“འཚོལ” པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བའི་སྐོར་ལ་འཆར་སྣང་ཐན་ཐུན།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་བསྟན་འཛིན་བསོད་ནམས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

(བོད་རིགས་གློག་བརྙན་བཟོ་མཁན་པདྨ་ཚེ་བརྟན་གྱིས་གསར་དུ་ཕབ་བསྐྲུན་བྱས་པའི་གློག་བརྙན་ “འཚོལ” ་ཞེས་པ་དེ་ནི་བསམ་བློར་སྐུལ་འདེད་ཀྱི་ནུས་པ་ལྡན་ཞིང་དེང་རབས་བོད་ཀྱི་ངོ་བོར་འགྱུར་ལྡོག་འབྱུང་བའི་རྣམ་པ་གསལ་པོ་མཚོན་པའི་གློག་བརྙན་ཞིག་རེད།)

པདྨ་ཚེ་བརྟན་ནི་རྒྱ་ནག་ནང་ཡོད་པའི་བོད་རིགས་གློག་བརྙན་བཟོ་མཁན་ཞིག་ཡིན་པས། ཁོང་ས་མཚམས་ཀྱི་མཐའ་ཐིག་ཕྲ་མོ་ཞིག་གི་བཅད་རྒྱ་ལས་བརྒལ་དགོས་བྱུང་ཡོད། ད་ནས་བཟུང་མུ་མཐུད་དེ་ཁོས་གློག་བརྙན་བཟོ་བསྐྲུན་བྱ་ཐུབ་མིན་ནི་རྒྱ་གཞུང་གི་དབང་འཛིན་པ་ཚོས་ཁོང་གིས་གཉེར་བའི་ལས་རིགས་ཀྱི་ཐད་ནས་སྲིད་དོན་ལྟ་བ་ཡང་དག་ཡིན་མིན་ངོས་འཛིན་བྱེད་ཚུལ་ལ་རག་ལས་ཡོད། ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བོད་རིགས་སྒྱུ་རྩལ་བ་དང་། རྩོམ་པ་པོ། གློག་བརྙན་བཟོ་མཁན་བཅས་ཀྱིས་སོ་སོར་སྲིད་གཞུང་གིས་ལྟ་རྟོག་ནན་པོ་བྱེད་ཀྱིན་ཡོད་པའི་དོགས་གཞིའི་འོག་ལས་རིགས་གཉེར་བའི་ཐད་སྔར་ལས་ལྷག་པའི་དཀའ་ངལ་ཆེན་པོ་འཕྲད་ཡོད། པདྨ་ཚེ་བརྟན་གྱི་ལས་རོགས་རྒྱ་རིགས་གྲོགས་པོ་རྣམས་ལ་ཡང་དང་བསྐྱར་དུ་དམ་བསྒྲགས་ཀྱིས་ཉེས་ཅན་གྱི་ཐོ་གཞུང་ནང་མིང་བཀོད་པ་མ་ཟད། པདྨ་ཚེ་བརྟན་གྱིས་གློག་བརྙན་གྱི་བརྗོད་བྱ་འདེམས་པ་དང་བརྗོད་དོན་གོ་སྒྲིག་བྱེད་པའི་ཐད་ནས་ཧ་ཅང་གཟབ་ནན་བྱ་དགོས་པར་གྱུར། ཨི་རན་གྱི་གློག་བརྙན་བཟོ་མཁན་ཨབྷ་སི་ཀེ་རོ་ས་ཊ་མི་(Abbas Kiarostami) ལྟར་རང་ཉིད་ཀྱི་ཕུགས་བསམ་མ་དོར་བའི་སྒོ་ནས་སྲིད་གཞུང་གི་དབང་འཛིན་པ་ཚོའི་འདོད་བློ་སྐོང་ཐབས་ཡོང་བ་ཞིག་ཅིས་ཀྱང་བྱ་དགོས། ཇ་ཧྥར་པ་ན་ཧི་(Jafar Panahi) ཉེ་ཆར་འཛིན་བཟུང་བྱས་པའི་གནད་དོན་དེ་ནི། རྒྱ་ནག་དང་ཨི་རན་ལྟ་བུའི་རྒྱལ་ཁབ་དག་གི་ནང་སྒྱུ་རྩལ་གྱི་བྱ་གཞག་གཉེར་མཁན་རྣམས་བཀག་རྒྱ་ལས་བརྒལ་བར་འཕྲད་པའི་མཇུག་འབྲས་ཀྱི་དན་རྟགས་ཤིག་རེད། པདྨ་ཚེ་བརྟན་གྱིས་གསར་དུ་ཕབ་བསྐྲུན་བྱས་པ། འཚོལ ་ཞེས་པའི་གློག་བརྙན་དེའི་ནང་ཁོང་གིས་ཕུལ་དུ་བྱུང་བའི་ཐབས་རྩལ་དང་བློ་གྲོས་ལ་བརྟེན་ནས་ཡིད་རྟོན་བྲལ་བའི་ལམ་བུ་ཞིག་བརྒྱུད་དེ་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་ཡོད།

“འཚོལ” ་ཞེས་པ་དེ་ནི་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་གློག་བརྙན་ཞིག་རེད། གློག་བརྙན་དེའི་ནང་འཆད་པའི་གཏམ་རྒྱུད་ལ་ཐད་ཀར་བལྟས་ན་གོ་དོན་ཧ་ཅང་རྟོགས་སླ་བའི་རྣམ་པ་ལྡན་ཡོད། དེའི་ནང་བོད་རིགས་གློག་བརྙན་བཟོ་མཁན་ཞིག་དང་མཉམ་དུ་ཚོང་པ་གཅིག་དང་། ལག་རོགས་གཅིག ཁ་ལོ་བ་གཅིག་བཅས་མི་བཞི་རླངས་འཁོར་ལ་བསྡད་དེ་ཨ་མདོའི་ཡུལ་གྱི་གྲོང་གསེབ་ཁག་བརྒྱུད་ནས་དམངས་ཁྲོད་དུ་སྙན་གྲགས་ཆེ་བའི་ཟློས་གར་དྲི་མེད་ཀུན་ལྡན་བརྗོད་བྱར་བཟུང་བའི་གློག་བརྙན་གསར་པ་དེའི་ནང་གི་མི་སྣ་གཙོ་བོ་འཁྲབ་མཁན་དག་འཚོལ་བསྡུ་བྱེད་དུ་སོང་། མང་ཚོགས་ཀྱིས་ཧ་ཅང་དགའ་མོས་བྱེད་པའི་གཏམ་རྒྱུད་དེའི་བརྗོད་བྱ་གཙོ་བོ་ནི་རྒྱལ་སྲས་དྲི་མེད་ཀུན་ལྡན་ཡིན་པ་དང་། ཁོང་གིས་རང་ཉིད་ཀྱི་ཆུང་མ་དང་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་སོགས་མདོར་ན་རང་ཉིད་ལ་བདོག་པའི་ལོངས་སྤྱོད་ཡོད་རྒུ་གཞན་དག་མགུ་བའི་སྦྱིན་པ་རུ་བསྩལ་གནང་མཛད་པ་མ་ཟད། ཐ་ན་རང་ཉིད་ཀྱི་སྤྱན་གཉིས་ཀྱང་སློང་བ་པོའི་རེ་འདོད་བསྐང་ཆེད་སྦྱིན་པར་མཛད། གློག་བརྙན་ནང་གི་མི་སྣ་གཙོ་བོ་དག་འཁྲབ་མཁན་འཚོལ་བསྡུ་བྱ་བར་སྐྱོད་པའི་ལམ་སྐབས་ནས་འཕྲད་པའི་གནས་ཚུལ་དག་ནི་གློག་བརྙན་དེའི་དངོས་གཞི་དང་མཐའ་དོན་ཡོངས་རྫོགས་བདེ་ལེགས་ངང་འགྲུབ་པའི་རྒྱུ་རུ་གྱུར་ཡོད། ཁོང་གིས་ཐོག་མར་བསྐྲུན་པའི་གློག་བརྙན་དེ་ཇི་བཞིན། འཁྲབ་སྟོན་གྱི་རྣམ་པའི་ཐད་ནས་འབུར་དུ་ཐོན་པའི་ཁྱད་ཆོས་དེ་ཙམ་མཐོང་རྒྱུ་མེད་མོད། གློག་བརྙན་དེའི་ནང་གཡོ་འགུལ་མ་ཐེབས་པའི་པར་ལེན་སྟངས་དང་། ཡུན་རིང་པོར་པར་བླངས་པ། ཐག་རིང་ནས་པར་བླངས་པ། དེ་བཞིན་ལྟ་མཁན་དང་འཁྲབ་མཁན་གྱི་བར་ཐག་འཇོག་ཚད་བཅས་ཀྱི་ཐད་ནས་རྨད་དུ་བྱུང་བའི་ཁྱད་ཆོས་ལྡན་ཡོད། པདྨ་ཚེ་བརྟན་གྱིས་ལྟ་མཁན་ཚོའི་ཡིད་དབང་ཅིག་ཅར་དུ་འདྲེན་པའི་སྒྱུ་རྩལ་མཚོན་ཐབས་ཀྱི་སྒྲིག་གཞི་དང་འགྲན་ཟླ་བྲལ་བའི་ཐབས་རྩལ་སྤྱད་ཡོད་པས། ལྟད་མོ་བ་ཡོངས་ཀྱི་ཡིད་སེམས་དབང་མེད་འགུག་པ་མ་ཟད། མཐར་ལྟ་མཁན་ཚོའི་སེམས་སུ་རེ་སྣང་དང་ལྷོད་ལ་མི་འབབ་པའི་ཚོར་བ་ཞིག་བསླངས་ཏེ་མཇུག་བསྡུས་ཡོད།

ཁོ་ཚོ་ས་བབ་མཐོ་བའི་ཨ་མདོའི་ཡུལ་གྱི་ས་རྡུལ་གྱིས་གཡོགས་པའི་གྲོང་དང་གྲོང་བརྡལ་དག་རིམ་པར་བརྒྱུད་ནས་འགྲོ་སྐབས། གཏམ་རྒྱུད་དང་འབྲེལ་བ་མི་འདུག་སྙམ་པའི་ལྐོག་གྱུར་གྱི་གནས་ཚུལ་མང་དག་ཅིག་ལ་འཕྲད། ཁོང་ཚོ་ལམ་བར་དུ་གཞོན་ནུ་མ་ཞིག་ལ་འཕྲད་པ་དང་། དེའི་སྐད་གདངས་རྒྱལ་སྲས་དྲི་མེད་ཀུན་ལྡན་གྱི་བཙུན་མོ་མན་དེ་བཟང་མོ་འཁྲབ་མཁན་ལ་ཧ་ཅང་འཚམ་པོ་ཡོད་པར་མཐོང་སྟེ། གློག་བརྙན་འཁྲབ་ཁྲིད་པ་ཁོང་ཧེབ་ལངས། འོན་ཀྱང་ཁོ་མོས་རང་ཉིད་ཀྱི་དགའ་རོགས་རྙིང་པ་དང་དེ་སྔ་མཉམ་གཞས་གཏོང་རོགས་ཏེ། དེང་སྐབས་ཁ་ཐག་རིང་པའི་གྲོང་རྡལ་ཞིག་ཏུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་པའི་ཕོ་གསར་དེ་ལ་ཐུག་ཐབས་བྱ་ཐུབ་ཚེ། གློག་བརྙན་ནང་གི་འཁྲབ་སྟོན་པ་བྱ་རྒྱུར་དང་ལེན་བྱ་ངེས་ཟེར། ཁོ་མོའི་བཞིན་རིས་ཀྱི་མཛེས་པ་དང་སྐད་ངག་གི་སྙན་ཆ་དེ་ཀུན་ལ་གྲགས་པ་ཞིག་ཡིན་ཡང་། གློག་བརྙན་ནང་ཁོ་མོའི་མགོ་སྐེ་དཀྲིས་ཤིག་གིས་བཏུམས་ཡོད་སྟབས་ང་ཚོས་ཁོ་མོའི་བཞིན་རས་མཐོང་མི་ཐུབ། ཡང་ནང་དོན་གཞན་ཞིག་ནི་ཚོང་པ་དེས་འཁྲབ་ཁྲིད་པ་ལ་ཕན་ཚུན་ཡིད་མ་ཆེས་པའི་གནས་སྟངས་འོག་ཆེས་ཐོག་མའི་བརྩེ་དུང་གི་འབྲེལ་བ་ཆད་པའི་གཏམ་རྒྱུད་ཅིག་འཆད་བཞིན་གྲོང་མཐའ་བརྒྱུད་ཁོད་མི་སྙོམ་པའི་གཞུང་ལམ་དེད་དེ་ནང་ཁྲོལ་ཚང་མ་ཡར་དཀྲུག་མར་དཀྲུག་བྱས་སོང་སྙམ་པའི་གསིག་རྡེབ་བྱེད་ཀྱིན་སོང་། རླངས་འཁོར་གྱི་རྒྱབ་དུ་བཙོག་པའི་བུད་མེད་གཞོན་ནུ་མ་དེ་དང་འཁྲབ་ཁྲིད་པ་གཉིས་ཀྱིས་ཚོང་པ་དེས་འཆད་པའི་སྒྲུང་ལ་རྣ་བ་བླགས་ཏེ་ཉན་ཡོད།

དེ་མིན་སློབ་གྲྭ་དང་། དགོན་པ། གྲོང་ཁྱིམ། ནང་མ་ཆང་ཁང་སོགས་སུའང་གློག་བརྙན་ནང་མཁོ་བའི་འཁྲབ་སྟོན་མི་སྣ་དག་བཙལ་ཏེ་ཐུག་འཕྲད་བྱེད་དུ་སོང་བ་དང་། ཐོག་མར་འཁྲབ་སྟོན་ཚོད་ལྟ་བྱེད་སྐབས་དང་བླང་གིས་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ནང་གི་སྐྱོ་ཉམས་ལྡན་པའི་དབྱངས་རྟ་ཐན་ཐུན་རེ་བླངས་པ་དེས། འཁྲབ་ཁྲིད་པ་དང་ཐུག་པའི་མི་སྣ་མང་པོ་ཞིག་གིས་རྣམ་ཐར་གྱི་དབྱངས་རྟ་དེ་བརྗེད་པར་གྱུར་བའམ་ཤེས་ཀྱི་མེད་ནའང་། ང་ཚོའི་བློ་ངོར་རྣམ་ཐར་དེ་ནི་ཡིད་དུ་འོང་བ་དང་སེམས་འགུལ་ཐེབས་པ་ཞིག་ཡིན་པའི་སྣང་བ་ངང་གིས་བསྐྱེད་ཡོང་བ་ཞིག་རེད། གློག་བརྙན་དེའི་ནང་འགོ་མཇུག་བར་གསུམ་གང་དུའང་རྒྱ་རིགས་གཅིག་ཀྱང་མཐོང་རྒྱུ་མེད་པ་དེ་དགའ་སྣང་སྐྱེ་བ་ཞིག་ཡིན་ནའང་། འཛམ་གླིང་དེང་རབས་ཅན་དུ་ཕྱོགས་པའི་འགྲོས་སུ་སྲོལ་རྒྱུན་གྱི་རིག་གནས་ཉམས་རྒུད་འགྲོ་བའི་འགྱུར་ལྡོག་གི་ཆ་དག་གསལ་པོར་མཐོང་ཐུབ། དེ་བཞིན་རྒྱལ་སྲས་དྲི་མེད་ཀུན་ལྡན་གྱི་ཆོས་སེམས་དག་པའི་གཏོང་ཕོད་དེར་འཁྲབ་ཁྲིད་པ་རང་ཉིད་ཀྱི་སེམས་སུ་ཡིད་ཆེས་ཅི་ཙམ་ཡོད་མེད་ལ་དོགས་སློང་བྱ་འགོ་ཚུགས་ཤིང་། ཚོང་པ་དེས་བཤད་པའི་བརྩེ་དུང་གི་གཏམ་རྒྱུད་དང་གཞོན་ནུ་མ་དེས་རང་ཉིད་ཀྱི་དགའ་རོགས་འཚོལ་བའི་ཆོད་སེམས་ཀྱིས་གསལ་འདོན་བྱས་པ་ལྟར་གསོ་ཐབས་བྲལ་བའི་འདི་སྣང་བརྩེ་དུང་གི་སེམས་གཅོང་དག་ལ་བློ་ཁ་ཕྱོགས་ཡོད། གློག་བརྙན་དེའི་ནང་མ་འོངས་པར་ཅི་ཞིག་འབྱུང་མིན་ཐད་ངེས་ཤེས་རྙེད་པ་དེས་བརྩེ་དུང་གི་འདུ་འབྲལ་ནི་མི་ཚེའི་ནང་རིང་མིན་ཡལ་འགྲོ་བའི་སྣང་ཚུལ་འབའ་ཞིག་ཡིན་པར་བསྟན་ཏེ་སྐྱོ་ཉམས་འབུར་དུ་ཐོན་ཡོད།

པདྨ་ཚེ་བརྟན་གྱི་གློག་བརྙན་ནི་བོད་ནང་དུ་བྲིས་རིས་སྒྱུ་རྩལ་དང་། རྩོམ་རིགས། རོལ་མོ་སོགས་ཀྱི་ཐད་ནས་རིམ་བཞིན་ཡར་རྒྱས་འགྲོ་བཞིན་པའི་དཔེ་མཚོན་ཁྱད་དུ་འཕགས་པ་ཞིག་རེད། ཆབ་སྲིད་རང་དབང་མེད་པའི་གནས་སྟངས་འོག འདིའི་ཤུགས་སུ་བོད་ཀྱི་ངོ་བོ་ཇི་བཞིན་མཚོན་པའི་ནུས་པ་ཁྱད་པར་བ་ཐོན་ཡོད་པ་དང་། དེ་ལྟར་བོད་ཀྱི་ངོ་བོ་ཇི་བཞིན་སྟོན་ཐུབ་པ་དེའང་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་ཏུ་གྱུར་ཡོད། པདྨ་ཚེ་བརྟན་འདུག་ས་པེ་ཅིང་ཡིན་ལ་ཁོང་གིས་གློག་བརྙན་བཟོ་ས་བོད་ནང་ཡིན་པ་རེད། འོན་ཀྱང་ང་རང་བཙན་བྱོལ་གྱི་ཡུལ་འདིར་བསྡད་དེ་བྱ་གཞག་གཉེར་གྱིན་ཡོད། ང་ལ་མཚོན་ན་ཁོང་གིས་ལས་གཉེར་བྱ་ཐབས་གཏན་ནས་མེད་པའི་བརྗོད་བྱ་རིགས་ལ་དཔྱད་འཇུག་བྱེད་པའི་རང་དབང་ཡོད་པ་རེད། འོན་ཀྱང་ཁོང་རང་གི་ཕ་ཡུལ་དུ་འགྲོ་འདུག་བྱེད་པའི་གོ་སྐབས་ཡོད་པས་འགྱུར་ལྡོག་འགྲོ་བའི་གནས་ཚུལ་ཚང་མར་ཐད་གར་རྒྱུས་ལོན་བྱེད་ཐུབ་ཀྱི་ཡོད། རྩ་བའི་ཆ་ནས་འདི་ལྟ་བུའི་ཁྱད་པར་ཞིག་ཡོད་ནའང་། ང་ཚོ་ཐུན་མོང་གི་བྱུང་རབས་དང་འགན་འཁུར་གྱིས་ཤ་རུས་གདོང་རྒྱུད་གཅིག་པའི་འབྲེལ་ཐག་འདི་ངང་གིས་གྲུབ་ཡོད། དེར་བརྟེན་ང་ཚོར་བར་ཁད་ཕྱེས་པའི་མི་འདོད་པའི་བཀག་རྒྱ་དག་ལས་ངལ་མེད་དུ་བརྒལ་ཐུབ་ཀྱི་ཡོད། གནད་དོན་འདིའི་ཐད་ འཚོལ ་ཞེས་པའི་གློག་བརྙན་ནང་དུ་བཙན་བྱོལ་བོད་ཀྱི་གཞས་པ་བཀྲས་ཆུང་གིས་བླངས་པའི་དབུས་གཙང་གི་སྲོལ་རྒྱུན་དམངས་གཞས་ཀྱི་རོལ་དབྱངས་སྤྱོད་པར་འབད་ཡོད། གནས་སྟངས་ཅི་འདྲ་ཞིག་གི་འོག་ལ་ཡིན་ཡང་བྱེད་ཐབས་འདི་ལྟ་བུ་ཞིག་ཡོང་དཀའ་མོ་རེད། རྒྱུ་མཚན་གཞས་པ་བཀྲས་ཆུང་ནི་བཙན་བྱོལ་དུ་སྡོད་མཁན་ཞིག་ཡིན་པ་དང་། ཁོང་གིས་བཏང་བའི་སྲོལ་རྒྱུན་གྱི་དམངས་གཞས་དེ་ནི་དབུས་གཙང་ཁུལ་དུ་མ་གཏོགས་ཨ་མདོའི་ཡུལ་དུ་གོ་ཐོས་མེད་པ་ལྟ་བུ་རེད། འོན་ཀྱང་རྣམ་པ་གསར་པ་འདིའི་ཁྲོད་བོད་ཆོལ་གསུམ་གྱི་ས་ཁོངས་ཡོངས་དང་། བོད་ཕྱི་ནང་གཉིས་ཀར་རིག་གཞུང་གོམས་གཤིས་ཀྱི་ཤུགས་རྐྱེན་ཐེབ་རེས་ཀྱི་ནུས་པ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། འདི་ནི་བོད་མི་ཚོ་མུ་མཐུད་དུ་མཐུན་སྒྲིལ་རྡོག་རྩ་གཅིག་བསྒྲིལ་ངང་གནས་ཐུབ་པའི་མཛའ་འབྲེལ་ཟབ་མོའི་དན་རྟགས་ལྟ་བུ་ཞིག་ཏུ་གྱུར་ཡོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*