ཤོས་ཤིག་བརྟན་ལྷིང་མེད་པའི་རྒྱལ་ཁབ་ཁག་གི་ནང་དུ་ལྷག་རྒྱུ་ཡིན་པ་འགྲེལ་འདུག

མ་འོངས་བའི་གནས་བབ་བསྟན་པའི་ཉམས་ཞིབ་རྙེད་དོན་དབར་གྱི་ཧེ་བག་དེས་ཚོད་དཔག་བྱས་པའི་ནང་དུ་ཁྱད་པར་ཤོར་ཡོད་པ་ཞིག་སྟོན་གྱི་འདུག ཁྱད་པར་ཁ་ཤས་ཤིག་གིས་ང་ཚོར་གཟབ་གཟབ་བྱེད་དགོས་པའི་སྔོན་བརྡ་བཏང་བ་རེད། སྐུ་ཞབས་མེ་སི་སི་ཁ་ར་དང་རོ་སྒིར་སིན་གཉིས་ཀྱི་རྒྱལ་སྤྱིའི་དངུལ་ལོ་ཐེབས་རྩ་ཁང་གི་ཡིག་ཆ་ཁག་ལ་ཁུངས་གཏུགས་ཡོད་པ་དེས། ༢༠༢༠་དང་༢༠༣༠་གཡས་གཡོན་ལ་རྒྱ་གར་དང་ཨེན་ཌོ་ནེ་ཤས་ཡི་གཉིས་ཀྱི་ནང་དུ་དབུལ་ཕོངས་ཚང་མ་ཕྱུག་འགྱུར་གྱི་ལམ་ཁ་སྙེག་ཐུབ་པ་བསྟན་འདུག་པ་དེ་ནི་ཕལ་ཆེར་ཡོང་མི་སྲིད་པ་ཞིག་རེད། ཕྱོགས་གཉིས་ཆའི་ཚོད་དཔག་བྱས་པར་གཞིག་ཚེ། སྐུ་ཞབས་སམ་ནིར་གྱིས་༢༠༣༠་ལ་དབུལ་ཕོངས་ཀྱི་གྲངས་ཚད་དེ་འཛམ་གླིང་གི་ས་ཕྱོགས་གང་དུ་ཡིན་ཡང་ས་ཡ་༦༠༠་ནས་ཐེར་འབུམ་༡.༦་གྱི་དབར་ལ་གནས་རྒྱུ་ཡིན་པ་དེ་ནོར་འཁྲུལ་གྱི་སྟོང་ཆ་ཆེན་པོ་རེད། སྐུབ་ཞབས་སམ་ནིར་གྱི་རྩོམ་སྒྲིག་ལས་རོགས་ཆར་ལིས་སི་ཀན་ནེས་ཀྱིས་ཐ་ཚིག་བསྒྲགས་དོན། ང་ཚོའི་ཞིབ་འཇུག་སྙན་ཐོ་ཐེ་བའི་༢༠༣༠་ལོའི་དབུལ་ཕོངས་ཀྱི་གྲངས་ཀའི་གནས་བབ་མཚོན་པའི་ཞིབ་འཇུག་སྙན་ཐོ་ཁག་ནི་རྒྱལ་ཁབ་ཆེན་པོ་ཁ་ཤས་ཤིག་གི་ཡར་རྒྱས་ཀྱི་ཚོད་རྩིས་ལ་ཤུགས་ཆེན་པོ་བསྟེན་ཡོད་པས། ངས་ཞིབ་འཇུག་དེ་དག་གིས་འཛམ་གླིང་སྤྱི་ལ་ཁྱབ་པའི་གནད་དོན་ཞིག་འགྲེལ་ཐུབ་ཀྱི་མ་རེད་ཅེས་བརྗོད་ཀྱི་ཡོད།

ཡོང་འབབ་བམ་ཆབ་སྲིད།

གོང་ཞུས་ཀྱི་ཞིབ་འཇུག་སྡོམ་ཚིག་དེ་གཉིས་ཀྱིས་དབུལ་ཕོངས་ལ་བཟུང་བའི་ལྟ་ཕྱོགས་མི་འདྲ་བ་དང་གལ་ཆེན་གཉིས་སྟོན་གྱི་འདུག སྐུ་ཞབས་སམ་ནིར་གྱིས་གཙོ་བོ་དབུལ་ཕོངས་ཀྱི་གནད་དོན་ལ་དམིགས་ཏེ། དབྱེ་བ་དགར་བྱེད་ཀྱི་ཚངས་ཐིག་ཆེན་པོ་ཞིག་ཉམ་ཐག་དང་ཡོང་འབབ་འབྲིང་གྲས་ཀྱི་རྒྱལ་ཁབ་གཉིས་ཀྱི་སྒང་ལ་བཏབ་ཡོད། དེ་ལས་ལྡོག་སྟེ། སྐུ་ཞབས་མེ་སི་སི་ཁ་ར་དང་རོ་སྒིར་སིན་གཉིས་ཀྱིས་གཙོ་བོ་ཆབ་སྲིད་གཞི་རྩར་བཟུང་ཡོད། དེའི་དབྱེ་གཞིའི་ཚད་ཐིག་ནི་རྒྱལ་ཁམས་བརྟན་ལྷིང་ཡོད་མེད་ཀྱི་གནད་དོན་རེད། གལ་ཏེ། སྐུ་ཞབས་མེ་སི་སི་ཁ་ར་དང་རོ་སྒིར་སིན་གཉིས་བདེན་པ་ཡིན་ན། སྐྱོབ་གསོ་བྱེད་མཁན་གྱི་སྦྱིན་བདག་ཚོས་རྒྱལ་ཁབ་དེ་དག་གི་གཞུང་ལ་དམིགས་པ་གཏད་དེ། རྒྱལ་ཁབ་གང་ཞིག་བརྟན་ལྷིང་མེད་པ་ནས་བརྟན་ལྷིང་ཅན་གྱི་ཕྱོགས་སུ་བསྒྱུར་དགོས། དེ་ནི་འགན་ཁུར་ལྕི་མོ་ཞིག་རེད། གལ་ཏེ། སྐུ་ཞབས་སམ་ནིར་བདེན་པའི་དབང་དུ་བཏང་ན། སྦྱིན་བདག་ཚོས་ཡོང་འབབ་འབྲིང་གྲས་ཀྱི་ས་གནས་གཞུང་དབར་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཞུང་གི་འགྲོ་སོང་བཏང་བ་རྣམས་ཆེས་དབུལ་ཕོངས་ཀྱི་མི་མང་ཚོ་སྡོད་སར་ཆ་སྙོམས་ཐོག་བགོ་འགྲེམས་བྱེད་ཐུབ་ཡོད་མེད་ལ་བལྟ་དགོས།

(ཨེས་ཁོ་ནོ་མིས་སི་ཁྲི་(The Economist)ནི་རྒྱལ་སྤྱིའི་གསར་འགྱུར་དང་གནད་དོན་དབྱེ་ཞིབ་སོགས་འགོད་ཀྱིན་པའི་སྐད་གྲགས་ཅན་གྱི་དབྱིན་ཡིག་གི་བདུན་རེའི་གསར་ཤོག་ཅིག་ཡིན། ༡༨༤༣་ལོར་སྐུ་ཞབས་ཇམ་སི་བེལ་སོན་གྱིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་པར་བསྐྲུན་འགོ་འཛུགས་བྱས་པ་ཞིག་རེད། ཚོད་རྩིས་ལྟར་ན་ཀློག་པ་པོ་ས་ཡ་གཅིག་དང་ཕྱེད་ཀ་ཙམ་འདུག)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*