རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་གོ་གནས་སྟེང་གི་བོད་མི་དག

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
བུ་ཆུང་ཀེ་ཚེ་རིང་གིས་བརྩམས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རྒྱ་ནག་དམར་ཤོག་ཚོགས་པས་༢༠༡༢ལོའི་སྤྱི་ཟླ་༡༡པའི་ཚེས་༨ཉིན་ནས་བཟུང་དམར་ཤོག་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་འཚོགས་རྒྱུ་ཡིན་པའི་གསལ་བསྒྲགས་མཐའ་མཇུག་ཏུ་བསྐྱངས་སོང་། དེར་བརྟེན། ངས་དེའི་གལ་གནད་རང་བཞིན་ལ་བོད་མི་ཞིག་གི་བསམ་ཚུལ་ཐོག་ནས་ལྟ་འདོད་བྱུང་། ཡིན་ཡང་། ལྟ་སྟངས་མི་འདྲ་བ་ཞིག་གི་སྒང་ནས་གླེང་གི་ཡིན།

རྒྱ་ནག་དམར་ཤོག་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ནང་བདམས་ཐོན་བྱུང་བའི་རྒྱ་ནག་གི་འགོ་ཁྲིད་གསར་པས་རྒྱལ་ཁབ་ཀྱི་མ་འོངས་བའི་ཁ་ཕྱོགས་ཐག་གཅོད་བྱ་ཡི་ཡིན་པ་བཤད་མི་དགོས་བ་ཞིག་རེད་ལ། ཐག་གཅོད་གཏན་འབེབས་དེས་བོད་མི་ཚོའི་ཐོག་ལ་ཤུགས་རྐྱེན་ཞིག་ཐེབས་ངེས་པའང་བརྗོད་ག་ལ་དགོས། གང་ལྟར་ཡང་། ངས་གནད་དོན་དེའི་ཕྱོགས་ངོས་གཞན་ཞིག་ལ་ལྟ་འདོད་བྱུང་། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་མཐོའི་མདུན་བསྐྱོད་དཔུང་སྒྲིག་ནང་གི་བོད་མིའི་གནས་བབ་ཀྱི་རང་བཞིན་སྐོར་ལ་ཡིན།

རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་ཚོས་དམར་ཤོག་ཚོགས་པའི་སྒྲིག་འཛུགས་མཐོ་ཤོས་གསུམ་༼ངས་ཆབ་སྲིད་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཆབ་སྲིད་ཅུས་ལོགས་སུ་བསྐྱུར་འཇོག་གི་ཡིན། གང་ཡིན་ཞེ་ན། དེ་གཉིས་ནི་ད་ལྟའི་དུས་སྐབས་ཀྱི་ལས་འཆར་ནང་གི་བོད་མི་ཚོ་ལྟ་བུའི་མི་རྣམས་ལ་མཚོན་ན་རྨི་ལམ་ལྟ་བུ་ཡིན་པས་རེད།༽གྱི་ཚོགས་མིའི་ཁུངས་སུ་ཞུགས་པར་རེ་འདོད་དྲག་པོ་བྱེད་ཆོག་པ་རེད། དེ་དག་ནི་དབུས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཚོགས་མི་དང་འདེམས་ཀའི་བརྗེ་ལེན་ཚོགས་མི། དབུས་དམར་ཤོག་སྒྲིག་འཛུགས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་བཅས་ལ་རེ་ལྟོས་བྱེད་ཆོག་པ་རེད། དབུས་ཨུ་ཡོན་ལྷན་ཁང་ནི་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ནང་གི་སྲིད་ཇུས་གཏན་འབེབས་གནང་མཁན་ཆེས་མཐོ་ཤོས་དེ་ཡིན་པའི་ཆ་འཇོག་གནང་གི་ཡོད་རེད།

སྒྲིག་འཛུགས་འདི་ཚོའི་གལ་ཆེན་རང་བཞིན་སྟོན་ཆེད། དམར་ཤོག་ཚོགས་པའི་འཐུས་མིིའི་ཚོགས་ཆེན་སྐབས་རེ་རེར་ཁོང་ཚོའི་ཚོགས་མི་དག་གསལ་བསྒྲགས་གནང་གིན་ཡོད། དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་ལ་རྒྱ་ནག་གིས་བོད་མི་ཚོར་འཛིན་པའི་སྲིད་ཇུས་དེ་གོ་རིམ་ངེས་ཅན་དུ་བཟོ་བར་ལས་འགན་ཞིག་ཡོད་ངེས་པ་རེད། པེ་ཅིན་གྱིས་བོད་ཀྱི་སྟེང་ལ་སྤེལ་བཞིན་པའི་བོད་ལྗོངས་ལས་དོན་གླེང་སྟེགས་ (Tibet Work Forums) ཀྱི་བྱེད་སྒོའི་བསྟར་རིམ་དེ་དག་ཡོངས་རྫོགས་དམར་ཤོག་ཚོགས་པའི་བཀའ་དགོངས་ལྟར་སྒྲུབ་ཀྱི་ཡོད་པ་རེད།

ཕྱིར་དྲན་བྱེད་སྤྲོ་བ་ཞིག་ཡོད་པ་ནི་སྤྱི་ལོ་༡༩༥༣་ལོའི་ཟླ་༣་པའི་ཚེས་༡༦་ཉིན་“ནང་མའི་ཚོགས་པས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང”་ལ་“ཧན་རྒྱ་ནག་ཆེན་པོའི་ཞེན་ཁོག་རིང་ལུགས་”སྐོར་ལ་འཆར་འགོད་ཟིན་བྲིས་ཤིག་བྲིས་འདུག་པ་གཤམ་གསལ་ལྟར། “ད་ཡོད་གནས་ཚུལ་གྱི་ཐོག་ནས་གྱོད་ཞིབ་གནང་ན། དབུས་ཨུ་ཡོན་ལྷན་ཁང་གིས་གྲངས་ཉུང་མི་རིགས་ཀྱི་ཆབ་འབངས་ཡོད་ས་གང་དུ་དཀའ་ངལ་ཅི་ཞིག་ཡོད་ན་དེ་དག་ཐག་གཅོད་ཀྱི་ཐབས་ལམ་འདོན་དགོས་པའི་སྤྱིར་བཏང་གི་སྒྲིག་གཞི་ཞིག་ལག་བསྟར་བྱེད་ཀྱི་ཡོད་ཅིང་། གནས་སྟངས་ཁ་ཤས་ནང་ལ་དཀའ་ངལ་ཧ་ཅང་ཚབས་ཆེན་དེ་འདྲ་འདུག ཕྱི་ངོས་སུ་ཡོད་ཚད་ཁུ་སིམ་སིམ་ཡིན་རུང་། དོན་དངོས་སུ་དེ་རུ་ཧ་ཅང་ཚབས་ཆེ་བའི་དཀའ་ངལ་ཁ་ཤས་ཤིག་འདུག འདས་པའི་ལོ་ངོ་གཉིས་སམ་གསུམ་ནང་ས་ཆ་འདྲ་མིན་ལ་མངོན་གསལ་དུ་བྱུང་བའི་དོན་དག་དག་གིས་གནད་དོན་གཅིག་སྟོན་གྱིན་ཡོད་པ་ནི་ཧན་རྒྱ་ནག་ཆེན་པོའི་ཞེན་ཁོག་རིང་ལུགས་ཕལ་ཆེར་ས་ཆ་གང་སར་གནས་ཡོད་པ་དེའོ།། གལ་ཏེ་ང་ཚོས་དུས་ཐོག་ཏུ་སློབ་གསོ་སྤྲོད་མ་ཐུབ་པ་དང་དམར་ཤོག་ཚོགས་པ་ནང་གི་ཧན་རྒྱ་ནག་ཆེན་པོའི་ཞེན་ཁོག་རིང་ལུགས་དང་མི་དམངས་ཁྲོད་དུ་གནས་པའི་ཞེན་འཛིན་རིང་ལུགས་དེ་ལས་བློ་རྩ་བརྟན་པོས་ཐར་མ་ཐུབ་ན་དེ་ནི་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་ཏུ་འགྱུར་གྱི་རེད། དམར་ཤོག་ཚོགས་པ་ནང་སྟོན་གྱིན་པའི་གྲངས་ཉུང་མི་རིགས་དག་གི་བར་གྱི་དཀའ་ངལ་དང་ས་ཁུལ་མང་པོའི་མི་དམངས་ཁྲོད་དུ་ཧན་རྒྱ་ནག་ཆེན་མོའི་ཞེན་ཁོག་རིང་ལུགས་ཀྱི་གནས་ཚད་དེ་ཚབས་ཆེན་པོ་ཞིག་ལ་བསླེབས་འདུག དེ་ནི་དེའི་རྗེས་ཤུལ་གྱི་གནད་དོན་ཙམ་མ་རེད། བཤད་སྟངས་གཞན་ཞིག་གི་ཐོག་ནས་ཞུ་ན། འབྱོར་ལྡན་གྲལ་རིམ་གྱི་ལྟ་བས་བློ་མཐུན་དེ་ཚོའི་སེམས་པ་དག་དབང་བསྒྱུར་བྱས་འདུག་ཅིང་། མཱ་ཁི་སི་རིང་ལུགས་ཀྱི་སློབ་གསོ་ཐོབ་མེད་པའི་བློ་མཐུན་དག་གི་སེམས་པའང་དབང་བསྒྱུར་བྱས་འདུག ཁོང་ཚོས་དབུས་ཨུ་ཡོན་ལྷན་ཁང་གི་རྒྱལ་འབངས་སྲིད་ཇུས་རྟོགས་མི་འདུག དེར་བརྟེན། ངེས་པར་དུ་བརྩོན་པ་ཆེན་པོའི་ཐོག་ནས་སློབ་གསོ་སྤེལ་དགོས། དེ་ལྟར་བགྱིས་ན། དཀའ་ངལ་འདི་རིམ་བཞིན་རིམ་བཞིན་སེལ་ཐུབ་ཀྱི་ཡོད། དེར་མ་ཟད། ཚགས་པར་དག་གིས་ཁྱད་ཆོས་ངེས་ཅན་ལྡན་པའི་དངོས་ཡོད་གནས་ཚུལ་གཞིར་བཞག་སྟེ་བྲིས་པའི་རྩོམ་ཡིག་མང་པོ་སྤེལ་ནས་ཧན་རྒྱ་ནག་ཆེན་མོའི་ཞེན་ཁོག་རིང་ལུགས་ལ་ཡོངས་གྲགས་ཀྱི་ཐོག་ནས་རྣག་ཐོག་ཁབ་གཙགས་བྱེད་དགོས། ད་དུང་དམར་ཤོག་ཚོགས་པའི་ཚོགས་མི་ཚོ་དང་མི་དམངས་ཚོར་སློབ་གསོ་སྤྲོད་དགོས་སོ།། ”

ཐ་ན་དུས་ད་ལྟའང་རྟོག་ཞིབ་དེ་ལག་ལེན་དུ་འདེབས་ཀྱིན་མེད་པ་འདྲ། བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་གཏོང་མཁན་གྱི་རྒྱུ་རྐྱེན་གཅིག་ནི་ཧན་རྒྱ་མི་ཚོའི་མི་རིགས་རིང་ལུགས་ཀྱི་ལྟ་བ་དེའོ།། ངས་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་དང་དེའི་རྗེས་ཀྱི་རྒྱ་ནག་གི་འགོ་ཁྲིད་ཀྱིས་གནད་དོན་འདིར་དོ་གལ་ཆེན་པོའི་ཐོག་ནས་ཞིབ་ལྟ་གནང་བའི་རེ་བ་བྱེད་ཀྱི་ཡོད།

དབུས་ཨུ་ཡོན་ལྷན་ཁང་གི་བོད་པ་འཐུས་མི་ཚོས་བསམ་ཞིབ་གོ་བསྡུར་དག་གི་སྐབས་སུ་ཁོང་ཚོའི་སྦ་གསང་མེད་པའི་བསམ་ཚུལ་ཚད་ཅི་ཙམ་ཞིག་གི་སར་འདོན་ཐུབ་མིན་ངས་ད་ལྟ་གཏན་འཁེལ་བྱེད་ཐུབ་ཀྱི་མི་འདུག
གང་ལྟར་ཡང་། ད་ལྟའི་སྐབས་བཅུ་བདུན་པའི་དབུས་ཨུ་ཡོན་ལྷན་ཁང་ལ་འཐུས་མི་༢༠༤་ཡོད་པ་ལས་གཉིས་བོད་པ་རེད།༼ལེགས་མཆོག་དང་བྱམས་པ་ཕུན་ཚོགས།༽བརྗེ་ལེན་གྱི་འཐུས་མི་༡༦༧་ལས་བོད་མི་གཉིས་ཡོད།༼བསྟན་ཁོ་དང་རྡོ་རྗེ།༽དབུས་དམར་ཤོག་རྩ་འཛུགས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་འཐུས་མི་༡༢༧་ཡོད་པ་ལས་གཉིས་ནི་བོད་པ་རེད། ༼ རིན་ཆེན་རྒྱལ་དང་གུ་རུ་ཚེ་འགོ ༽

སྐབས་བཅུ་དྲུག་པའི་དབུས་ཨུ་ཡོན་ལྷན་ཁང་ལ་རྒྱུན་ལས་འཐུས་མི་བོད་མི་གསུམ་དང་དེ་བཞིན་དུ་བརྗེ་ལེན་འཐུས་མིའང་གསུམ་བྱུང་ཡོད།
དབུས་ཨུ་ཡོན་ལྷན་ཁང་ནང་གི་བོད་པའི་འཐུས་མི་གསར་པ་སུ་སུ་ཡིན་ངེས་སམ། དེ་རུ་ག་ཚོད་ཡོད་ངེས་སམ། འཚོགས་ལ་ཉེ་བའི་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་ལ་བོད་པའི་སྐུ་ཚབ་མི་སྣ་སུམ་ཅུ་ལས་བརྒལ་བ་ཕེབས་སྲིད་པ་འདྲ། དམར་ཤོག་ཚོགས་པའི་འཐུས་མི་ཚོས་དབུས་ཨུ་ཡོན་ལྷན་ཁང་གསར་པ་འོས་འདེམས་བྱ་རྒྱུ་རེད། ད་ལྟའི་བར་དུ་བོད་པའི་འཐུས་མི་ག་ཚོད་བདམས་ཡོད་པའི་རང་བཞིན་སྐོར་ལ་རིག་པ་ཞིག་འདོན་ཆེད། དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་ནང་ལ་ཚོགས་ཞུགས་བྱས་པའི་བོད་མི་ཚོའི་མིང་གཞུང་ཞིག་ངས་འདས་པའི་ལོ་ངོ་ཁ་ཤས་ཤིག་གི་སྔོན་ནས་བཟུང་ཕྱོགས་སྒྲིག་བྱས་ཡོད་པ་

གཤམ་གསལ་ལྟར།

༢༠༠༧ལོའི་ཟླ་༡༠པ། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བདུན་པ།
༡ ལེགས་མཆོག ༼རྒྱང་རྩེ།༽
༢ བྱམས་པ་ཕུན་ཚོགས།༼ཆབ་མདོ།༽

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བདུན་པའི་བརྗེ་ལེན་འཐུས་མི།
༡ བསྟན་ཁོ། ༼ མཚོ་ལྷོ།༽
༢ རྡོ་རྗེ། ༼རྒྱ་ཚ།༽

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བདུན་པའི་འཐུས་མིའི་ཚོགས་ཆེན་སྐབས་བདེམས་ཐོན་བྱུང་བའི་རྒྱ་གཞུང་དབུས་དམར་ཤོག་རྩ་འཛུགས་ཞིབ་བཤེར་ལྷན་ཁང་གི་འཐུས་མི་དག་ནི།
༡ རིན་ཆེན་རྒྱལ། ༼ ཨ་མདོ།༽
༢ གུ་རུ་ཚེ་འགོ ༼རྔ་བ།༽

༢༠༠༢ལོའི་ཟླ་༡༠པའི་ཚེས་༨ནས་ཚེས་༡༤བར། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་སྐབས་བཅུ་དྲུག་པ།
༡ ལེགས་མཆོག ༼རྒྱང་རྩེ།༽
༢ རྡོ་རྗེ་ཚེ་རིང་། ༼བླ་བྲང་།༽

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་དྲུག་པའི་བརྗེ་ལེན་འཐུས་མི།
༡ བྱམས་པ་ཕུན་ཚོགས། ༼ཆབ་མདོ།༽
༢ རིན་ཆེན་རྒྱལ། ༼ཨ་མདོ།༽
༣ གུ་རུ་ཚེ་འགོ ༼རྔ་བ།༽

སྤྱི་ལོ་༢༠༠༢ལོར། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་དྲུག་པའི་འཐུས་མིའི་ཚོགས་ཆེན་སྐབས་བདེམས་ཐོན་བྱུང་བའི་རྒྱ་གཞུང་དབུས་དམར་ཤོག་རྩ་འཛུགས་ཞིབ་བཤེར་ལྷན་ཁང་གི་འཐུས་མི་དག་ནི།
༡ བུ་ཆུང་། ༼འཕྱོངས་རྒྱས།༽
༢ པད་མ། ༼སྐྱེ་རྒུ་མདོ།༽

སྤྱི་ལོ༡༩༩༧ལོའི་སྤྱི་ཟླ་༩པའི་ཚེས་༡༢ནས་ཚེས་༡༨བར། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པ།
༡ རག་རྡི། ༼ནག་ཆུ།༽
༢ རྡོ་རྗེ་ཚེ་རིང་། ༼བླ་བྲང་།༽

སྤྱི་ལོ་༡༩༩༧ལོར། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་གི་སྐབས་བཅོ་ལྔ་པའི་བརྗེ་ལེན་འཐུས་མི།
༡ ལེགས་མཆོག ༼རྒྱང་རྩེ།༽
༢ བསྟན་འཛིན། ༼ནག་ཆུ།༽
༣ གུ་རུ་ཚེ་འགོ ༼རྔ་བ།༽

སྤྱི་ལོ༡༩༩༢ལོའི་སྤྱི་ཟླ་༡༠པའི་ཚེས་༡༢ནས་ཚེས་༡༨བར། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པ།
༡ རག་རྡི། ༼ནག་ཆུ།༽
༢ རྡོ་རྗེ་ཚེ་རིང་། ༼བླ་བྲང་།༽

སྤྱི་ལོ་༡༩༩༢ལོར། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་འཐུས་མིའི་ཚོགས་ཆེན་སྐབས་བདེམས་ཐོན་བྱུང་བའི་རྒྱ་གཞུང་དབུས་དམར་ཤོག་རྩ་འཛུགས་ཞིབ་བཤེར་ལྷན་ཁང་གི་འཐུས་མི་ནི།
༡ པ་སངས། ༼ལྷོ་ཁ།༽
སྤྱི་ལོ་༡༩༩༢ལོར། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་བརྗེ་ལེན་འཐུས་མི།
༡ བསྟན་འཛིན། ༼ནག་ཆུ།༽
༢ རྒྱལ་མཚན་ནོར་བུ། ༼འབའ་ཐང་།༽

སྤྱི་ལོ༡༩༨༧ལོའི་སྤྱི་ཟླ་༩པའི་ཚེས་༢༥ནས་སྤྱི་ཟླ་༡༠པའི་ཚེས་༡བར། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་འཐུས་མི།
༡ རག་རྡི། ༼ནག་ཆུ།༽
༢ རྡོ་རྗེ་ཚེ་རིང་། ༼བླ་བྲང་།༽

སྤྱི་ལོ་༡༩༨༧ལོར། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་འཐུས་མིའི་ཚོགས་ཆེན་སྐབས་བདེམས་ཐོན་བྱུང་བའི་རྒྱ་གཞུང་དབུས་དམར་ཤོག་རྩ་འཛུགས་ཞིབ་བཤེར་ལྷན་ཁང་གི་འཐུས་མི་ནི།
༡ པ་སངས། ༼ལྷོ་ཁ།༽

སྤྱི་ལོ༡༩༨༢ལོའི་སྤྱི་ཟླ་༩པའི་ཚེས་༡ནས་ཚེས་༡༡བར། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་འཐུས་མི།
༡ རག་རྡི། ༼ནག་ཆུ།༽
༢ པ་སངས། ༼ལྷོ་ཁ།༽

སྤྱི་ལོ་༡༩༨༢ལོར། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་འཐུས་མིའི་ཚོགས་ཆེན་སྐབས་བདེམས་ཐོན་བྱུང་བའི་རྒྱ་གཞུང་དབུས་དམར་ཤོག་རྩ་འཛུགས་ཞིབ་བཤེར་ལྷན་ཁང་གི་འཐུས་མི་ནི།
༡ རྡོ་རྗེ་ཚེ་རིང་། ༼བླ་བྲང་།༽

སྤྱི་ལོ༡༩༧༧ལོའི་སྤྱི་ཟླ་༨པའི་ཚེས་༡༢ནས་ཚེས་༡༨བར། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་འཐུས་མི།
༡ པ་སངས། ༼ལྷོ་ཁ།༽
༢ སངས་རྒྱས་ཡེ་ཤེས། ༼ཁམས།༽
སྤྱི་ལོ༡༩༧༧ལོར། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་བརྗེ་ལེན་འཐུས་མི།
༡ རག་རྡི། ༼ནག་ཆུ།༽

སྤྱི་ལོ༡༩༧༣ལོའི་སྤྱི་ཟླ་༨པའི་ཚེས་༢༤ནས་ཚེས་༢༨བར། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་འཐུས་མི།
༡ པ་སངས། ༼ལྷོ་ཁ།༽
༢ སངས་རྒྱས་ཡེ་ཤེས། ༼ཁམས།༽

སྤྱི་ལོ༡༩༦༩ལོའི་སྤྱི་ཟླ་༥པའི་ཚེས་༡ནས་ཚེས་༢༤བར། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་འཐུས་མི།
༡ སངས་རྒྱས་ཡེ་ཤེས། ༼ཁམས།༽

(རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*