རྒྱ་ནག་གི་རིག་གནས་གསར་བརྗེ་ཆེན་མོར་རྒྱང་ལྟ་ཞིག (ཕྱི་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སེམས་ཆིས་ཡེན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

སྐབས་དེར་གསར་འགོད་པའི་ལག་རྟགས་ལ་མཐོང་དེ་ཙམ་མེད། གང་ལེགས་ཤེ་ན། གསར་བརྗེའི་ཚོགས་ཆུང་གིས་ང་ཚོར་སྤྲད་པའི་གསར་འགོད་ལག་རྟགས་ནི་ནག་པོ་ཡིན་ལ། དེས་ལྐོག་ཟ་རུལ་སུངས་མཚོན་གྱི་ཡོད། དེར་བརྟེན། ལག་རྟགས་དེ་བེད་མེད་རེད། དེ་ལས་དམར་དམག་ནང་བཞིན་དཔུང་རྟགས་དམར་པོ་ཞིག་གྱོན་ན་བདེ་བ་ཡོད། ཁོ་བོས་དཔུང་རྟགས་དམར་པོ་དེ་གྱོན་རྗེས་མི་སུ་ཞིག་གིས་ཀྱང་ང་ལ་འདྲི་རྩད་བྱས་མ་བྱུང་།

དྲི་བ། ཁྱེད་ཀྱིས་ཉེན་ཁ་ཆེན་པོ་ཡོད་པ་ཤེས་བཞིན་དུ་བརྙན་པར་བེད་ཡོད་དང་བེད་མེད་གཉིས་ཆ་ཇི་ལྟར་བླངས་བ་ཡིན།

ལན། ང་པར་རྒྱག་ཏུ་འགྲོ་སྐབས་མང་ཆེ་བར་པར་བེད་མེད་དང་བེད་ཡོད་གཉིས་ཆ་བརྒྱབ་ཡོད། མི་ཚོགས་ཀྱི་འབོད་སྒྲ་དེ་ཙམ་ལེགས་རྒྱུ་མེད་ཀྱང་མི་ཚོགས་ཀྱི་ཁ་གདངས་ཤིང་། ཁུ་ཚུར་མཁའ་ལ་འཕྱར་བའི་རྣམ་པ་དེ་བརྙན་པར་ནང་དུ་པར་ལེགས་པའི་གྲས་སུ་ཚུད་ཀྱི་རེད། ངས་སྤྱིན་ཤོག་ཁག་གཅིག་བེད་མེད་ཀྱི་པར་དག་རྒྱག་ཆེད་ཟུར་འཇོག་བྱས་པ་ཡིན།

ང་ཚོ་བརྙན་པར་གསར་འགོད་པ་ཚོར་ཟླ་རེར་ཚགས་ཤོག་ཏུ་པར་བསྐྲུན་བྱས་པའི་པར་གྱི་གྲངས་ཀའི་བསྡུར་ཚད་དང་བསྟུན་ནས་སྤྱིན་ཤོག་སྤྲོད་ཀྱི་རེད། ཚགས་ཤོག་ཏུ་པར་བསྐྲུན་བྱས་པའི་པར་གཅིག་ལ་སྤྱིན་ཤོག་བརྒྱད་རེ་སྟེར་བ་རེད། ངས་རང་གི་སྤྱིན་ཤོག་ཐོབ་སྐལ་བཟོ་དགོས་ཀྱི་ཡོད་ལ་གསར་ཁང་གི་ལས་མི་གཞན་བཞི་ལའང་སྤྱིན་ཤོག་བཟོ་དགོས་ཀྱི་ཡོད། གང་ལེགས་ཤེ་ན། སྐབས་དེར་ང་ནི་ལས་ཁུངས་སུ་ལས་ཀར་ཞུགས་པ་གསར་ཤོས་དང་ལོ་ནའང་ཆུང་ཤོས་དེ་རེད། ངས་སྤྱིན་ཤོག་བཟོ་སྐབས་དཀར་འོད་དབེན་པའི་ཁང་པ་དེའི་ནང་དུ་འདུག་རྒྱུར་སྐྱིད་པོ་མེད་པས་གླུ་དབྱངས་བླངས་བ་ཡིན།

དེ་ལྟར་ང་ལ་སྤྱིན་ཤོག་མང་དག་ཅིག་རེག་གི་ཡོད་པས། ངས་མགྱོགས་པོར་སྐམ་བཅུག་ཏེ་བསྡམ་ཆག་བྱས་ནས་མི་གཞན་ལ་མཐོང་འཇུག་གི་མེད། སྐབས་དེར་ང་ལ་ཞེད་སྣང་ཅིག་ཡོད་པ་ནི། མི་གཞན་པ་ཚོས་ངས་ཚགས་ཤོག་གིས་པར་བསྐྲུན་མི་བྱེད་པའི་པར་བེད་མེད་མང་པོ་ཞིག་བརྒྱབ་སྟེ། གཞུང་རྒྱུ་ཆུད་ཟོས་སུ་གཏོང་གི་འདུག་ལབ་མི་ཡོང་ངམ་སྙམ་པ་དེ་རེད། དེར་བརྟེན་ངས་རྒྱུན་དུ་པར་བེད་ཡོད་ཀྱི་ཁོངས་སུ་གཏོགས་པའི་སྤྱིན་ཤོག་དེ་ཚོ་མིའི་མཐོང་སར་གནམ་ལ་བཏགས་ཏེ་སྐམ་འཇུག་གི་ཡོད།

ངས་བེད་མེད་ཀྱི་སྤྱིན་ཤོག་དེ་ཚོ་ཡིག་སྐོགས་སྨུག་པོ་ཞིག་གི་ནང་དུ་བཅུག་སྟེ། མདུན་ཅོག་གི་ཟུར་ཞིག་ལ་གསང་ཉར་བྱས་པ་ཡིན། ༡༩༦༨་ལོའི་དཔྱིད་ཀར་ཁོ་བོ་ཡང་སྔོག་བཤེར་གྱི་ནང་དུ་ཚུད་རྒྱུ་ཡིན་པ་ཧ་གོ་བས།ངས་ཉིན་ལྟར་ལས་ཀའི་རྗེས་སུ་སྤྱིན་ཤོག་བསྡམ་ཆག་རེ་ནང་དུ་འཁྱེར་བ་དང་ཁྱིམ་གྱི་པང་གཅལ་ལ་སོག་ལེས་ཨི་ཁུང་ཞིག་བཏོད་དེ་གསང་ཉར་བྱས་པ་ཡིན།

ངའི་བཟའ་ཟླ་སྒེའུ་ཁུང་འགྲམ་དུ་ལངས་ཏེ་ཕྱི་ལ་སོ་ལྟ་བྱེད་སྐབས། ངས་གཟའ་འཁོར་གཅིག་ཙམ་གྱི་རིང་ལ་ལྷོད་ལྷོད་བྱས་ཏེ་པང་གཅལ་སོག་ལེས་དྲེས་བ་ཡིན། དེ་ནི་ད་ལྟ་ང་ཚོར་གློག་གི་སོག་ལེ་ཡོད་པ་དང་མི་འདྲ།ངས་སོག་ལེས་ཅུང་ཙམ་ཅུང་ཙམ་དྲེས་བ་ཡིན།ངའི་བརྙན་པར་གྱི་སྤྱིན་ཤོག་དང་། ཅང་ཀེ་ཧྲི་དང་། ཡོན་ཧྲི་ཁེ་གཉིས་ཀྱི་མགོ་བོ་ཡོད་པའི་དུང་ཙེ་གཉིས། ཁོ་བོས་གསོག་འཇོག་བྱས་པའི་བུད་མེད་སྒྲེན་པོ་ཞིག་གི་པར་ཡོད་པའི་སྦྲགས་རྟགས་བཅས་ཡོད། ཁོ་བོའི་བརྙན་པར་སྤྱིན་ཤོག་གཅིག་པུ་མ་ཡིན་པར་དེ་ཚོ་ཚང་མ་རྩ་ཆེན་ཡིན།

རྗེས་སུ་༡༩༨༢་ལོར་ང་པེ་ཅིན་དུ་གནས་སྤོར་བྱེད་སྐབས་སྤྱིན་ཤོག་དེ་ཚོ་མཉམ་དུ་འཁྱེར་བ་ཡིན། བདག་ས་གནས་མཐོ་སློབ་ཞིག་གི་གསར་འགོད་སྡེ་ཁག་གི་བརྙན་པར་ཚན་པའི་འགན་འཛིན་ཆགས་པ་རེད། ༡༩༨༨་ལོར་བརྙན་པར་གྱི་འགྲེམས་སྟོན་ཅིག་ཡོད་ཏརེག་བར་དུ་ངས་སྤྱིན་ཤོག་དེ་ཚོ་གསང་ཉར་བྱས་ནས་བསྡད་པ་ཡིན། སྐབས་དེའི་བཀོད་སྒྲིག་སྡེ་ཚན་གྱིས་ང་ལ་༡༩༦༦་དང་༡༩༦༧་དབར་གྱི་བརྙན་པར་ཁག་གཅིག་སྤྲོད་པའི་རེ་བ་བཏོན་བྱུང་། དུས་སྐབས་དེའི་བརྙན་པར་ཁོང་ཚོའི་ལག་ཏུ་རེག་མི་འདུག།ངས་ཁོང་ཚོར་བེད་ཡོད་དང་བེད་མེད་ཀྱི་པར་༢༠་ཙམ་སྤྲད་པ་ཡིན།

པར་གཉིས་པའི་འགྲེལ་བཤད།

(ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་ཆེན་ཐོག སློབ་གྲྭའི་སློབ་ཕྲུག་ཚོས་རས་ཆ་དམར་པོའི་ཁ་འཛར་གྱིས་བརྒྱན་པའི་མདུང་རིང་ཕྲག་པར་ཁུར་ཞིང་། དཔུང་པར་དམར་དམག་གི་དཔུང་རྟགས་བཅིངས་ཏེ་ཨུ་རུ་སུའི་བཟོ་བཀོད་ཅན་གྱི་སྡེ་ཚན་ཚོང་ཁང་ཞིག་གི་འགྲམ་དུ་གྲལ་ལ་བསྒྲིགས་ནས་འགྲོ་བཞིན་པ་རེད། ༡༩༦༦་ལོ་ཟླ་༡༠་ཚེས་༡། ཧེ་ལུང་ཅང་གི་ཧར་པེན་གྲོང་ཁྱེར།)

རྒྱ་ནག་གི་པར་ལེན་པ་ཕལ་ཆེ་བ་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་བརྩི་དང་ལེན་ཞུ་མཁན་ཤ་སྟག་རེད། ཡིན་ནའང་། ང་ནི་སློབ་མ་ཡིན་པའི་དུས་ནས་བཟུང་ཁ་ལ་ཉན་པོ་དེ་འདྲ་མིན། འགྲེམས་སྟོན་བཀོད་སྒྲིག་པ་ཚོས་ངས་སྤྲད་པའི་བརྙན་པར་༢༠་ཐམ་པ་དེ་འགྲེམས་སྟོན་བྱས་པ་རེད། ང་ལ་གཟེངས་རྟགས་ཆེན་པོ་ཞིག་ཐོབ་བྱུང་།

ངའི་ཧེ་ལུང་ཅང་ཉིན་རེའི་གསར་ཤོག་གི་ལས་རོགས་ཚོ་པེ་ཅིན་དུ་འགྲེམས་སྟོན་ལ་ལྟ་རུ་ཡོང་སྟེ། ཁོང་ཚོས་ངས་བརྒྱབ་པའི་པར་དེ་ཚོ་མཐོང་བས་ཧང་སངས་བ་རེད། ཁོང་ཚོས་ང་ལ་བརྗོད་རྒྱུར། “ལིས་ཀྲིན་ཧྲིང་ཁྱེད་ཀྱིས་ལོ་རྒྱུས་ཆ་ཚང་ཞིག་ཉར་ཚགས་བྱས་འདུག ང་ཚོས་ལོ་རྒྱུས་ཀྱི་ཕྱེད་ཀ་མ་གཏོགས་ཉར་ཐུབ་ཡོད་པ་མ་རེད། ”ཟེར།

དྲི་བ། འོན་ཀྱང་། བརྙན་པར་མང་ཆེ་བ་ཞིག་རྒྱ་ནག་ནང་དུ་མཐོང་རྒྱུ་མི་འདུག་ལ་ཁྱེད་ཀྱི་དེབ་དེ་ཡང་རྒྱ་ནག་སྐམ་ས་ཆེན་མོ་ནས་པར་བསྐྲུན་བྱེད་མ་ཐུབ་པར་ལྟ་སྟངས་ཅི་ཡོད།

ལན། ངའི་བརྩམས་ཆོས་ཀློག་མཁན་ཚོ་ངེས་པར་དུ་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་ནང་དུ་མཉམ་ཞུགས་བྱེད་མཁན་ཚོ་ཡིན་དགོས་པ་མ་ཟད། འགྲོ་བ་མིའི་རིགས་ཡོད་ཚད་ཀྱང་ཡིན་དགོས་ཀྱི་རེད། ཁྱེད་ཀྱིས་མཁྱེན་གསལ་ལྟར་འབར་མ་རྒྱལ་ཁབ་ཀྱིས་ཉེ་ཆར་རང་ཞིབ་བཤེར་མཚམས་འཇོག་བྱས་པ་གོ་སོང་། ངས་དེ་འདྲའི་ཉིན་མོ་ཞིག་ག་དུས་རྒྱ་ནག་ལ་ཤར་གྱི་རེད་སྙམ་ཏེ་ཡ་མཚན་སྐྱེས་ཀྱི་འདུག རྒྱ་ནག་གི་སྤྱི་ཚོགས་དང་ཀློག་པ་པོ་ཚོ་ངའི་བརྩམས་ཆོས་ལྟ་བུ་ལྟ་ཀློག་བྱེད་པའི་གྲ་སྒྲིག་ཨང་གསར་ཡོད་པ་རེད། འོན་ཀྱང། དམར་ཤོག་ཚོགས་པའི་ཆབ་སྲིད་ལམ་ལུགས་ཀྱིས་འདི་འདྲ་ངོས་ལེན་བྱེད་ཐུབ་ཀྱི་མེད། ཁོ་བོའི་དེབ་དེ་རྒྱ་ནག་ནས་པར་བསྐྲུན་བྱས་མེད་ཀྱང་དེབ་དེ་ཡོད་སའི་རྒྱ་མི་མང་པོ་འདུག མང་པོ་ཞིག་གིས་ངས་དེབ་ལ་མཚན་རྟགས་འགོད་པའི་རེ་འདུན་བཏོན་སོང་།

ང་ལ་ད་ལྟའི་དུས་སུ་བརྙན་པར་འདི་ཚོ་ཕྱི་ལ་སྟོན་རྒྱུར་སེམས་འཁྲལ་མི་འདུག བརྙན་པར་འདི་ཚོ་ནི་དངོས་བྱུང་ཡིན་པ་ལས་བཅོས་སྒྲུང་དེ་འདྲ་མ་རེད། ང་རང་ལོ་ན་༧༠་ཙམ་ཡིན་པས་ཞེད་སྣང་ཡང་མི་འདུག

དྲི་བ། ང་ཚོས་ཁྱེད་ཀྱི་བརྩམས་ཆོས་དག་ད་ལྟ་ལྟ་ཀློག་ཐུབ་པར་རིན་ཐང་གང་འདྲ་ཞིག་ཡོད་རྒྱུ་རེད།

ལན། “ཁྱེད་ཀྱིས་ལོ་རྒྱུས་ཤེས་ཚེ་མ་འོངས་བའི་བགྲོད་ལམ་རྙེད་ཀྱི་ཪེད་”ཞེས་པའི་གཏམ་དཔེ་ཞིག་ཡོད་པ་ནང་བཞིན། དེ་ནི་མིའི་རིགས་ཀྱིས་ས་སྒང་འདིར་སྤར་བའི་ལག་རྗེས་ཤིག་རེད། ཁྱེད་ཀྱི་འདས་དོན་དག་ཤེས་ཚེ་གཞི་ནས་མ་འོངས་བའི་ཆག་སྒོ་དག་བཟློག་ཐུབ་རྒྱུ་རེད།

ང་ལ་ཁོ་བོའི་བརྩམས་ཆོས་འདི་རྒྱ་ཡིག་གི་ནང་དུ་ཀྲུང་གོ་ནས་པར་སྐྲུན་བྱེད་ཐུབ་པའི་རྨི་ལམ་ཡོད། དེབ་ཀྱི་རྒྱུ་ཆ་འདི་རིགས་རྒྱ་ནག་ནང་དུ་སྟོན་མི་ཆོག་པ་ནི་ངོ་ཚ་ཁ་སྐྱེངས་ཀྱི་གནད་དོན་ཞིག་རེད། ང་ལ་མི་ཁ་ཤས་ཀྱིས་ངས་རྒྱ་ནག་གི་འཁྲུད་འཁྲུད་བཙོག་པོ་དེ་ཚོ་ཕྱི་རྒྱལ་ནས་བཀྲུ་བཞིན་འདུག་ཅེས་བཤད་མཁན་བྱུང་། གནས་ཚུལ་དེ་འདྲ་མིན་པར་ཁོ་བོས་མིའི་རིགས་ཀྱི་ལོ་རྒྱུས་ནང་དུ་མི་ཡིས་བཟོས་བའི་ནོར་འཁྲུལ་ཞིག་ཕྱི་ལ་སྟོན་ཀྱི་ཡོད་ཅེས་ལན་འདེབས་བྱས་པ་ཡིན།

དྲི་བ། ཡོང་རྒྱུར་བསྡད་པའི་ལོན་ཌོན་གྱི་བརྙན་པར་འགྲེམས་སྟོན་ནང་ཁྱེད་ཀྱིས་བསྐྱོན་པའི་བརྙན་པར་མང་དག་འགྲེམས་སྟོན་བྱེད་ཀྱི་ཡོད་པ་དང་། སྐུ་ཞབས་རོ་པིར་ཁྲི་པེ་ལེས་ཇི་ཡིས་ཁྱེད་ཀྱི་བརྩམས་ཆོས་འགྲེམས་སྟོན་གྱི་ངོ་སྤྲོད་ནང་དུ་འཁོད་དོན་ལྟར་ན། ཁྱེད་ཀྱི་བརྙན་པར་བསྐྱོན་པའི་ལག་རྩལ་ལ་ཨུ་རི་སུའི་གློག་བརྙན་བཟོ་བསྐྲུན་པ་སིར་སྒེ་ཨེན་སི་ཌན་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་འདུག་ཞེས་པའི་ཐད་ལ་དགོངས་ཚུལ་ཅི་ཡོད།

ལན། ངས་གློག་བརྙན་ཕབ་ལེན་རིག་པ་སློབ་སྦྱོང་བྱེད་མྱོང་ཡོད་ཀྱང་ང་གློག་བརྙན་ཕབ་ལེན་པ་ཞིག་མ་ཆགས་པ་ནི་ཕངས་སེམས་ཆེན་པོ་རེད།

གཞུང་གི་ཞིན་ཧྭ་གསར་ཁང་གི་པར་བ་ཚོར་བྱེད་ནུས་མང་བའི་པར་ཆས་ཡོད་པ་རེད། འོན་ཀྱང་ང་ནི་ཞིང་ཆེན་ཞིག་གི་པར་བ་རེད། ང་ལ་སྤྱོད་སྒོ་མང་བའི་པར་ཆས་དེ་འདྲ་མེད། ཐག་ཉེ་རིང་འདྲུད་འཐེན་ཐུབ་པའི་པར་ཆས་ཤིག་ཀྱང་མེད། ང་ལ་མི་ལི་སྨི་ཌར་༨༠་ཅན་གྱི་རོ་ལེ་ཧྥུ་ལེ་སི་རྟགས་ཅན་གྱི་པར་ཆས་ཤིག་དང་མི་མི་སྨི་ཌར་༣༥་དང་༥༠་བྱས་པའི་ལེ་ཁའ་རྟགས་ཅན་གྱི་པར་ཆས་རེ་ཡོད།

དེར་བརྟེན་ངས་པར་ཞེང་ཆེན་པོ་རྒྱག་ཆེད་པར་ནང་ཐེབས་པའི་ཡུལ་ལྗོངས་རྣམས་བསྟར་མར་མཐུད་པའི་རྩལ་དེ་བེད་སྤྱོད་བཏང་བ་ཡིན། དེ་ནི་གློག་བརྙན་ཕབ་ལེན་བྱེད་ཆས་ལ་ལད་ཟློས་བྱེད་སྟངས་ཐག་ཉེ་ཤོས་དེ་རེད། ངས་པར་མང་པོ་མཐུད་དེ་བརྒྱབས་པ་ཡིན།

ངས་མི་ཚོགས་རྣམས་ཀྱི་སྣང་བརྙན་དག་རིམ་པས་སྤྱིན་ཤོག་ཐོག་གཡོན་ནས་གཡས་རུ་སྣོལ་ལྟེབ་བྱེད་ཆེད་པར་ཆས་ལེ་ཁའ་དང་རྟག་པར་དུ་རོ་ལེ་ཧྥི་ལེ་སུ་ཆུང་བ་ཞིག་བཟུང་ནས་བརྒྱབ་པ་ཡིན། ངས་སྤྱིན་ཤོག་གཉིས་ཀྱི་སྣོལ་ལྟེབ་ཀྱི་མཚམས་ལ་ཆེ་ཆུང་གང་འདྲ་ཞིག་འཇོག་དགོས་མིན་ཚད་ཐིགས་དགོས། སྣོལ་ལྟེབ་ཀྱི་ཆ་ཤས་ཆེ་རུ་བཏང་ཚེ་སྤྱིན་ཤོག་འཕྲོ་བརླག་ཏུ་འགྲོ་གི་ཡོད། ངས་མཐུད་མཚམས་དེ་བདུན་ཆ་ལྔ་རུ་བཏང་སྟེ་སྣོལ་ལྟེབ་བརྒྱབ་པ་ཡིན། མཐུད་མཚམས་ཏག་ཏག་ཆ་འགྲིག་ཡོང་ཚེ་ཇེམ་ཙེས་གཏུབ་པ་ཡིན། རྗེས་སུ་མཐུད་མཚམས་ཀྱི་རྒྱབ་ལོགས་ནས་རས་ཀྱི་སྦྱར་ཐག་གིས་སྦྱར་བ་ཡིན།

ངས་བརྙན་ལེན་པ་ཞིག་ནང་བཞིན་བརྙན་པར་དེ་ཚོ་བརྒྱབ་པ་ཡིན། པར་ཆས་ནང་དུ་གཏད་པ་དང་།ཕྱི་ལ་འཐེན་པ། སྐོར་བ་རྒྱག་པ། གཡོ་འགུལ་བྱེད་པ་སོགས་བྱས་ཀྱང་གོམ་པའི་འདེགས་འཇོག་ལ་བསྟེན་དེ་འགུལ་སྐྱོད་བྱས་བ་ཡིན། དེ་ནི་ད་ལྟའི་དུས་སུ་ཡོད་པའི་པར་ཆས་ཀྱི་ཉེ་རིང་འདྲུད་ཆས་དང་མི་འདྲ། ད་ལྟ་ང་ལ་ཡོད་པའི་སོ་ནས་ནེ་སི་བདུན་པ་ཆུང་ཆུང་དེ་བེད་སྤྱད་བཏང་ནས་སྐོར་བ་རྒྱག་པ་དང་། ལམ་སེང་པར་གཅིག་གི་ངོ་བོར་གྲུབ་རྒྱུ་སྟབས་བདེ་རེད། གལ་སྲིད་ང་ལ་དེ་འདྲའི་པར་ཆས་ཤིག་ཡོད་པ་ཡིན་ན་སྐབས་དེར་ཁོ་བོ་སྤྲོ་བས་སྨྱོས་ཡོད་རྒྱུ་རེད། ངས་རིག་གསར་གྱི་ཕྱི་ནང་གསང་གསུམ་འདི་ལས་ལྷག་ཅིག་བརྙན་པར་ལ་བཀོད་ཡོད་རྒྱུ་རེད། ངས་དེ་ཡང་བསྐྱར་བྱེད་ཐུབ་པའི་དབང་དུ་བཏང་ན་ངས་གཙོ་བོ་མི་མང་དཀྱུས་མ་དག་གི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་གནས་ཚུལ་མང་པོ་རྒྱག་གི་ཡིན། སྐབས་དེར་ངས་མི་མང་དཀྱུས་མའི་སྒང་ལ་གཏད་པའི་པར་ཆས་ཀྱི་ཁ་དེ་ཅུང་ཉུང་དྲགས་འདུག

དྲི་བ། ད་ལྟའི་རྒྱ་ནག་གི་དངོས་བྱུང་བརྙན་པར་གྱི་གནས་བབས་ཇི་འདྲ་རེད།

ལན། མི་མང་པོ་ཞིག་གིས་ངས་བརྒྱབ་པའི་རིག་གསར་སྐབས་ཀྱི་པར་མང་པོ་ཞིག་ལ་གཟེངས་རྟགས་ཐོབ་པ་མཐོང་དུས། “རྒན་ལེས་ལགས།ང་ཚོ་རིག་གསར་སྐབས་སུ་མེད་པས་པར་རིན་ཐང་ཅན་དེ་འདྲ་རྒྱག་ཐུབ་ཀྱི་མ་རེད་ཟེར།” ང་ཚོའི་དགེ་རྒན་གྱིས་རྒྱ་ནག་དམར་ཤོག་གསར་བརྗེའི་རྟེན་གཞི་ཡན་ཨན་ནས་༡༩༣༠་ནས་༡༩༤༠་བར་དུ་བསྐྱོན་པའི་པར་དག་བསྟན་སྐབས་ང་ལའང་ཁོང་ཚོའི་ལྟ་སྟངས་གཅིག་པ་ཡོད་མྱོང་ཡོད།
འོན་ཀྱང་། ལྟ་སྟངས་འདི་ནི་བྱབ་ཆུང་རེད། དངོས་ཡོད་ཀྱི་གནས་བབ་ཅིག་གིས་དཔའ་བོ་སྐྱེད་བསྲིང་བྱས་བ་མ་ཡིན་པར་དཔའ་བོ་ཚོས་དངོས་ཡོད་གནས་ཚུལ་བཟོས་བ་རེད། ངས་འདི་ནས་ང་རང་དཔའ་བོ་ཞིག་ཡིན་ཅེས་ལབ་ཀྱིན་མེད། ངས་སློབ་མ་ཚོར་ཁོང་ཚོའི་གཡས་གཡོན་དུ་གང་ཡོད་པ་ཚང་མ་པར་ལ་བསྐྱོན་དགོས་ཞེས་སྐུལ་མ་བྱེད་ཀྱི་ཡོད། པར་བ་ཞིག་ལ་མཚོན་ན། རང་བྱུང་གོད་ཆག་གཅིག་པུའམ་དམག་འཁྲུག་ཁོ་ན་པར་ལ་རྒྱག་དགོས་པ་དེ་འདྲ་མིན་པར་གཡས་གཡོན་གྱི་བྱུང་བ་སྐད་ཅིག་མ་དག་པར་ལ་བསྐྱོན་རྒྱུ་དེ་རེད། ཁྱེད་ཀྱིས་པར་ཆས་ཁུར་ཏེ་དེ་རིང་ནས་བཟུང་པར་བསྐྱོན་འགོ་འཛུགས་ཆོག་གི་རེད།

པར་རྙིང་པ་ཁོ་ནར་རིན་ཐང་ཡོད་པ་དེ་འདྲ་མ་རེད། ཁྱེད་ཀྱིས་དེ་རིང་ནས་བཟུང་པར་ཆས་འཁུར་ཏེ་པར་རྒྱག་འགོ་བཙུགས་པ་ཡིན་ན་ལོ་ངོ་ཉི་ཤུའི་རྗེས་སུ་རྙིང་པ་ཆགས་ཀྱི་རེད་ལ་དེ་ལ་རིན་ཐང་ངེས་ཅན་ཞིག་ཡོད་པ་རེད།


པར་གསུམ་པའི་འགྲེལ་བཤད།

ཨ་ཁྲིང་གྲོང་རྡལ་གྱི་སྡོད་དམངས་ཚོ་སྡེབ་ལངས་བྱས་ཏེ་དགྲ་བོར་རྒོལ་བཞིན་པའི་རྣམ་པ་རེད། ཧེ་ལུང་ཅང་ཞིང་ཆེན། ཨ་ཁྲིང་རྫོང་གི་ཨ་ཤེས་ཧི་མི་མང་སྤྱི་ཁང་། ༡༩༦༥་ལོའི་ཟླ་༥་ཚེས་༢༡་ལ།

(སེམས་ཆེས་ཡེན་ནི་ཕྱི་ཕྱོགས་ཀྱི་རྒྱ་མི་མི་རབས་བཞི་བའི་རང་དབང་པར་བ་དང་གསར་འགོད་པ། ཕྱི་ཕྱོགས་གསར་འགྱུར་མཁོ་གཏོང་བ་ཞིག་ཡིན།)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to རྒྱ་ནག་གི་རིག་གནས་གསར་བརྗེ་ཆེན་མོར་རྒྱང་ལྟ་ཞིག (ཕྱི་མ)

  1. དངོས་གནས་ཀློག་སྤྲོ་བོ་བྱུང་། ཡུན་རིང་ལ་འདིར་ཡོང་མ་ཐུབ་པས་ད་ལྟ་ངས་ངེས་པར་དུ་ཀློག་དགོས་པའི་ལེགས་རྩོམ་མང་བོ་འདུག ངས་རིམ་གྱིས་རེ་རེ་བཞིན་ཀློག་གི་ཡིན།
    ངོ་མ་ཡིན། འདི་ནི་སྐར་ཁུང་ཚང་གིས་འུ་ཅག་ལ་བསྐྲུན་པའི་ཡངས་པའི་རྒྱལ་ཁམས་མཐོང་བྱེད་ཀྱི་མིག་ཅིག་རེད་བརྗོད་ཆོག་སྙམ།
    བཀའ་དྲིན་ཆེ།

  2. འཛུམ་ཆུང་བཀྲ་ཤིས། (གཅན་འོད་འབར།) ནས།

    སྙན་མོ་འདུག དྲན་ཐོ་དང་སྦྲེལ་ནས་སྤེལ་བའི་འདྲ་པར་དེ་ཚོར་ཡང་དངོས་ནས་གསོན་ཤུགས་ཤིག་གིས་ཁྱབ་ནས་འདུག་ཅེས་བརྗོད་ཆོག་གི

Write a Reply or Comment

Your email address will not be published. Required fields are marked *

*