མ་རྩ་རིང་ལུགས་ཀྱི་ནང་བསྟན་རྗེས་འཇུག་པ་ཚོ། ཨ་རི་བ་ཚོས་ནང་བསྟན་ཆོས་ལུགས་ཀྱི་མན་ངག་གལ་ཆེ་ཤོས་ཤིག་འབོར་བཞིན་ཡོད་དམ།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཨོ་བེན་ཧྥུ་ལེ་ནཱ་རྒན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཟླ་སྔོན་མར་བདག་གིས་གསར་དུ་བརྩམས་པའི་དཔེ་དེབ་(བྱང་ཆུབ་སེམས་དཔའི་ཤེས་རབ། ནང་བསྟན་ཆོས་ལུགས་རང་བྱུང་ཅན་དུ་བསྒྱུར་བ།)ཅེས་པ་དཔར་དུ་སྐྲུན་བཞིན་པའི་སྐབས་དེར། བདག་ནི་རྨིད་གྲུ་བཞི་མ་ས་ཡ་གཉིས་ལྷག་ཟིན་པའི་ཨེ་ཁབའ་སྒྲོར(Ecuador)རྒྱལ་ཁབ་ཀྱི་ལྷོ་ཤར་ཕྱོགས་དང་པེས་རོས(Peru)རྒྱལ་ཁབ་ཀྱི་བྱང་ཤར་མཚམས་སུ་རང་བྱུང་ནགས་ཚལ་སྟུག་པོའི་ཁྲོད་དུ་གདོད་པའི་ཨ་ཆར(Achuar)མི་རིགས་རྣམས་དང་ལྷན་དུ་ཡོད། ཕྱི་ལོ་ ༡༩༧༠བར་དུ་ཨ་ཆར་མི་རིགས་རྣམས་ཀྱིས་ཕྱིའི་མི་རིགས་གཞན་པ་དང་འབྲེལ་བ་བྱས་མེད་ལ་དེ་བཞིན་ཁོ་ཚོ་རང་ཉིད་ཀྱི་ས་ཁོངས་སུ་ཡོད་པའི་ས་འོག་སྣུམ་གཏེར་བསྔོག་རྒྱུའི་འདོད་རྔམ་ཡོད་ན་ཡང་། ཁོ་ཚོ་བློ་གཅིག་སེམས་གཅིག་གིས་རང་བྱུང་ཁོར་ཡུག་དང་མཉམ་དུ་ཕན་ཚུན་མཛའ་མཐུན་དང་རང་བྱུང་ཁོར་ཡུག་ལ་བདག་ཉར་བྱས་ནས་གནས་ཡོད། ད་ལྟ་ཨ་ཆར་མི་རིགས་རྣམས་ཀྱིས་བཤད་རྒྱུར་ “བསམ་བློ་ཞིབ་མོ་ཞིག་བཏང་རྗེས་ང་ཚོ་ཡང་ཁྱེད་ཚོ་དང་འདྲ་བར་ཡེ་ཤུའི་གནམ་བདག་ཆོས་ལུགས་པ་རེད་”ཟེར།

འོན་ཀྱང་། གནས་འདིར་ཡེ་ཤུའི་ལྷ་ཁང་གཅིག་ཀྱང་མེད། ཡུལ་གྲུ་འདིར་ཞཱ་མན་(Shaman)རྗེས་འཇུག་པ་ཧ་ཅང་ཕོན་ཆེན་པོ་ཡོད་ཅིང་ཁོ་ཚོས་ཞོགས་པ་རེ་རེ་བཞིན་སོ་སོའི་མཚན་མོ་དེའི་རྨི་ལམ་བརྟག་ནས་ཉིན་གཅིག་གི་བྱ་བ་ཚང་མར་འཆར་གཞི་འཐེན་བཞིན་ཡོད། ཁོ་ཚོས་སྐྲ་དང་ཁ་སྤུ་བཞར་བཞིན་པ་མ་ཟད་གཞན་བསམ་གཏན་མྱོས་འགྱུར་གྱི་རྫས་རིགས་འདྲ་མིན་ལོངས་སུ་སྤྱད་རྗེས་མ་འོངས་པར་ལུང་བསྟན་གནང་བཞིན་ཡོད། ཨ་ཆར་མི་རིགས་ཀྱི་སྐྱེས་པ་མང་ཆེ་བས་ཆུང་མ་གཉིས་གསུམ་ཙམ་རེ་ཉར་སྲོལ་ཡོད་འདུག།

ང་རང་ཆུང་དུས་ནས་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ཁོར་ཡུག་འོག་འཚར་ལོངས་བྱུང་བས། ཐེངས་དང་བོར་བདག་གིས་ཁྱད་མཚར་བོ་དང་ཀུན་སྤྱོད་འཛོལ་བོ་ཅན་གྱི་མི་རིགས་འདི་རྣམས་མཐོང་ཚེ་བདག་ལ་ཐེ་ཚོམ་དང་མགོ་རྙོག་ཆེ་བའི་དྲི་བ་གང་མང་སླེབས་མྱོང་། དྲི་བ་ཆེ་ཤོས་གཅིག་ནི་རྒྱུ་མཚན་དང་གནད་དོན་ག་འདྲ་ཞིག་ལ་བརྟེན་ནས་ཨ་ཆར་མི་རིགས་རྣམས་ཀྱིས་ཁོ་ཚོ་གནམ་བདག་ཆོས་ལུགས་ཡིན་ཟེར་བཞིན་ཡོད་དམ་ཞེས་པ་དེ་རེད། རྩ་བའི་ཁོ་ཚོ་གནམ་བདག་ཆོས་ལུགས་པ་ཡིན་ཟེར་དོན་ནི་ཁོ་ཚོས་ཆར་བའི་ནགས་ཚལ་དང་སྟོན་ཁའི་རྣམ་ཤེས་ནི་སྟོན་པ་ཡེ་ཤུའི་རྣམ་ཤེས་ཡིན་པར་ཁས་ལེན་བྱེད་བཞིན་པས་ཡིན་ནམ། (ཁོ་ཚོས་རང་ཉིད་ཡེ་ཤུ་བ་ཡིན་པར་སྒྲོག་བཞིན་ཡོད་ན་ཡང་དོན་ངོ་མར་ཁོ་ཚོའི་མི་རིགས་ཀྱི་བརྒྱ་ཆ་༤༠% ལྷག་ཡེ་ཤུ་གསར་མའི་ཆོས་ལུགས་པ་ཡིན་པ་རེད།) དྲི་བ་འདིས་སྤྱི་བསྡོམས་ཤིག་བྱས་པ་ནི། ཆོས་ལུགས་ཀྱི་དད་མོས་ཅི་འདྲ་ཞིག་དང་ལག་ལེན་ཅི་འདྲ་ཞིག་ལ་བརྟེན་ནས་ད་གཟོད་ཁྱེད་རང་ཆོས་ལུགས་གང་ཞིག་གི་ཚོགས་མིའམ་ཡང་ན་རྗེས་འཇུག་པ་ཆགས་པ་རེད་ཅེས་པ་དེ་རེད།

དྲི་བ་འདིས་ཨ་རིའི་མ་རྩ་རིང་ལུགས་ཀྱི་ཆོས་ལུགས་པ་ཚོར་གནད་འགག་ཆེ་བའི་ལམ་ཁ་ཞིག་སྟོན་བཞིན་ཡོད། དོན་ངོ་མར་ཨ་རིའི་ནང་བསྟན་རྗེས་འཇུག་པ་ཚོ་ནང་བ་གང་གི་རིགས་སུ་གཏོགས་སམ། ནང་བསྟན་ཆོས་ལུགས་ནི་ཆོས་རྣམས་ཀྱི་རང་བཞིན་དེ་ཁོ་ན་ཉིད་དང་། སྐྱེས་བུ་བདག ཀུན་སྤྱོད་སོགས་ཀྱི་སྐོར་ལས་འཕྲོས་པའི་མགོ་རྙོག་ཆེ་བའི་མཚན་ཉིད་རིག་པའི་ལྟ་གྲུབ་ཅིག་རེད། ད་དུང་ནང་བསྟན་མཚན་ཉིད་རིག་པའི་དམིགས་བསལ་ཀྱི་མཚར་སྣང་ཆེ་བའི་གནད་དོན་ཞིག་ནི་ཕྱོགས་གཅིག་ནས་གང་ཟག་རང་ཉིད་བདག་ཏུ་མ་གྲུབ་པས་བདག་མེད་ཡིན་ཞེས་དང་། ཡང་གཞན་ཞིག་ནས་གང་ཟག་རང་ཉིད་ཀྱིས་འགྲོ་བ་སེམས་ཅན་ཐམས་ཅད་ལ་བྱམས་དང་སྙིང་རྗེ་བསྐྱེད་དགོས་ཞེས་པ་དེ་གཉིས་ཀྱི་འབྲེལ་བའི་སྐོར་སོགས་རེད། དོན་ངོ་མར་ཨ་རིའི་ནང་བསྟན་རྗེས་འཇུག་པ་མང་ཆེ་བས་ནང་བསྟན་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་སྐོར་ཤེས་ཀྱིན་ཡོད་དམ། དེ་བཞིན་ཁོ་ཚོས་སྟོན་པ་སངས་རྒྱས་ཀྱིས་གནང་བའི་བསླབ་བྱ་ཁག་ལས་ག་ཚོད་ཅིག་ལག་ལེན་དུ་བསྟར་བཞིན་ཡོད་དམ།

ང་རང་ཉིད་ཀྱི་ཉམས་མྱོང་ངོས་ནས་བཤད་ན། ཁོ་ཚོས་ནང་བསྟན་མཚན་ཉིད་རིག་པའི་ལྟ་གྲུབ་ཁག་ཤེས་ཀྱིན་མེད་ལ་ནང་བསྟན་དངོས་ཀྱི་བསླབ་བྱ་ཡང་མང་བོ་ཞིག་ལག་ལེན་དུ་བསྟར་བཞིན་མེད་ཅེས་པ་དེ་རེད། ཨ་རིའི་ནང་བསྟན་རྗེས་འཇུག་པ་མང་བོ་ཞིག་གིས་རང་ཉིད་ནང་བ་ཡིན་པའི་སྒྲུབ་བྱེད་དུ་སྒོམ་ཐན་ཐུན་རེ་རྒྱུན་པར་རྒྱག་བཞིན་ཡོད་པ་དེ་རེད། གནད་དོན་དེའི་སྙིང་བོ་ནི་ཁོ་ཚོས་ནང་ཆོས་ལག་ལེན་ཏུ་བསྟར་བཞིན་ཡོད་ཅེས་པ་དེ་རེད། གལ་སྲིད་ཁྱེད་ཀྱི་ཨ་རིའི་ནང་བསྟན་སྒོམ་སྒྲུབ་པ་ཞིག་ལ་ཁྱེད་ཀྱིས་ཅིའི་ཕྱིར་རྒྱུན་ལྡན་སྒོམ་རྒྱག་བཞིན་ཡོད་ཅེས་དྲིས་ཚེ། ཁོ་ཚོ་ཕལ་ཆེ་བས་རང་ཉིད་ཀྱི་ལུས་སེམས་འཕྲོད་བསྟེན་དང་སེམས་འདོད་པ་ཁེངས་བོ་དང་སྐྱིད་པོ་གཙང་མ་བཅས་ལ་ཕན་ཐོགས་ཡོད་ཅེས་ལན་འདེབས་སྲིད། སྒོམ་སྒྲུབ་དེ་འདྲ་ཞིག་གིས་སྟོན་པ་སངས་རྒྱས་ཀྱི་མཐར་ཐུག་གི་མཁྱེན་པའི་ཡེ་ཤེས་ལ་ཐག་ཉེ་རུ་གཏོང་ཐུབ་བམ།

གལ་སྲིད་ཁྱེད་ཀྱིས་ཁོ་ཚོར་སྒོམ་གྱི་དམིགས་པ་གང་ཞིག་ཏུ་གཏོད་བཞིན་ཡོད་ཅེས་དྲིས་ན། ཕལ་ཆེར་བས་སེམས་བག་ཕེབས་པོར་མཉམ་པར་བཞག་པ་ཙམ་ལས་ཅི་ཡང་མི་ཤེས་ལ་དེ་ནི་བྱམས་བརྩེ་དང་སྙིང་རྗེ་དམིགས་སུ་བཟུང་བའི་སྒོམ་སྒྲུབ་དག་དང་མི་འདྲ་བར་རང་ཉིད་ཀྱི་དོན་གཙོ་བོར་བཟུང་བའི་ཉམས་ལེན་ཁོ་ན་ཡིན།

སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཁ་ཤས་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན་ཨ་རི་བ་མང་བོ་ཞིག་གིས་ཁོ་ཚོའི་སེམས་ཀྱི་དཔལ་ཡོན་དོན་གཉེར་མཁན་ཡིན་མོད་ཆོས་ལུགས་པ་མིན་ཟེར། ཁོ་ཚོ་མང་བོ་ཞིག་གིས་རང་ཉིད་ཀྱི་ནང་བསྟན་ཆོས་ལུགས་ཤེས་པའི་རྒྱུ་མཚན་གཅིག་ནི་ཁོ་ཚོས་འཇིག་རྟེན་བཀོད་པ་བོ་མི་འདོད་པ་དེ་ཙམ་རེད། འོན་ཀྱང་། ཁོ་ཚོས་ནང་བསྟན་ཆོས་ལུགས་ཀྱི་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་སོགས་ཀྱི་གནད་དོན་རྙོག་དྲ་ཚ་བོ་དེ་ཚོ་སྦས་སྐུང་བྱེད་བཞིན་ཡོད། ༧གོང་ས་ཏཱ་ལའི་བླ་མའི་ཚོང་ཆེས་བྲིན་ཤོས་ཀྱི་དཔེ་དེབ་(བདེ་སྐྱིད་ཀྱི་སྒྱུ་རྩལ།) ཀློག་མྱོང་མཁན་ཞིག་དང་དེ་བཞིན་ད་ལྟའི་ཀླད་ཁམས་ཚན་རིག་གིས་སྒོམ་སྒྲུབ་མཁན་དག་ལ་ཞིབ་འཇུག་བྱས་པའི་སྐོར་ལ་ཤེས་ཡོན་ཅུང་ཙམ་ཡོད་མཁན་ཞིག་ཡིན་ཚེ། སྒོམ་སྒྲུབ་ཀྱིས་མི་རང་ཉིད་བག་ཕེབས་པོ་དང་སྒོམ་སྒྲུམ་མཁན་དག་མི་གཞན་ལས་སེམས་སྐྱིད་པ་ཡོད་ཅེས་པའི་ཚན་རིག་ཞིབ་འཇུག་གི་གནད་དོན་དེ་དག་ལ་ངེས་ཤེས་ཅུང་ཙམ་རེ་ཡོད་ངེས་ཡིན།

ངས་ཚོད་དཔག་ཡག་ཤོས་ཞིག་ནི་ཨ་རིའི་ནང་བསྟན་རྗེས་འཇུག་པ་མང་བོ་ཞིག་གིས་སེམས་སུ། ནང་བའི་རྗེས་འཇུག་པ་ངོ་མ་རྣམས་ཀྱིས་སྒོམ་ཉམས་ལེན་ཤུགས་ཆེན་པོ་བྱེད་ཅིང་དེ་ལ་བརྟེན་ནས་ཁོ་ཚོ་རང་བཞིན་ཀྱིས་སེམས་བག་སྤྲོ་བོ་དང་། ཞི་འཇམ་པོ། སྐྱིད་པོ་བཅས་ཡོང་བར་བསམ་བཞིན་ཡོད། འོན་ཀྱང་། དེ་ནི་ནོར་འཁྲུལ་ཞིག་སྟེ་དཔེར་ན་སྟོན་པ་ཡེ་ཤུའི་བྱམས་བརྩེའི་བསླབ་བྱ་དག་ཁོ་ཚོའི་ཞལ་འདོན་དང་འབྲེལ་བ་ཆེར་མེད་པ་བཞིན་ནོ།། དོན་ངོ་མར་ནང་བསྟན་ཆོས་གཞུང་དུའང་སྒོམ་སྒྲུབ་སྐོར་དང་འབྲེལ་བ་ཤུགས་ཆེན་པོ་མེད། ནང་ཆོས་སུ་སྒོམ་སྒྲུབ་སྐོར་གཏན་ནས་མེད་པ་མིན་ཡང་སྤྱིར་བཏང་ཧ་ཅང་ཉུང་ཉུང་ཡིན་པ་རེད། དེར་བརྟེན། སྒོམ་ཉམས་ལེན་ཁོ་ན་ནང་བསྟན་གྱི་སྙིང་བོར་འདོད་པ་ནི་དཔེར་ན་སྔོན་ཆད་ཡེ་ཤུ་གནམ་བདག་ཆོས་ལུགས་སྤེལ་མཁན་རྣམས་ཀྱིས་གནམ་བདག་ཆོས་ལུགས་ངོ་མ་ནི་ནམ་རྒྱུན་ཡེ་ཤུའི་ཆོས་དཔོན་རྣམས་དང་འདྲ་བར་གསོལ་བ་སྨོན་ལམ་འདེབས་རྒྱུ་དེ་ཡིན་པར་སྙམ་པ་དང་གཅིག་པ་རེད།

ཐེ་ལན་གྲི་དང་། འབར་མ། སིངྒ་ལའི་ཁབ་རྣམས་ནི་ཕལ་ཆེར་འཛམ་གླིང་འདིའི་ནང་གི་ནང་བསྟན་རྗེས་འཇུག་པ་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཁག་ཡིན། ཡུལ་ལུང་དེ་དག་ཏུ་མི་རྣམས་ཀྱིས་རང་ཉིད་ཀྱི་སྐྱེ་བ་ཕྱི་མར་ལུས་རྟེན་ཡག་པོ་ཞིག་ཏུ་སྐྱེ་བའི་དགེ་བ་བསྒྲུབ་ཆེད་དུ་དགེ་འདུན་པ་རྣམས་པ་བསྙེན་བཀུར་དང་མཆོད་པ་སྣ་ཚོགས་བྱེད་པ་ཡིན། འོན་ཀྱང་། དགེ་འདུན་པ་མང་ཆེ་བ་གནས་སྐབས་རིང་གི་དགེ་འདུན་པ་ཡིན་པ་ལས་མི་ཚེ་གཅིག་རིང་དུ་དགེ་ཚུལ་སློང་གི་རྟེན་དུ་གནས་མཁན་ཧ་ཅང་དཀོན་པོ་ཡིན། ཐེ་ལན་གྲིའི་ནང་པ་དཀྱུས་མ་ཁ་ཤས་ཀྱིས་སྒོམ་ཉམས་ལེན་ཅུང་ཟད་རེ་བྱེད་བཞིན་ཡོད་མོད་དེ་ནི་ཁོ་ཚོའི་འཚོ་བའི་ནང་གི་ཆ་ཤས་གལ་ཆེན་ཞིག་མིན། བོད་ཀྱི་ནང་བསྟན་རྗེས་འཇུག་པའི་དགེ་འདུན་པ་མང་བོ་ཞིག་ད་ལྟ་རྒྱ་གར་དུ་གནས་སྤར་བའི་བོད་ཀྱི་ནང་བསྟན་དགོན་ཆེན་རྣམས་སུ་སློབ་སྦྱོང་བྱེད་བཞིན་ཡོད། དགོན་པ་དེ་དག་ཏུ་རྐང་རྕེད་སྤོ་ལོ་རྩེད་མཁན་མང་ལ། དེ་བཞིན་ནང་བསྟན་ཀྱི་གཞུང་ཚིག་དག་ངག་སྐྱོར་གཏོང་བའི་སྒྲ་དབྱངས་ཧ་ཅང་མཐོ་བོ་ཡིན་པ་མ་ཟད། གཞུང་ལུགས་ཐོག་ཏུ་བགྲོ་གླེང་ཡང་ཤུགས་ཆེན་པོ་བྱེད་བཞིན་ཡོད། འོན་ཀྱང་། སྒོམ་ཉམས་ལེན་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་པ་རེད།

རྗོར་རྒྱས་སྒྲུ་རེ་སྤོས་སུ་(George Dreyfus)ལགས་ཀྱི་བརྩམས་ཆོས(ལག་གཉིས་བརྡབས་པའི་ཐལ་སྐད་ཀྱི་སྒྲ་དབྱངས།)ཞེས་པ་ལས་ནང་ཆོས་ཀྱི་སྒོམ་ཉམས་ལེན་ནི་དགེ་འདུན་པ་ཉུང་ཤས་ཀྱིས་ནང་བསྟན་མཚན་ཉིད་རིག་པའི་མཐར་ཐུག་གི་དེ་ཁོ་ན་ཉིད་ཀྱི་བདེན་པ་གཏན་ལ་ཕབ་བྱེད་དུ་དཔྱད་འཇོག་གི་སྒོམ་རྒྱག་བཞིན་ཡོད་པར་བྲིས་འདུག སྒོམ་ཉམས་ལེན་མཁན་དེ་དག་གི་དམིགས་གཏད་གཙོ་བོ་ནི་འཁོར་བ་རྫོགས་མཐའ་མེད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པ་དང་། སྡུག་བསྔལ་དེ་དག་གི་རྒྱུ་དང་རྐྱེན་ནི་ཐོག་མེད་མ་རིག་པ་དང་ཆགས་ཞེན་སོགས་ཡིན་ལ། དེ་སྤོངས་ཐབས་སུ་ཐོག་མར་རང་ཉིད་དང་བཅས་པའི་འཇིག་རྟེན་གྱི་ཆོས་ཐམས་ཅད་མི་རྟག་པའི་རང་བཞིན་ཅན་སྐད་ཅིག་སྐད་ཅིག་གིས་འགྱུར་བཞིན་པའི་གནས་ལུགས་དེ་ལ་ངེས་ཤེས་རྙེད་རྗེས། རང་ཉིད་ཀྱིས་ཀྱང་འཁོར་བའི་ཡོད་ཚད་སྤངས་ནས་བྱང་ཆུབ་སེམས་དཔའི་རྟུལ་ཞུགས་ཉམས་སུ་ལེན་རྒྱུ་དེ་ཡིན་པ་རེད། དེར་བརྟེན། ནམ་ཞིག་ངས་རང་ཉིད་གཅིག་པོ་ཙམ་མ་ཡིན་པར་འཇིག་རྟེན་ཡོངས་རྫོགས་ཀྱི་སྡུག་བསྔལ་སེལ་ཐུབ་པ་བྱེད་རྒྱུ་ཡིན་ཞེས་པ་དེ་རྩ་བའི་སེམས་བསྐྱེད་རེད། གལ་སྲིད་ཁྱེད་ཀྱིས་སྒོམ་གྱི་དམིགས་པ་དེ་ལྟ་བུ་ཞིག་ཏུ་འགྲོ་འདོད་ཚེ་མ་འཐའ་ཡང་འཇར་པན་གྱི་ཟན་ནང་པའི་རྗེས་འཇུག་པ་ཚོས་ཉིན་རེ་བཞིན་སྒོམ་གྱི་ཆོ་ག་རྒྱུན་འཛིན་བྱེད་བཞིན་ཡོད་པས་ཁྱེད་རང་འཇར་པན་དུ་སོང་ནས་ཁོ་ཚོར་སྐད་ཆ་དྲིས་ན་ཆོག

སྒོམ་ཉམས་ལེན་གྱི་སེམས་ལ་བདེ་སྐྱིད་སྤྲོད་ཐུབ་ཅེས་པའི་གནད་དོན་གཙོ་བོ་དེ་གང་ལ་ཐུག་ཡོད་དམ། ཕྱི་ལོ་༢༠༠༠ ལོར་བདག་ལ་རྒྱ་གར་རྡ་རམ་ས་ལར་༧གོང་ས་ཏཱ་ལའི་བླ་མ་དང་ལྷན་དུ་མཉམ་འཛོམས་བྱེད་པའི་གོ་སྐབས་བཟང་བོ་བྱུང་ལ། སྐབས་དེར་འཛམ་གླིང་གི་ཀླད་ཁམས་ཚན་རིག་པ་གྲགས་ཆེན་ཁ་ཤས་ཀྱིས་སྒོམ་ཉམས་ལེན་གྱིས་ཤུགས་རྐྱེན་སྐོར་ལ་ཞིབ་འཇུག་གི་གྲུབ་དོན་དང་འབྲེལ་བའི་བསམ་ཚུལ་གནང་བར་ཉན་རྒྱུ་བྱུང་།

སྒྲན་སྒོ་ལས་མན་(Dan Goleman)གྱི་(གནོད་ཚབས་ཆེ་བའི་སེམས་ཚོར་རིགས། ཚན་རིག་པ་ཚོས་ཏཱ་ལའི་བླ་མ་དང་མཉམ་ལས་གནང་བ།)ཅེས་པའི་དཔེ་དེབ་དེ་ནི་སྐབས་དེའི་འཚོགས་འདུའི་སྐོར་གྱི་གནས་ཚུལ་ཡག་ཤོས་ཞིག་རེད། འཚོགས་འདུ་དེ་བརྒྱུད་ནས་བདེན་དཔང་རྙེད་པ་ནི་ནང་ཆོས་མ་ཡིན་པའི་སྤྱིར་བཏང་གི་ཀཱ་བྷ་ཟེན་ལྟ་བུའི་སྒོམས་ཉམས་ལེན་ཏེ། དཔེར་ན། (སེམས་ཁྲལ་སྤངས་ནས་སེམས་ཞི་བར་གནས་ཐབས།)ལྟ་བུའི་སྒོམ་ཉམས་ལེན་སོགས་ཀྱིས་སུ་ལའང་འཚེ་བ་མེད་པར་སྐྱེ་བོ་སོ་སོའི་ལུས་སེམས་ཀྱི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་ཡོད་པར་འདོད་བཞིན་ཡོད། དོན་ངོ་མར་(སེམས་ཁྲལ་སྤངས་ནས་སེམས་ཞི་བར་གནས་ཐབས།)དང་གཞན་ཡང་ནང་ཆོས་ནང་གི་སྒོམས་ཉམས་ལེན་དེ་དག་གིས་སེམས་སྐྱིད་པོ་བཟོ་བར་ཕན་ཐོགས་ག་ཚོད་ཅིག་ཡོད་དམ། ཁྱེད་ཀྱིས་ཕལ་ཆེར་ཕན་ཐོགས་ཆེན་པོ་ཡོད་པའི་གནས་ཚུལ་མང་བོ་ཐོས་ཡོད་སྲིད། འོན་ཀྱང་། ད་བར་དུ་དེ་ལ་ཚན་རིག་གི་ལམ་ནས་བདེན་དཔང་རྙེད་པ་གཅིག་ཀྱང་བྱུང་ཡོད་པ་མ་རེད།

ད་དུང་སྒོམ་ཉམས་ལེན་ལ་བརྟེན་ནས་མི་དེ་ཡག་པོ་དང་། སེམས་བཟང་པོ། སྙིང་རྗེ་ཆེན་པོ་ཅན་ཆགས་ཐུབ་པའི་བདེན་དཔང་ཡང་ཅི་ཡང་རྙེད་མེད་པ་རེད། འོན་ཀྱང་། ཕྱོགས་ཁ་ཤས་ནས་བལྟས་ན་བདེ་སྐྱིད་ཟེར་བའི་ཚིག་དེ་ཡང་མགོ་རྙོག་ཚ་བོ་ཞིག་ཡིན་པས་གནད་དོན་དེ་ཕྱོགས་མང་བོ་དང་སྦྲེལ་ནས་ཤེས་རྟོགས་བྱེད་དགོས། ཨ་རི་བ་རྣམས་སོ་སོའི་བདེ་སྐྱིད་ལ་དགའ་བོ་ཡོད། མི་སུ་ལ་ཡང་རང་ཉིད་ཀྱི་བདེ་སྐྱིད་བརྩོན་ལེན་བྱེད་པའི་ཐོབ་ཐང་ཡོད། གལ་སྲིད་སྲོལ་རྒྱུན་ཆོས་ལུགས་དང་ཆོ་ག་ཙམ་ལ་བརྟེན་ནས་བདེ་སྐྱིད་འཐོབ་བཞིན་ཡོད་ཚེ་ང་ཚོ་ཚང་མ་དེའི་རྗེས་སུ་ཞུགས་ཆོག འོན་ཀྱང་། དོན་ངོ་མར་བདེ་སྐྱིད་ཅེས་པ་དེ་གལ་ཆེན་པོ་ག་འདྲ་ཞིག་རེད་དམ། ངས་རང་ཉིད་ཀྱི་སློབ་ཕྲུག་ཚོར་མཚམས་རེར་དྲི་བ་འདི་འདྲ་གཏོང་བཞིན་ཡོད། སྟོན་པ་ཡེ་ཤུ་སྐྱིད་པོ་བྱུང་ཡོད་དམ། ཡང་ན་སྟོན་པ་ཤཀྱཱ་ཐུབ་པ་དང་ཁོང་ཙུ་སོགས་སྐྱིད་པོ་བྱུང་ཡོད་དམ། ཨ་མ་གྲེས་རེས་སཱ་(Mother Teresa)ལགས་དང་། སོ་གི་རེ་གྲི(Socrates)། མར་གྲིན་ལོས་རྡིར་ཀེན་(Martin luther king Jr)། གྷན་རྡི་སོགས་ཁོང་ཚོའི་མི་ཚེའི་ནང་དུ་སྐྱིད་པོ་བྱུང་ཡོད་དམ། སོ་ཇོར་ནོ་བདེན་པ་ཨེ་ཡིན་ནམ། དྲི་བ་འདི་དག་གཏོང་ཐེངས་རེ་རེར་སློབ་ཕྲུག་ཚང་མས་ལམ་སང་མི་ཚེའི་ནང་དོན་དང་། མི་ཚེའི་དམིགས་ཡུལ། མི་ཚེའི་དོན་སྙིང་། མི་ཚེའི་དགོས་མཁོ། མི་ཚེའི་རེ་བཞག་མངོན་འགྱུར་སོགས་ནི་མི་ཞིག་གི་མི་ཚེའི་བདེ་སྐྱིད་དང་ཁ་ཁ་སོ་སོ་ཡིན་པའི་གནས་ལུགས་ལ་གོ་བ་རྙེད་བཞིན་ཡོད་ལ། དེ་བཞིན་མི་ཞིག་ལ་མཚོན་ན་བདེ་སྐྱིད་ཙམ་ཐོབ་རྒྱུ་དེ་ནི་མི་ཚེའི་ནང་གི་གལ་ཆེ་ཤོས་དེ་མིན་པ་ལའང་གོ་རྟོགས་རྙེད་བཞིན་ཡོད།

ངས་སེམས་སུ་ཁྱད་མཚར་བའི་གནད་དོན་ཞིག་ནི་ཨ་རིའི་ཡུལ་གྱི་ནང་བསྟན་ཆོས་ལུགས་ནི་སྒོམ་སྒྲུབ་ཙམ་དང་། མི་སྒེར་སོ་སོའི་སེམས་ཀྱི་དཀའ་ངལ་སེལ་ཐབས་ཙམ་དུ་འདོད་མཁན་གྱི་མ་རྩ་རིང་ལུགས་པའི་ནང་བསྟན་རྗེས་འཇུག་པ་ཚོས། དོན་ངོ་མར་ནང་བསྟན་ཆོས་ལུགས་ནང་གི་བསླབ་བྱའམ་གནད་དོན་གལ་ཆེན་ཞིག་འབོར་བཞིན་ཡོད་ལ། དེ་བཞིན་ནང་བསྟན་ཆོས་ལུགས་ཀྱི་ལྟ་གྲུབ་ཁྲོད་དུ་ཤེས་རབ་དང་ལེགས་ཚོགས་གཉིས་སུ་འབོད་པའི་ནང་ཆོས་ཀྱི་རྩ་བའི་མ་ལག་གལ་ཆེན་ཁ་ཤས་ཀྱང་འཐུས་ཤོར་དུ་གཏོང་བཞིན་ཡོད་པ་མ་ཡིན་ནམ།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 6 བཀོད་འདུག

6 Responses to མ་རྩ་རིང་ལུགས་ཀྱི་ནང་བསྟན་རྗེས་འཇུག་པ་ཚོ། ཨ་རི་བ་ཚོས་ནང་བསྟན་ཆོས་ལུགས་ཀྱི་མན་ངག་གལ་ཆེ་ཤོས་ཤིག་འབོར་བཞིན་ཡོད་དམ།

  1. (དོན་ངོ་མར་ནང་བསྟན་ཆོས་གཞུང་དུའང་སྒོམ་སྒྲུབ་སྐོར་དང་འབྲེལ་བ་ཤུགས་ཆེན་པོ་མེད། ནང་ཆོས་སུ་སྒོམ་སྒྲུབ་སྐོར་གཏན་ནས་མེད་པ་མིན་ཡང་སྤྱིར་བཏང་ཧ་ཅང་ཉུང་ཉུང་ཡིན་པ་རེད། དེར་བརྟེན། སྒོམ་ཉམས་ལེན་ཁོ་ན་ནང་བསྟན་གྱི་སྙིང་བོར་འདོད་པ་ནི་) གོང་གསལ་གྱི་ཚིག་འདིས་རྩོམ་པ་པོ་ལ་ནང་ཆོས་རྒྱུས་མངའ་མེད་པ་བསྟན་འདུག་མོད། རྒྱུས་མངའ་ཡོད་མདོག་མཛད་འདུག དོན་ངོ་མར་ནང་ཆོས་སུ་སྒོམ་སྒྲུབ་སྐོར་མང་པོ་ཡོད་པ་ཙམ་དུ་མ་ཟད་དེ་གལ་ཆེན་དུ་བརྩི། ཐོས་བསམ་སྒོམ་གསུམ་ཞེས་པ་ནི་ནང་ཆོས་ཀྱི་ཉམས་ལེན་སྟོན་པའི་ཚིག་གལ་ཆེན་ཞིག་རེད། དེས་རིམ་པ་ཞིག་ཀྱང་སྟོན། རིམ་པ་དང་བོ་ཐོས་པ། གཉིས་པ་བསམ་པ། གསུམ་པ་སྒོམ་པ་ཡིན་པས་སྒོམ་ནི་ཚད་མཐོ་ཤོས་ཀྱི་ཉམས་ལེན་དུ་ངོས་འཛིན་བྱེད་པས་གོང་གི་རྒྱུས་མེད་ཀྱི་རྒྱུས་གཏམ་ལ་གསར་བ་དག་མགོ་མི་འཁོར་བར་ཞུ།

  2. ཚེ་རིང་ ནས།

    གོང་འོག་གི་དོན་ལ་བལྟོས་ནས་བརྗོད་ན་རྩོམ་པ་པོའི་ལྟ་བ་ལ་རྐྱོན་གང་ཡང་མི་འདུག ཁོའི་བརྗོད་དོན་ནི་ཨ་རི་བ་རྣམས་ཀྱིས་ཨ་ེ་ཤེ་ཡའི་ནང་པ་ཡོད་ཚད་ནས་རྟག་ཏུ་སྒོམ་རྒྱབ་ཀྱི་ཡོད་པར་བསམ་པ་ནི་ནོར་འཁྲུལ་ཞིག་རེད་ཟེར་བའི་དོན་རེད། མང་པོ་ཤོད་དགོེས་མི་འདུག དཔེར་ན་ང་ཚོ་བོད་པར་བལྟོས་དང་།་མ་ནི་རྐྱང་འདོན་པ་ལས་སྒོམ་རྒྱབ་མཁན་ག་ཚོད་འདུག ཁྱོད་རང་ལའང་ཁག་མི་འདུག བསྒྱུར་མཁན་དེས་ཡང་གསལ་པོ་ཞིག་བསྒྱུར་ཐུབ་མི་འདུག དབྱིན་སྐད་ལ་གོ་བ་ཡག་པོ་ལོན་རྗེས་བསྒྱུར་བ་དང་དཔྱད་གཏམ་སྤེལ་ན་རང་གཞན་ཀུན་མཛེས་པའི་རྒྱུ་རུ་མི་འགྱུར་རམ།་

  3. སྦྲ་རིགས་ཐོགས་མེད་ ནས།

    རྩོམ་ཡིག་འདིའི་ཁ་བྱང་དུ་(གལ་ཆེན་ཞིག་བོར་བཞིན་ཡོད་དམ།) ད་ལྟ་བའི་སྐབས་སུ་འདས་པའི་བྱ་ཚིག་སྦྱོར་ཚུལ་ཞིག་མེད་པར་ཤེས་པར་བྱ། དོན་ངོ་མར་འབོར་བཞིན་ཡོད་དམ་ཞེས་སུ་འབོད་འོས།

    ཚོགས་འདུ་ཟེར་བ་ཚང་མ་འཚོགས་འདུར་བཏང་བ་དེ་ཡང་ནོར། དག་གསར་སོགས་ན་ཚོགས་འདུ་ཞེས་སུ་གསལ།

    ད་དུང་ཁ་ཤས་འདུག་བསམ་སོང་མོད། དུས་ཚོད་ཀྱི་རྐྱེན་པས་གནས་སྐབས་དེ་ཙམ་བྱ།

  4. ཚེ་རིང་ ནས།

    གོང་གི་ཁ་བྱང་དེའི་ནང་དུ་བཀོལ་བའི་ཚིག་”ནང་བསྟན་རྗེས་འཇུག་པ་ཚོ” “ནང་བསྟན་ཆོས་ལུགས” “མན་ངག” “གལ་ཆེ་ཤོས” “འབོར་བཞིན་ཡོད་དམ ” སོགས་ནི་དོན་ལ་བསམ་བློ་ཞིབ་ཏུ་མ་བཏང་བར་ཕྱི་ཚིག་ཐད་སྒྱུར་བྱས་པའི་རྐྱོན་ལས་བོད་སྐད་ནང་དེ་དག་ཚོག་རྙོག་འབའ་ཞིག་ཏུ་འགྱུར་ནས་མ་ཡིག་གི་བརྗོད་དོན་ཉིད་གསལ་ོམེད་པར་ཆགས་འདུག

    རྩོམ་ཡིག་འདིའི་འགྱུར་ཡིག་གི་ཁ་བྱང་དུ། མ་རྩ་རིང་ལུགས་ཀྱི་ནང་པའི་སྐོར་ལས་ཨ་རི་བས་སངས་རྒྱས་ཆོས་ལུགས་ཀྱི་གོ་དོན་སྙིང་པོ་དག་ཤེས་རྟོགས་ཐུབ་ཡོད་མེད་སྐོར་གླེང་བ། ཞེས་བསྒྱུར་ན་མ་ཡིག་ཀྱི་དོན་འཆུག་མེད་དུ་བཏོན་ཐུབ་ལ་བོད་ཡིག་གི་བརྗོད་བྱའང་ལེགས་པ་ཡོང་བ་བཅས་ཀྱི་ཁྱད་ནུས་ལྡན་པར་སེམས།

  5. འཛུམ་ཆུང་བཀྲ་ཤིས། (གཅན་འོོད་འབར།) ནས།

    ཁ་བྱང་གི་འགྱུར་དེ་ཏག་ཏག་ཅིག་བསྡད་མེད་པའི་ཚོར་བ་ཞིག་དང་ནང་བསྟན་ཆོས་ལུགས་དེ་སྒོམ་སྒྲུབ་ཀྱི་སྐོར་ལ་དེ་ཙམ་གྱི་འབྲེལ་བ་མེད་པ་སོགས་ལ་ཐེ་ཚོམ་ཞིག་ང་ལ་ཡང་སྐྱེས་སོང། སྤྱིར་རྩོམ་པ་པོས་ནུབ་ཕྱོགས་ཀྱི་ནང་བསྟན་རྗེས་འཇུག་པ་ཚོའི་ནང་བསྟན་ཆོས་ལུགས་ཀྱི་དོན་སྙིང་དེ་རྟོགས་ཡོད་མེད་ཀྱི་སྐོར་ལ་གསལ་བཤད་ཡག་པོ་ཞིག་བྱས་འདུག་འདོད་ཐལ།

  6. རྩོམ་ཡིག་འདིའི་རིགས་ལ་ཧ་ཅང་དགའ་བོ་ཡོད། སྐར་ཁུང་དྲ་བ་ལ་ཐུགས་རྗེ་ཆེ་ཞུ།
    མུ་མཐུད་ནས་འདི་འདྲ་མང་ཙམ་སྤེལ་རོག་གནང།

Write a Reply or Comment

Your email address will not be published. Required fields are marked *

*