གླང་ཆེན་དཀར་པོ་ལྟ་བུའི་རི་ཚོགས།

རྩོམ་པ་པོ་ཨེར་ནི་སུ་ཊི་ ཧེ་མིན་ཝེ།
མི་ནག་ཚང་ལུང་རིགས་རྒྱལ་གྱིས་བསྒྱུར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཨེབ་རོ་ལུང་གཤོངས་སུ་འཕྲེད་དུ་ཆགས་པའི་རི་ཚོགས་ནི་རྒྱུན་རིང་པོ་དང་དཀར་པོ་རེད། ཚུར་ཕྱོགས་སུ་གྲིབ་མ་མི་འདུག་ལ་ཤིང་སྡོང་ཡང་མི་འདུག ཉི་མའི་འོག་གི་མེ་འཁོར་འབབ་ཚུགས་དེ་ནི་ལྕགས་ལམ་གཉིས་ཀྱི་བར་དུ་འདུག འབབ་ཚུགས་ཀྱི་ཉེ་འཁྲིས་དེ་རུ་ཁང་རྒན་ཞིག་གི་གྲིབ་ངོགས་དྲོན་པོ་དང་། སྨྱུག་ཕྲེང་གིས་བཟོས་པའི་ཡོལ་བ་དེ་སྦྲང་མ་ཕྱི་རུ་འགོག་ཆེད་དུ་ཆང་ཁང་གི་སྒོ་ཁ་རུ་དཔྱངས་འདུག ཨ་རི་བ་དེ་དང་ཁོའི་རོགས་ཀྱི་བུ་མོ་དེ་ཁང་བརྩེགས་ཀྱི་ཕྱིའི་གྲིབ་འོག་གི་ཙོག་ཙེའི་མཐའ་རུ་བསྡད། ཚ་བ་ཧ་ཅང་ཆེ་ཞིང་བྷར་སེ་ལོ་ནཱ་ནས་ཡོང་རྒྱུའི་མེ་འཁོར་དེ་སྐར་མ་ ༤༠ ནང་ཚུད་དུ་འདིར་འབྱོར་རྒྱུ་དང་། འབབ་ཚུགས་འདིར་སྐར་མ་གཉིས་ལ་བཀག་རྗེས་མཱད་རིད་དུ་འགྲོ་གི་རེད།

“འུ་གཉིས་ཀས་ཅི་ཞིག་འཐུང་རྒྱུ།” བུ་མོ་དེས་དྲིས། མོས་ཞྭ་མོ་ཕུད་དེ་ཙོག་ཙེའི་སྟེང་ལ་བཞག
“ངོ་མས་ཚ་བ་འདུག” སྐྱེས་པ་དེས་བཤད།
“འུ་གཉིས་ཀས་ཝུ་རག་འཐུང་ག”
“ཝུ་རག་གཉིས།” སྐྱེས་པ་དེས་ཆང་ཁང་གི་ཕྱོགས་སུ་བོས།
“ཆེན་པོ་དགོས་སམ།” བུད་མེད་ཅིག་གིས་སྒོ་ཁ་ནས་དྲིས།
“རེད། ཆེ་བ་གཉིས།”
བུད་མེད་དེས་ཝུ་རག་ཤེལ་དཀར་གཉིས་དང་དཀར་གདན་གཉིས་ཁྱེར་ཡོང་། མོས་དཀར་གདན་གཉིས་མར་བཞག་རྗེས་ཤེལ་དཀར་གཉིས་ཙོག་ཙེ་སྟེང་ལ་བཞག་སྟེ་སྐྱེས་པ་དང་བུ་མོ་གཉིས་ལ་བལྟས། བུ་མོ་དེས་རི་ཚོགས་ཀྱི་རྒྱུན་ལ་མིག་ཞགས་འཕེན་བཞིན་འདུག རི་དེ་དག་ཉི་མའི་འོག་ན་དཀར་པོར་གྱུར་ཅིང་ཡུལ་འདི་ནི་སྨུག་པོ་དང་སྐམ་པོ་རེད།
“འདི་དག་གླང་ཆེན་དཀར་པོ་དག་དང་འདྲ་བོ་འདུག” མོས་བཤད།
“ངས་ད་བར་དུ་མཐོང་མ་མྱོང་།” སྐྱེས་པ་དེས་ཝུ་རག་འཐུང་།
“འོ་ཡ། ཁྱོས་མཐོང་མྱོང་ཡོད་པ་མ་རེད།”
“ཡོད་སྲིད་པ་རེད།”སྐྱེས་པ་དེས་བཤད། “ཁྱོད་ཀྱིས་ངས་མཐོང་མྱོང་ཡོད་པ་མ་རེད་ཅེས་བཤད་པ་ཙམ་གྱིས་ཅི་ཡང་ཁུངས་སྐྱེལ་བྱ་ཐུབ་གི་མ་རེད།”
བུ་མོས་སྨྱུག་ཕྲེང་གི་ཡོལ་བ་དེར་བལྟས། “འདིའི་སྒང་ལ་རི་མོ་ཞིག་བྲིས་འདུག” མོས་བཤད། “འདིས་ཅི་ཞིག་སྟོན་གི་ཡོད་པ་རེད།”
“དེ་ཨ་རག་ཅིག་རེད། མིང་ལ་ ཨ་ནེ་སི་ ཌེལ་ ཊོ་རོ་ ཟེར་གི་རེད།”
“འུ་གཉིས་ཀས་ཚོད་ལྟ་ཞིག་བྱེད་ག”
སྐྱེས་པ་དེས་ཡོལ་བའི་ནང་དུ་ཕྱོགས་ཏེ་ “རྣ་བ་ཞིག་གཡར་རོགས།” ཞེས་སྐད་བཏང་། བུད་མེད་དེ་ཆང་ཁང་ནས་ཕྱིར་ཐོན།
“བཞི་ཡིན་ནམ།”
“ངེད་གཉིས་ལ་ ཨ་ནེ་སི་ ཌེལ་ ཊོ་རོ་ གཉིས་སྤྲོད་རོགས།”
“ཆུ་མཉམ་དུ་ཡིན་ནམ།”
“ཁྱོད་ལ་ཆུ་མཉམ་དུ་དགོས་སམ།”
“ངས་མི་ཤེས།” བུ་མོས་བཤད། “ཆུ་མཉམ་དུ་འཕྲོད་ནི་ཨེ་རེད།”
“ཡག་པོ་ཡོད་རེད།”
“ཁྱོད་ལ་ཆུ་མཉམ་དུ་དགོས་སམ།” བུད་མེད་དེས་བཤད།
“རེད། ཆུ་མཉམ་དུ།”
“འདི་ལ་ཤིང་མངར་གྱི་བྲོ་བ་ཞིག་འདུག” བུ་མོས་བཤད་བཞིན་ཤེལ་དཀར་མར་བཞག
“ཚང་མ་འདི་འདྲ་བ་ཞིག་ཡིན་ནི་རེད།”
“རེད།” བུ་མོས་བཤད། “ཚང་མར་ཤིང་མངར་བྲོ་གི། ལྷག་པར་དུ་ཨབ་སིན་ཌུ་ཆང་རག་ལྟ་བུ་ཁྱོས་ད་བར་དུ་སྒུག་པ་ཚང་མ་དེ་འདྲ་རེད།”
“འོ། ད་དེའི་སྐོར་མ་གླེང་ན་ཨེ་ཆོག་གི།”
“ཁྱོད་རང་གིས་མགོ་བཙུགས་པ་རེད།” བུ་མོ་དེས་བཤད། “ང་སེམས་གཡེང་ནས་བསྡད་ཡོད། ངས་དུས་ཚོད་ཡག་པོ་ཞིག་བསྐྱལ་བསྡད་ཡོད།”
“རེད། ངེད་གཉིས་ཀས་དུས་ཚོད་སྐྱིད་པོ་ཞིག་སྐྱེལ།”
“དེ་རེད། ངས་ཚོད་ལྟ་བྱེད་གིན་ཡོད། ངས་ནི་རི་ཚོགས་འདི་ནི་གླང་ཆེན་དཀར་པོ་དག་དང་འདྲ་བོ་འདུག་ཅེས་བཤད་པ་ཡིན། དེ་གསལ་བོ་མ་རེད་དམ།”
“དེ་གསལ་བོ་རེད།”
“ངས་ཆང་རག་གསར་པ་འདི་ལ་ཚོད་ལྟ་བྱེད་དགོས་གི། དེ་འུ་གཉིས་ཀའི་ལས་ཀ་རེད། མ་རེད་དམ་་་་དོན་དག་ལ་ལྟ་བཞིན་ཆང་རག་གསར་པར་མྱོང་གིན་ཡོད།”
“དེ་འདྲ་ཞིག་ཡིན་པ་འདྲ།”
བུ་མོ་དེས་རི་ཚོགས་ཀྱི་ཕྱོགས་སུ་བལྟས།
“རི་བོ་འདི་དག་ཡིད་དུ་འོང་བ་ཞིག་རེད།” བུ་མོས་བཤད། “དངོས་གནས་བཤད་ན་འདི་དག་གླང་ཆེན་དཀར་པོ་དག་དང་འདྲ་བོ་མི་འདུག ངས་ཤིང་སྡོང་གི་བར་ནས་མཐོང་བའི་རི་བོ་དེ་དག་གི་ཕྱི་ཤུན་གྱི་མདོག་ཟེར་གིན་ཡོད།”
“འུ་གཉིས་ཀས་ད་དུང་གཅིག་འཐུང་རྒྱུ་ཡིན་ནམ།”
“རེད།”
རླུང་བུ་དྲོན་པོ་ཞིག་གིས་ཡོལ་བ་དེ་ཙོག་ཙེའི་གཞོགས་སུ་བརྒྱབ།
“ཝུ་རག་དེ་གྲང་མོ་དང་ཞིམ་པོ་ཞིག་འདུག” སྐྱེས་པ་དེས་བཤད།
“ཞིམ་པོ་འདུག།”
“ཇིག ངོ་མས་བཤད་ན་གཤག་བཅོས་དེ་ནི་ཧ་ཅང་གི་སྤྱིར་བཏང་བ་ཞིག་རེད།” སྐྱེས་པས་བཤད། “དེ་ནི་ངོ་མས་བཤད་ན་གཤག་བཅོས་ཤིག་མ་རེད།”
བུ་མོ་དེས་ཙོག་ཙེའི་རྐང་བ་འཛུགས་སའི་ཐང་དེར་བལྟས།
” ཇིག ངས་ཁྱོད་ཁོང་ཁྲོ་མི་ལངས་པ་ཤེས་གི། དེ་ནི་ངོ་མས་བཤད་ན་ཅི་ཡང་མ་རེད། ནང་ལ་རླུང་འཛུལ་གི་བཅུག་པ་ཙམ་རེད།”
བུ་མོ་དེས་ཅི་ཡང་མ་བཤད།
“ང་ཁྱོའི་མཉམ་དུ་འགྲོ། རྒྱུན་དུ་ཁྱོའི་འཁྲིས་ནས་འདུག ཁོང་ཚོས་ནང་ལ་རླུང་ཡོང་གི་འཇུག་པ་ཙམ་དང་དེ་ནས་ཚང་མ་རྒྱུན་ལྡན་དུ་གྱུར་འགྲོ་གི་རེད།”
“འོ་ན་དེའི་རྗེས་ནས་འུ་གཉིས་ཀས་ཅི་བྱེད་ག”
“རྗེས་ནས་སྐྱོན་ཡོད་པ་མ་རེད། འུ་གཉིས་སྔོན་ཆད་གང་འདྲ་ཡོད་པ་དེ་དང་གཅིག་མཚུངས་ཡིན་ནི་རེད།”
“ཁྱོད་ལ་བསམ་ཚུལ་དེ་ཇི་ལྟར་སྐྱེས་སོང་།”
“དེ་ནི་འུ་གཉིས་ཀར་སུན་པོ་བཟོ་མཁན་ཁོ་ན་རེད། འུ་གཉིས་ཀ་སྐྱིད་པོ་མེད་པ་བཟོ་མཁན་ཡང་དེ་གཅིག་པུ་རེད།”
བུ་མོ་དེས་སྨྱུག་ཕྲེང་གི་ཡོལ་བར་བལྟས། ལག་པ་སྲིང་སྟེ་སྨྱུག་ཕྲེང་གི་རྒྱུན་ཐག་གཉིས་བཟུང་།
“འོ་ན། ཁྱོས་བསམ་ན་ངེད་གཉིས་བདེ་ནས་སྐྱིད་གི་རེད་བསམ་གི་འདུག་གམ།”
“དེ་ཡོང་བ་ངས་ཤེས་གི། ཁྱོད་སྐྲག་དགོས་ནི་མ་རེད། མི་མང་པོས་དེ་ལྟར་བྱེད་ཀྱིན་པ་ངས་མཐོང་མྱོང་།”
“ངས་ཀྱང་མཐོང་མྱོང་།” བུ་མོས་བཤད། “དེའི་རྗེས་ནས་ཁོང་ཚོ་ཚང་མ་སྐྱིད་པོ་བདེ་མོ་རེད།”
“རེད།” སྐྱེས་པ་དེས་བཤད། “གལ་སྲིད་ཁྱོད་ལ་འདོད་པ་མེད་ན་མ་བྱས་ན་ཆོག་ནི་རེད། ཁྱོད་ལ་དེ་བྱེད་འདོད་མེད་ན་ངས་ཁྱོད་ལ་བྱེད་དགོ་ཟེར་ནི་མ་རེད། ཡིན་ཡང་དེ་ཧ་ཅང་གི་སྟབས་བདེ་ཞིག་ཡིན་པ་ངས་ཤེས་ཡོད།”
“ཁྱོས་དངོས་གནས་དེ་བྱེད་ན་འདོད་དམ།”
“ངས་བསམ་ན་དེ་ཡག་ཤོས་རེད། ཡིན་ཡང་། ཁྱོད་ལ་འདོད་པ་མེད་ན་ངས་ཀྱང་ཁྱོད་ལ་དེ་བྱེད་གི་འཇུག་འདོད་མེད།”
“གལ་སྲིད་ངས་དེ་སྒྲུབ་པ་ཡིན་ན་ཁྱོད་སྐྱིད་པོ་དང་། དོན་དག་ཚང་མ་སྔོན་ཆད་ལྟ་བུ་དང་ཁྱོད་ང་ལ་དགའ་གི་རེད་དམ།”
“ང་ཁྱོད་ལ་དགའ་བསྡད་ཡོད། དེ་ཁྱོས་ཤེས་ནི་རེད།”
“ངས་ཤེས་ཡོད། གལ་སྲིད་ངས་སྒྲུབ་པ་ཡིན་ན་དེ་ནས་ངས་རི་ཚོགས་རྣམས་གླང་ཆེན་དཀར་པོ་དག་དང་འདྲ་བོ་འདུག་ཅེས་བཤད་ན་སླར་ཡང་ཡག་ག་དང་། ཁྱོད་དེ་ལ་དགའ་གི་རེད་དམ།”
“ང་དེ་ལ་དགའ་གི་རེད། ད་ལྟ་ཡང་ང་དེ་ལ་དགའ་གི། ཡིན་ཡང་ངས་དེའི་སྐོར་ལ་བསམ་བློ་གཏོང་ཐུབ་གི་མི་འདུག ང་སེམས་ཁྲལ་གྱི་ནང་དུ་ལྷུང་ན་ཅི་འདྲ་ཞིག་ཡིན་པ་ཁྱོས་ཤེས་ནི་རེད།”
“གལ་སྲིད་ངས་དེ་སྒྲུབ་པ་ཡིན་ན་ཁྱོད་ལ་སེམས་ཁྲལ་རྩ་ནས་མི་ཡོང་བ་ཨེ་རེད།”
“ང་དེ་ལ་སེམས་ཁྲལ་ཡོང་གི་མི་འདུག གང་ཡིན་ཟེར་ན་དེ་ཧ་ཅང་གི་རྒྱུན་ལྡན་ཞིག་རེད།”
“དེ་ཡིན་ན་ངས་བསྒྲུབ། ངས་རང་ཉིད་ཀྱི་སྐོར་ལ་བསམ་གི་མེད།”
“དེའི་དོན་དག་ཅི་ཡིན།”
“ངས་རང་ཉིད་ལ་བསམ་གི་མེད།”
“མ་རེད། ངས་ཁྱོད་བསམ་གི་ཡོད།”
“འོ་རེད། ཡིན་ཡང་ངས་རང་གི་སྐོར་བསམ་གི་མེད། དེས་མི་ཚད་ངས་དེ་སྒྲུབ། དེ་ནས་ཚང་མ་རྒྱུན་ལྡན་ཆགས་གི་རེད།”
“གལ་སྲིད་ཁྱོས་དེ་ལྟར་ཚོར་གི་ཡོད་ན་ངས་ཁྱོད་ལ་དེ་བསྒྲུབ་གི་འཇུག་འདོད་མེད།”
བུ་མོ་དེ་ཡར་ལངས་ནས་མེ་འཁོར་འབབ་ཚུགས་ཀྱི་སྣེ་རུ་ཕྱིན། འབབ་ཚུགས་ཀྱི་ཕར་ཕྱོགས་ནི་ཞིང་ཁ་རེད། ཨེབ་རོ་གཙང་བོའི་རྒྱུད་དུ་ཤིང་སྡོང་གི་སྟར་ཕྲེང་སྒྲིག་འདུག གཙང་བོའི་ཕ་རོལ་གྱི་ཐག་རིང་དེ་ནི་རི་བརྒྱུད་རེད། སྤྲིན་པ་ལེབ་མོ་ཞིག་གི་གྲིབ་མ་ཞིང་ཁུག་བརྒྱུད་ནས་འགྲོ་གིན་འདུག མོས་ཤིང་སྡོང་གི་བར་ནས་གཙང་བོ་དེ་མཐོང་།
“འདི་ཚང་མ་འུ་གཉིས་ཀར་ཡོད་ཆོག་ན།” མོས་བཤད། “མཐའ་དག་འུ་གཉིས་ཀར་ཡོད་ཆོག་ན། འུ་གཉིས་ཀས་ཉི་མ་རྟག་པར་དེ་བས་ཀྱང་ཡོང་མི་སྲིད་པ་ཞིག་བཟོ་གི་རེད།”
“ཁྱོས་ཅི་ཞིག་བཤད་པ་ཡིན།”
“ངས་ཚང་མ་འུ་གཉིས་ཡོད་ཆོག་ན་ཅེས་བཤད་པ་ཡིན།”
“ཚང་མ་འུ་གཉིས་ཀར་ཡོད་ཆོག་གི་རེད།”
“མ་རེད། ཐུབ་གི་མ་རེད།”
“འཛམ་གླིང་འདི་ཧྲིལ་བོ་འུ་གཉིས་ཀར་དབང་ཆོག་གི་རེད།”
“མ་རེད། ཐུབ་གི་མ་རེད།”
“འུ་གཉིས་ག་ས་གང་དུ་འགྲོ་ཆོག་གི་རེད།”
“མ་རེད། ཐུབ་གི་མ་རེད། དེ་དག་འུ་གཉིས་ཀར་མུ་མཐུད་ནས་དབང་གི་མ་རེད།”
“འུ་གཉིས་ཀའི་རེད།”
“མ་རེད། ཡིན་ནི་མ་རེད། ཁོང་ཚོས་ཁྱེར་པ་ནས་བཟུང་། ཁྱོད་ལ་ཕྱིར་དབང་གི་མ་རེད།”
“ཡིན་ཡང་། ཁོང་ཚོས་ད་དུང་ཁྱེར་ཡོད་པ་མ་རེད།”
“འུ་གཉིས་ཀས་སྒུག་ནས་ལྟ་ཆོག་གི་རེད།”
“འགྲོ། ཕྱིར་གྲིབ་མའི་འོག་ལ་འགྲོ།” ཁོས་བཤད། “ཁྱོས་དེ་ལྟར་རྩ་བ་ནས་མ་བསམ།”
“ངས་ཅི་ཡང་བསམ་གི་མེད།” བུ་མོས་བཤད། “ངས་སྤྱིར་བཏང་གིས་ཤེས་གི།”
“ཁྱོད་ཀྱིས་སྒྲུབ་མི་འདོད་པ་ཞིག་ངས་ཁྱོད་ལ་སྒྲུབ་གི་འཇུག་འདོད་མེད།”
“དེ་ཡང་ངའི་ཆེད་དུ་ཡིན་ན་ཡག་པོ་མི་འདུག” མོས་བཤད། “ངས་ཤེས་གི། འུ་གཉིས་ཀས་ད་རུང་ཝུ་རག་རེ་འཐུང་ག”
“འགྲིག་གི། ཡིན་ཡང་། ཁྱོད་རང་ལ་ངེས་ཟིན་ཐོབ་དགོས་པ་རེད།”
“ང་ལ་ངེས་ཟིན་ཐོབ་ཡོད།” བུ་མོས་བཤད། “འུ་གཉིས་ཀས་སྐད་ཆ་མཚམས་བཞག་ན་ཨེ་ཆོག་གི།”
ཁོ་གཉིས་ཙོག་ཙེའི་འཁྲིས་ལ་བསྡད། བུ་མོ་དེས་ལུང་གཤོངས་དེའི་སྐམ་སའི་ཕྱོགས་ཀྱི་རི་ཚོགས་ལ་བལྟས། སྐྱེས་པ་དེས་བུ་མོ་ལ་ལྟ་ཙམ་དང་ཙོག་ཙེའི་སྟེང་ལ་བལྟས།
“ཁྱོད་རང་ཉིད་ལ་ངེས་ཟིན་ཐོབ་དགོས་པ་རེད།” ཁོས་བཤད། “གལ་སྲིད་ཁྱོད་ལ་སྒྲུབ་འདོད་མེད་ན་ངས་ཁྱོད་ལ་སྒྲུབ་གི་འཇུག་འདོད་མེད། གལ་སྲིད་དེ་ཁྱོད་ལ་མཚོན་ན་དོན་སྙིང་ཆེན་པོ་ཞིག་ཡིན་ན་ང་ནི་གོ་རིམ་འདི་བརྒྱུད་རྒྱུར་ཞེ་ཐག་པ་ནས་འདོད་པ་ཡོད།”
“དེ་ཁྱོད་ལ་དོན་སྙིང་ཞིག་ཨེ་རེད། ངེད་གཉིས་མོས་མཐུན་ཡོང་རྒྱུ།”
“ལོས་ཀྱང་ཡིན། ཡིན་ཡང་། ང་ལ་ཁྱོད་མ་གཏོགས་སུ་གཅིག་ཀྱང་མི་དགོས། ང་ལ་མི་གཞན་པ་སུ་ཡང་མི་དགོས། དེ་བཞིན་དུ་དོན་དག་དེ་ཧ་ལས་པའི་སྤྱིར་བཏང་བ་ཞིག་ཡིན་པ་ངས་ཤེས་ཡོད།”
“རེད། ཁྱོས་ནི་དེ་ཧ་ལས་པའི་སྤྱིར་བཏང་བ་ཞིག་ཡིན་པ་ཤེས་བསྡད་འདུག”
“ཁྱོད་རང་གིས་དེ་ལྟར་བཤད་ན་ཆོག་གི། ཡིན་ཡང་། ངས་དེ་ཤེས་བསྡད་ཡོད།”
“ཁྱོས་ད་ལྟ་རང་ངའི་ཆེད་དུ་ཅིག་སྒྲུབ་ན་ཨེ་ཆོག་གི།”
“ཁྱོའི་ཆེད་དུ་ངས་ཅི་ཞིག་ཡིན་ཡང་སྒྲུབ་ཆོག”
“སྐུ་མཁྱེན་་་་་ སྐུ་མཁྱེན་་་་་ སྐུ་མཁྱེན་་་་ སྐུ་མཁྱེན་་་་་ ཁྱོས་སྐད་ཆ་བཤད་མཚམས་བཞག་ན་ཨེ་ཆོག་གི།”
ཁོས་ཅི་ཡང་མ་བཤད་པར་མེ་འཁོར་འབབ་ཚིགས་ཀྱི་བརྩིགས་ངོས་སུ་ཁེན་པའི་ཁུར་པོ་དེ་དག་ལ་བལྟས། དེ་དག་གི་སྟེང་ན་ཁོ་གཉིས་མཚན་མོར་བསྡད་སའི་མགྲོན་ཁང་མཐའ་དག་གི་བྱང་བུ་རེ་བཏགས་འདུག
“ཡིན་ཡང་། ངས་ཁྱོད་ལ་དེ་ལྟར་བྱེད་འཇུག་འདོད་མེད།” ཁོས་བཤད། “ངས་དེའི་ཕྱོགས་ལ་བསམ་བློ་གཅིག་ཀྱང་མི་གཏོང་།”
“ངས་ངུ་རྒྱངས་བྱེད་གི་ཡིན།” བུ་མོ་དེས་བཤད།
བུད་མེད་ཡོལ་བའི་ནང་ནས་ཕྱིར་ཐོན་ཏེ་ཝུ་རག་ཤེལ་དཀར་གཉིས་དཀར་གདན་གྱི་སྟེང་ལ་བཞག “མེ་འཁོར་སྐར་མ་ལྔའི་འཕྲོ་ནས་འབྱོར་རྒྱུ་རེད།” མོས་བཤད།
“མོས་ཅི་ཞིག་བཤད་སོང་།” བུ་མོ་དེས་དྲིས།
“མེ་འཁོར་སྐར་མ་ལྔའི་འཕྲོ་ནས་འབྱོར་རྒྱུ་རེད་ཟེར་གི།”
བུ་མོ་དེས་བུད་མེད་དེ་ལ་འཛུམ་ཆེན་པོ་ཞིག་བསྟན་ཏེ། ཐུགས་རྗེ་ཆེ་ཞུས།
“ང་ཕྱིན་ནས་ཁུར་པོ་དེ་དག་འབབ་ཚིགས་ཀྱི་ཕར་ཕྱོགས་སུ་བཞག་ན་སྟབས་བདེ་ས་རེད།” སྐྱེས་པ་དེས་བཤད། མོས་ཁོ་ལ་འཛུམ་བསྟན།
“རེད་རེད། དེ་ནས་ཕྱིར་ཤོག་དང་འུ་གཉིས་ཀས་ཝུ་རག་དེ་ཚར་འཇུག་དགོ།”
ཁོས་ཁུར་པོ་ལྗིད་མོ་དེ་གཉིས་ཁུར་ནས་འབབ་ཚིགས་ཀྱི་ལྕགས་ལམ་ཕར་ཕྱོགས་སུ་བསྐྱལ། ཁོས་ལྕགས་ལམ་གྱི་མུ་ལ་མིག་མདའ་འཕངས་ཀྱང་མེ་འཁོར་མཐོང་རྒྱུ་མི་འདུག ཕྱིར་ཡོང་སྟེ་ཆང་ཁང་གི་ནང་དུ་འཛུལ། དེ་རུ་མེ་འཁོར་ལ་སྒུག་མཁན་རྣམས་ཀྱིས་ཝུ་རག་འཐུང་བཞིན་འདུག ཁོས་ཝུ་རག་ཅིག་མངགས་ཏེ་མི་ཚོགས་ཀྱི་དཀྱིལ་ལ་སྐོར་ལྟ་ཞིག་བྱས། ཁོང་ཚོ་ཚང་མས་མེ་འཁོར་ལ་སྒུག་འདུག་པ་གསལ་བོ་རེད། ཁོ་སྨྱུག་ཕྲེང་གི་ཡོལ་བ་དེ་བརྒྱུད་ནས་ཕྱི་ལ་ཐོན། བུ་མོ་དེ་ཙོག་ཙེའི་འཁྲིས་ལ་བསྡད་དེ་ཁོ་ལ་བལྟས་ནས་འཛུམ།
“ཁྱོད་ཅུང་བདེ་ལ་བབ་འདུག་གམ།”
“ང་བདེ་བོ་ཡིན།” མོས་བཤད། “ང་ལ་སྐྱོན་ཅི་ཡང་མི་འདུག ང་བདེ་བོ་ཡིན།”

སྒྲ་སྒྱུར་བྱས་པའི་ཐ་སྙད།
༡། ཨེར་ནི་སུ་ཊི་ ཧེ་མིན་ཝེ། Ernest Hemingway
༢། ཨེབ་རོ། Ebro
༣།བྷར་སེ་ལོ་ནཱ། Barcelona
༤།མཱད་རིད། Madrid
༥། ཨ་ནེ་སི་ ཌེལ་ ཊོ་རོ། Anis Del Toro
༦།ཨབ་སིན་ཌུ། Absinthe

(མི་ནག་ཚང་ལུང་རིགས་རྒྱལ་ནི། བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་ཟུར་བ་དང་”ཁྱེད་རང་གསར་འགོད་པ་བྱེད་ན་འདོད་དམ་”ཟེར་བའི་དེབ་དེའི་རྩོམ་པ་པོ། ད་དུང་སྤྱི་ཚོགས་དཔྱད་བརྗོད་པ་བཅས་ཡིན་ཞིང་། ཁོང་ཉིད་ཁ་ཎ་སྒྲར་བཞུགས་ཡོད་།)


རྩོམ་འདིའི་ནང་མཆན་ 8 བཀོད་འདུག

8 Responses to གླང་ཆེན་དཀར་པོ་ལྟ་བུའི་རི་ཚོགས།

  1. སྒྱུ་རྩལ་རྩོམ་རིག་གི་ཁོངས་སུ་གླང་ཆེན་དཀར་པོ་ཟེར་བ་འདི་ལ་གོ་རྒྱུ་སྣ་མང་ཡོད་པ་འདྲ། གཅིག་ནི། གོང་ཚད་ཆེ་རུང་བེད་སྤྱོད་མེད་པའི་བྱ་དངོས་ཀྱི་རིགས་ལ་གོ་གི་འདུག
    དཔེར་ན། སྒྲུང་ཐུང་འདིའི་ཁོངས་སུ། གླང་ཆེན་དཀར་པོ་དེ་བུད་མེད་དེའི་ཁོག་གི་བྱིས་བ་དེར་གོ་གི་ཡོད་པ་འདྲ།

  2. ཚེ་རིང་ ནས།

    སྒྱུར་ཕྲལ་རང་རྒྱུགས་པ་མ་གཏོགས་དོན་དང་ལྡན་པ་ཞིག་བསྒྱུར་མི་འདུག

  3. ཚེ་རིང་ ནས།

    བོད་སྤྱི་པའི་སྐད་དང་མིང་ཚིག་ཡི་གེ་ལ་སོགས་པར་བྱང་ཆུབ་ཙམ་སྦྱང་ཡོད་་ན་བསྒྱུར་རྩོམ་ལ་ཡུལ་ལུང་ཆུང་ཙག་གིས་སྐད་ཀྱིས་དྲི་མས་མ་འགོས་པའི་ཐོག་་ཚིག་སྦྱོར་ཡང་ལེགས་པོ་ཞིག་ཡོང་ཐུབ་ལ་འགྱུར་དོན་ཡང་གསལ་པོར་བཏོན་ཐུབ། ད་ཕན་བཀོད་ཟིན་པའི་རྩོམ་ཡིག་མང་པོའི་འགྱུར་ལ་ལེགས་བཅོས་བྱ་རྒྱུའི་ཆ་མང་པོ་འདུག་པ་འདིར་རྒྱས་བཤད་བྱེད་ཐབས་བྷྲལ།་མདོར་ན་རྩོམ་སྒྲིག་པས་འགྱུར་རྩོམ་ལག་ཏུ་སོན་རྗེས་རྩོམ་གྱི་སྤུས་ཀར་དོ་སྣང་ཅི་ཡང་མི་མཛད་པར་གྲངས་ཚད་འབའ་ཞིག་ལ་དགོངས་ནས་བཀོད་ཀྱང་མ་མཛད་པར་རྩོམ་སྒྲིག་རོབ་ཙམ་གནང་ཐུབ་ན་གནས་འྤརིན་བརྒྱུད་སྤྲོད་བྱེད་ཞོར་དུ་བོད་ཀྱི་སྐད་ཡིག་མིང་ཚིག་དང་བཅས་པ་ལེགས་སྤེལ་བྱེད་རྒྱུར་ཕན་རླབས་ཆེ་བ་མ་ཟད་ཁྱོད་ཀྱི་དྲ་རྒྱའི་་སྙན་གྲགས་ནུས་པ་ཉིད་ཀྱང་ལྷིང་པོའི་སྒོ་ནས་ཆེ་ཆེར་རྒྱས་པར་དགེ་མཚན་ཆེ་བས་དོ་སྣང་གནང་རོགས།་ཐུགས་རྗེ་ཆེ།

  4. བཀུར་འོས་ཚེ་རིང་ལགས།

    ཐོག་མར་ཁྱེད་ནས་བསམ་ཚུལ་གནང་བར་བཀའ་དྲིན་ཆེ། ང་ཚོས་རང་གི་སློབ་སྦྱོང་དང་དུས་ཚོད། ནུས་བ་བཅས་ཚང་མ་བེད་སྤྱོད་བཏང་ནས་བོད་ཡིག་ཀློག་པ་པོ་རྣམས་ལ་ཤེས་བྱ་གསར་བ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་ཁུལ་ཡིན།

    ད་ལྟ་བར་དུ་དྲ་རྒྱ་འདི་ཚགས་ཚུད་དང་ཡར་རྒྱས་འགྲོ་བཞིན་པ་འདི་ང་ཚོའི་ཡིག་སྒྱུར་བ་ཚོའི་བཀའ་དྲིན་ཉག་ཅིག་ཡིན། དེ་ལ་རྗེས་སུ་ཡི་རངས་ཞུ་དགོས་བའི་གནས་ཡིན།

    དེ་དང་ཞོར་དུ། ང་ཚོའི་ལས་དོན་ལ་བསམ་ཚུལ་འདོན་མཁན་ཡོད་ན། དེ་ལ་ཡང་ང་ཚོས་དགའ་བསུ་ཞུ་གིན་ཡོད། ལྷག་པར་དུ། བསམ་ཚུལ་ལག་པ་འཆང་རྒྱུ་ཡོད་པ་དེ་འདྲ་བཏོན་ན་ང་ཚོ་དེ་བས་ཀྱང་དགའ།

    དཔེར་ན། རྩོམ་འདིའི་འགྱུར་ཡག་པོ་མི་འདུག་ལབ་ན། ཁུངས་སྐྱེལ་མེད་པའི་བསམ་ཚུལ་ཙམ་རེད། དེ་ལྟར་མ་ཡིན་པར། རྩོམ་འདིའི་ནང་གི་ཚིག་གྲུབ་འདི་འགྱུར་ནོར་འདུག འདི་བསྒྱུར་སྟངས་འདི་ལྟར་རེད་ཞེས་དཔེ་མཚོན་དང་བཅས་དེ་བརྗོད་ཐུབ་ན། དེ་ཁུངས་སྐྱེལ་ཡོད་པའི་བསམ་ཚུལ་རེད། འདི་ཐུགས་ལ་ངེས་རོགས།

    ཞོར་ནས་ཞུ་རྒྱུར། སྐུ་ཉིད་ཀྱིས་ཀྱང་དབྱིན་ཡིག་དང་རྒྱ་ཡིག་སོགས་མཁྱེན་གི་ཡོད་ན། སྐུ་མཁྱེན། སྐད་ཡིག་གཞན་པའི་ནང་གི་ལེགས་རྩོམ་རིགས་བསྒྱུར་རོགས་གནང་། བསྒྱུར་ནས་ང་ཚོར་གཏོང་རོགས་གནང་། སྐར་ཁུང་གིས་ཁྱེད་ལ་སྒོ་མོ་ཕྱེས་ནས་ཡོད།
    དེ་ཙམ་ཞུ།

    སྐར་ཁུང་རྩོམ་སྒྲིག་པས།
    http://www.karkhung.com
    karkhungeditor@gmail.com

  5. ལུང་རིགས་རྒྱལ་ ནས།
  6. ལུང་རིགས་རྒྱལ་ ནས།

    སྒྲུང་རྩོམ་འདིའི་སྐོར་གྱི་གློག་བརྙན་ད་དུང་མང་པོ་འདུག བོད་སྐད་ལ་བསྒྱུར་མཁན་ཡོད་ན་དགའ་བསུ་ཡོད།

  7. གཅན་སྣང་བ་ཚེ་རིང་བཀྲ་ཤིས་ ནས།

    ཨེར་ནི་སུ་ཊི་ ཧེ་མིན་ཝེ་ནི་འཛམ་གླིང་དམག་ཆེན་ཐེངས་དང་པོའི་སྐབས་སུ་སྐད་གྲགས་ཆེ་བའི་རྩོམ་པ་པོ་ཞིག་རེད་ལ།  ཁོང་དང་གྷེར་ཁྲི་རོ་སྒྲིན་་སི་ཐན་སོགས་ལ་བོར་ཟིན་པའི་མི་རབས་ཞེས་ཀྱང་འབོད་སྲོལ་ཡོད་ལ། རྩོམ་པ་པོ་འདིའི་རྩོམ་ཐུང་ཁག་གི་ནང་དུ་ཆང་ཁང་དང་ཨ་རག་ད་་ཡོད་ཡོད་པ་ལྟ་བུ་ཞིག་རེད་འདུག  
    རྩོམ་ཡིག་འདི་ཀློག་དུས་གྲུ་ཟུར་མང་པོོ་ནས་ལྟ་དགོས་པ་དཔེར་ན།  ཕོ་མའི་དབར་གྱི་འབྲེལ་ལམ་དང་།(gender relation) གས་ཆག་འགྲོ་ལ་ཉེ་བའི་ཁོང་གཉིས་ཀྱི་བརྩེ་དུང་གི་འབྲེལ་བ།  (intimate relation) སོགས་གཏན་ནས་གཡུག་མི་ཉན་གི
    ཆག་གྲུམ་ཤོར་ལ་ཉེ་བའི་ཁོང་གཉིས་ཀྱི་བརྩེ་དུང་གི་འབྲེལ་ཐག་དེ་ཨེར་ནི་སུ་ཊི་ ཧེ་མིན་ཝེ་ཁོ་རང་ཉིད་ཀྱི་མི་ཚེ་ནང་གི་བརྩེ་དུང་་གི་བརྒྱུད་རིམ་དེ་དག་དང་འབྲེལ་བ་ཡོད་མེད་ཡང་དོགས་དཔྱོད་བྱེད་ཆོག་པར་བསམ།

  8. འཛུམ་ཆུང་བཀྲ་ཤིས། (གཅན་འོད་འབར་།) ནས།

    བརྩམས་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་གཉིས་ལ་མཉམ་མཐུན་གྱིས་ཁས་ལེན་དཀའ་བའི་གནད་དོན་ཞིག་ཡོད་པ་ནི་གླང་ཆེན་དཀར་བོ་ལྟ་བུའི་རི་ཚོགས་ཤེས་པ་དེ་ཡིན་པ་འདྲ། དེ་ནི་ཁོང་གཉིས་སུ་ཡིས་ཀྱང་ཕན་ཚུན་ལ་ཆ་འཇོག་བྲལ་བའི་མི་གཤིས་ཀྱི་རྩ་དོན་ཞིག་གམ་ཡང་ན་བུད་མེད་དེ་སྒྲུབ་འདོད་པ་དེ་སྐྱེས་པ་དེས་སྒྲུབ་མ་འདོད་པ་དང་སྐྱེས་པ་དེས་སྒྲུབ་སྙམ་པ་དེ་བུད་མེད་དེས་སྒྲུབ་མི་བསམ་པའི་དོགས་གནད་ཅིག་གི་འོག་ལྷག་ཡོད་པའི་གླང་ཆེན་དཀར་བོ་དེ་དང་འབྲེལ་བའི་གསང་རྣམ་དེ་རེད་འདོད།

Write a Reply or Comment

Your email address will not be published. Required fields are marked *

*