བོད་དང་བདེ་སྐྱིད་ཀྱི་མངོན་འདོད་ལ་དཔྱད་པ།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
རྩོམ་པ་པོ་བྷ་ནཱ་སིན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཉེ་ཆར་རྒྱ་ནག་དབུས་གཞུང་གིས་བརྙན་འཕྲིན་བརྒྱུད་ནས་དཔལ་འབྱོར་གནས་བབ་ལ་ཞིབ་འཇུག་བྱས་པར་གཞིགས་ཏེ་རྒྱ་ནག་ནང་གི་བདེ་སྐྱིད་ཆེས་ཆེ་བའི་གྲོང་ཁྱེར་དག་གི་མིང་ཐོ་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེའི་ནང་ལྷ་ས་གྲོང་ཁྱེར་ནི་བདེ་སྐྱིད་ཆེས་ཆེ་བའི་གྲོང་ཁྱེར་ཞིག་ཡིན་པར་དྲིལ་བསྒྲགས་བྱས་ཡོད། འདི་ལྟར་ངོ་ཚ་ཁྲེལ་གཞུང་མེད་པར་ཡ་ང་བའི་གནས་སུ་གྱར་བའི་བོད་ནང་གི་བོད་མི་ཚོའི་གནས་སྟངས་ལ་འཁྱོག་བརྗོད་བྱས་ཡོད། ད་དུང་དེ་ལས་ཀྱང་ཧ་ལས་དགོས་པ་ཞིག་ནི། ཐེངས་འདིར་ལྷ་ས་གྲོང་ཁྱེར་ལ་བདེ་སྐྱིད་ཆེ་ཤོས་ཀྱི་མཚན་སྙན་ཕུལ་བ་དེ་ཐོག་མ་མིན་པར་མཚན་སྙན་འདི་འབུལ་ཐེངས་ལྔ་པ་ཡིན་པ་དེ་རེད། དཔྱད་བརྗོད་རྩོམ་ཡིག་འདིའི་དམིགས་ཡུལ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནུབ་མཐར་ཆགས་པའི་གྲོང་ཁྱེར་འདིའི་ནང་དཔྱད་ཞིབ་ཀྱི་སྙན་ཐོའི་ནང་བཏོན་པ་ཇི་བཞིན་དོན་དངོས་སུ་ཡིད་བརྟན་འཕེར་བའི་བདེ་སྐྱིད་ལྡན་མིན་དང་། དེ་ལྟར་བདེ་སྐྱིད་དང་ལྡན་པ་ཞིག་ཡིན་ཚེ་རང་ལུས་ཞུགས་འབུལ་གྱིས་སྲིད་གཞུང་ལ་ངོ་རྒོལ་བྱས་པ་དེ་དག་རྒྱུ་མཚན་དང་མི་མཐུན་པ་ཞིག་ཡིན་མིན། དེ་བཞིན་སྲིད་གཞུང་གིས་དྲིལ་སྒྲོག་བྱེད་པ་ཇི་བཞིན་དོན་དམ་པར་བོད་ཡུལ་བདེ་སྐྱིད་ལྡན་པ་ཞིག་ཏུ་བསྒྱུར་འདོད་ཡོད་མེད་བཅས་ཀྱི་ཐད་ཞིབ་འཇུག་བྱ་རྒྱུ་དེ་ཡིན།

རྒྱ་ནག་གིས་བོད་ཡུལ་ལ་བདེ་སྐྱིད་ལྡན་ཡོད་སྙམ་དོན།

ཞིབ་འཇུག་ཁྲོད་ཀྱི་གླེང་ཕྱོགས་གཙོ་བོ་ནི་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཞི་རུ་བཟུང་ཡོད་པ་དང་། དེ་བཞིན་ཧྲན་ཤི་ཞིང་ཆེན་གྱི་ལྟེ་བ་ཐའེ་ཡན། ཨན་ཧུའུ་ཞིང་ཆེན་གྱི་ལྟེ་བ་ཧའུ་ཧྥེ། ཐེན་ཅིན་ཐད་སྐྱོང་གྲོང་ཁྱེར། ཧུའི་ནན་ཞིང་ཆེན་གྱི་ལྟེ་བ་ཁྲེང་ཧྲ། ནང་སོག་རིགས་རང་སྐྱོང་ལྗོངས་ཀྱི་ལྟེ་བ་ཧུའུ་ཧི་ཧོ་ཐུག་བཅས་ཀྱང་ཞིབ་འཇུག་བྱ་ཡུལ་དུ་བཟུང་ཡོད། དེ་ལས་ལྷ་ས་ནི་མང་ཚོགས་རྣམས་སོས་དལ་བག་ཕེབས་ངང་སྡོད་པའི་དུས་ཚོད་ཆེས་མང་བའི་གྲོང་ཁྱེར་ཞིག་ཡིན་པར་བསྒྲགས་ཡོད་པ་དང་། མང་ཚོགས་རྣམས་ལྷོད་སྡོད་བྱེད་པའི་དུས་ཚོད་མང་ཆེ་བ་དྲ་རྒྱ་སྔོག་པ་དང་བརྙན་འཕྲིན་ལྟ་བ་སོགས་སུ་སྤྱོད་ཀྱིན་ཡོད་སྐོར་བརྗོད་ཡོད། འོན་ཀྱང་རྒྱུ་མཚན་འདི་ཡང་དག་པ་ཞིག་ཏུ་བགྲང་མི་ཐུབ། ཅིའི་ཕྱིར་ཞེ་ན་གནད་དོན་འདིའི་ཐད་ཁྱིམ་ཚང་100,000 ཙམ་ཞིག་གི་ཁ་གྲངས་བགྲང་པ་ཙམ་ལས་ཁོ་ཚོས་དུས་རྟག་ཏུ་ལྟ་སའི་བརྙན་འཕྲིན་རིགས་གང་ཞིག་ཡིན་པའི་ཐད་དབྱེ་ཞིབ་བྱས་མེད་པ་དེ་རེད། (བརྙན་འཕྲིན་དེ་རིགས་ནི་མང་ཚོགས་ཀྱིས་ཕྱི་རོལ་གྱི་འཇིག་རྟེན་ལ་ལྟ་བའི་སྒེའུ་ཁུང་དུ་གྱུར་ཡོད་པར་བརྗོད་ནའང་ཆོག)

རྒྱ་ནག་གཞུང་འབྲེལ་གྱིས་ཞིབ་འཇུག་བྱས་འབྲས་ལྟར་ན། ཕྱི་ལོ་༢༠༡༡ ལོའི་ལྷ་སའི་ཡོངས་འབབ་ནི་ཨ་སྒོར་དུང་ཕྱུར་3.52 ཟིན་པ་དང་དེ་ནི་རྒྱ་ནག་གི་སྒོར་དུང་ཕྱུར་22.21 ཡིན་འདུག་ལ། ལོ་རེའི་འཕར་ཚད་བརྒྱ་ཆ་14.6 ཡིན་པ་དང། གཞི་རིམ་མང་ཚོགས་ཀྱི་ལོ་རེའི་ཆ་སྙོམས་ཡོང་འབབ་རྒྱ་ནག་གི་སྒོར་6019 (ཨ་སྒོར་958.53)ཡིན། དེར་བརྟེན་ཕྱི་ལོ་༢༠༡༡ ལོའི་ཡོང་འབབ་དེ་ནི་ཕྱི་ལོ་༢༠༡༠ ལོ་དང་བསྡུར་ན་བརྒྱ་ཆ་20 འཕར་ཡོད་འདུག སྲིད་གཞུང་གིས་ཟས་རིགས་རིན་མེད་དུ་སྤྲོད་པ་དང་། སྡོད་ཁང་བསྐྲུན་པ། ཞིང་འབྲོག་ཁུལ་གྱི་བྱིས་པར་སློབ་ཡོན་མི་དགོས་པར་སློབ་སྦྱོང་གི་གོ་སྐབས་སྤྲོད་པ་སོགས་སྲིད་ཇུས་འདི་གསུམ་པོ་གཙོ་བོར་བཟུང་བས། འཚོ་གནས་ཇེ་ལེགས་དང་ལས་ཀ་གཉེར་བའི་གོ་སྐབས་མང་པོ་བསྐྲུན་ཡོད་སྐོར་ནན་བརྗོད་བྱས་ཡོད། ཕྱི་ལོ་༢༠༠༦ ནས་༢༠༡༠ དབར་སློབ་ཆེན་ཐོན་པའི་སློབ་མ་ཚོ་ལས་ཞུགས་བྱེད་པའི་ཆ་སྙོམས་ཟིན་ཚད་དེ་བརྒྱ་ཆ་84 ལ་སླེབས་ཡོད་ཚུལ་དང་། ད་དུང་ཉེ་བའི་ལོ་འགའི་ནང་རྒྱ་ནག་ནང་ཁུལ་གྱི་གྲོང་ཁྱེར་ཁག་ནང་སྡོད་ཁང་གི་ཁང་གླ་ཇེ་མཐོར་སོང་ཡོད་ནའང་། སྲིད་གཞུང་ངོས་ནས་ལྷ་ས་གྲོང་ཁྱེར་གྱི་སྡོད་ཁང་གི་ཁང་གླ་མི་འཕར་བར་རང་སོར་གནས་ཐབས་སུ་འབད་བརྩོན་བྱས་ཡོད་ཚུལ་སོགས་བཤད་ཀྱི་ཡོད། འོན་ཀྱང་སྲིད་གཞུང་ངོས་ནས་དཔལ་འབྱོར་གྱི་ཚད་གཞི་གོང་མཐོར་སོང་ཡོད་པ་དང་ཁོམ་ལོང་གི་དུས་ཚོད་ཡོད་ཚུལ་སོགས་བརྗོད་པར་གཞིགས་ཏེ་མང་ཚོགས་ཀྱི་གནས་བབ་ཡར་རྒྱས་ཕྱིན་ཡོད་པའི་ཚོད་དཔག་བྱས་ན་མི་འགྲིག དུས་རྒྱུན་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་ཡར་རྒྱས་ཕྱིན་ཡོད་ཚུལ་དང་ཡང་ཡར་རྒྱས་ཕྱིན་མེད་པར་ཡར་རྒྱས་ཡོང་ཆེད་མཐུན་རྐྱེན་སྦྱོར་གྱི་ཡོད་པར་བརྗོད་པ་དེས་གོ་ལྡོག་པའི་གནད་དོན་ཞིག་གསལ་བོར་སྟོན་གྱི་ཡོད།

འབྲི་ཆུའི་འབབ་རྒྱུན་ནམ་མུ་ཏིག་གཙང་པོའི་འབབ་རྒྱུན་དང་ཁ་ཐག་རིང་བའི་ས་ཁུལ་འདིར་གྲོང་ཁྱེར་མཐོང་རྒྱུ་མེད་པའི་སྣང་ཚུལ་འདིས། ས་གནས་འདིའི་མང་ཚོགས་ཀྱི་ཡོང་འབབ་མཐོ་ནའང་རིག་གཞུང་དང་ཆོས་ལུགས་ཀྱི་དགོས་མཁོའི་ཐད་གཏོང་བའི་དུས་ཚོད་ཧ་ཅང་དཀོན་པའི་བདེན་དོན་ར་སྤྲོད་བྱེད་ཀྱི་འདུག གནད་དོན་འདིའང་གླེང་གཞི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་དུ་གྱུར་ཡོད། ཉེ་བའི་ཆར་ཆབ་མདོའི་མངའ་ཁོངས་ཀྱི་སྨར་ཁམས་ཁུལ་དུ་ཁོར་ཡུག་ལ་གཏོར་སྐྱོན་ཆེ་བའི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཞིག་བསྐྱར་དུ་འགོ་བརྩམས་པར་བོད་མི་ཚོས་ངོ་རྒོལ་བྱས་ཏེ་རྒྱ་གཞུང་གི་དབང་འཛིན་པ་ཚོས་བཙན་གནོན་ཤུགས་ཆེན་བྱས་ཡོད། རྒྱ་མི་རིགས་ཡིན་ན་ས་ཆ་གང་སར་འགྲོ་འདུག་ཅི་ཞིག་བྱས་ཀྱང་ཆོག་པའི་རང་དབང་ཡོད་པ་རེད། དེས་ནི་སྲིད་གཞུང་ངོས་ནས་རྒྱ་རིགས་དང་བོད་རིགས་དབར་མི་རིགས་དབྱེ་འབྱེད་ཀྱི་ལྟ་སྟངས་ཡོད་པ་མཚོན་གྱི་ཡོད།

བོད་མི་ཚོས་བཙན་གནོན་བྱེད་ཀྱིན་འདུག་སྙམ་དོན།

རྒྱ་ནག་སྲིད་གཞུང་གི་གླེང་ཕྱོགས་དང་ལྡོག་པའི་གླེང་ཕྱོགས་གཅིག་ནི། གསར་འགྱུར་བརྒྱུད་ལམ་ཁག་(ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།)ཏུ་ལྷ་ས་ནི་བདེ་སྐྱིད་ཆེ་ཤོས་ཀྱི་གྲོང་ཁྱེར་ཡིན་པར་བསྒྲགས་རྗེས་བསྟུད་མར་བོད་བྱང་ཕྱོགས་ནག་ཆུ་ས་ཁུལ་གྱི་འབྲི་རུ་རྫོང་གཙོ་བྱས་པའི་ས་གནས་ཁ་ཤས་ལ་བདེ་འཇགས་དམག་དཔུང་འབོར་ཆེན་ཡོང་བའི་གནས་ཚུལ་ཐོན་པ་དང་། སྲིད་གཞུང་གིས་དྲག་ཆས་ཉེན་རྟོག་པ་འབོར་ཆེན་བཏང་སྟེ་མི་ཚོགས་འདུ་འཛོམས་ཆེ་ཞིང་བྲེལ་ཟིང་ཆེ་བའི་ས་ཁུལ་གང་སར་བརྟག་དཔྱད་ས་ཚིགས་བཙུགས་ནས། གནམ་ཐང་དུ་བརྟག་དཔྱད་བྱེད་པ་ཇི་བཞིན་བོད་མི་ཚོ་ས་གནས་གཅིག་ནས་གཅིག་ལ་འགྲུལ་བཞུད་བྱེད་པར་མགོ་ལུས་མེད་པར་གཟབ་ནན་གྱིས་བརྟག་དཔྱད་བྱེད་པ་དང་། དེ་ལྟར་བརྟག་དཔྱད་བྱེད་པ་དེས་གྲོང་ཁྱེར་དང་གྲོང་ཁྱེར་དེ་དང་ཉེ་བའི་ས་ཁུལ་ཚང་མ་བཙོན་ཁང་ཞིག་གི་རྣམ་པ་ལ་བསྒྱུར་འདུག
དེ་བཞིན་རྒྱ་ནག་དབང་འཛིན་པ་ཚོས་ཕྱི་ལོ་༢༠༡༢ ལོའི་ཟླ་༣ ནས་བོད་རང་སྐྱོང་ལྗོངས་མངའ་ཁོངས་ཀྱི་ས་ཁུལ་ཅིག་ནས་བོད་མི་༡༠༠༠ ལྷག་བཙོན་འཇུག་བཀག་ཉར་བྱས་ཡོད་པ་དང་། ཁོང་ཚོ་བཙོན་འཇུག་བཀག་ཉར་བྱེད་དོན་ནི། བོད་ཀྱི་རིག་གཞུང་སླར་གསོ་དང་གོང་སྤེལ་གྱི་ལས་རིགས་ནང་ཞུགས་པས་ཡིན་འདུག་ལ། དེ་བཞིན་གནས་ཚུལ་གཞན་ཞིག་ནི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གསང་བའི་གནས་ཚུལ་ཨ་རི་ལ་སྤྲད་པ་དང་། གཞས་བཏང་སྟེ་རྒྱ་ནག་གི་དབང་བསྒྱུར་འོག་བོད་མི་ཚོར་འཕྲད་པའི་དཀའ་སྡུག་བརྗོད་ཐབས་བྱེད་པ། ༸གོང་ས་ཏཱ་ལའི་བླ་མར་དད་བཀུར་མཚོན་པའི་སྐུ་པར་སྒྲིག་གཤོམ་བྱེད་པ་སོགས་ཁྲིམས་འགལ་ལ་བསྙད་དེ་བོད་མི་ཚོ་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་པ་དེ་རེད།

དོན་དངོས་གནས་ཚུལ་ལ་རྟོགས་དཔྱོད་བྱེད་ཀྱིན་ཡོད་མེད།

དོན་དངོས་གནས་ཚུལ་ཐོག་རྒྱ་གཞུང་གི་འགོ་ཁྲིད་ཚོས་ཡར་རྒྱས་དང་བདེ་སྐྱིད་ཀྱི་སྣང་བརྙན་ཞིག་དྲིལ་སྒྲོག་བྱེད་པ་དེ་བསྐྱར་ཟློས་ཡང་ཟློས་བྱེད་མི་སྲིད། ཞིབ་འཇུག་དེའི་ཆ་མང་དག་ཅིག་ལ་ནོར་འཁྲུལ་ཡོད་པ་ནི་སྨོས་མ་དགོས་ཏེ། དང་པོ། ཞིབ་འཇུག་ཁྲོད་དུ་སྤྱི་དམངས་ཀྱི་ཐོབ་ཐང་དང་། ཆོས་ལུགས་དད་མོས་རང་དབང་གི་ཐོབ་ཐང་། མི་སྒེར་གྱི་འགྲོ་བ་མིའི་ཐོབ་ཐང་ལྟ་བུའི་དབྱེ་བ་གང་ཡང་གསལ་ཁ་ཕྱེས་མེད། སྤྱིར་ཐོབ་ཐང་དེ་རིགས་ནི་སྲིད་གཞུང་ཞིག་དང་སྲིད་གཞུང་དེར་དགག་རྒྱག་བྱེད་པའི་འགལ་ཟླ་འདུམ་བྱེད་ཀྱི་གནད་འགག་གཙོ་བོ་ཡིན། འོན་ཀྱང་ཐོབ་ཐང་དེ་རིགས་རྩ་ཁྲིམས་ནང་འཁོད་ཡོད་པ་ཙམ་ལས་ལག་ལེན་བསྟར་གྱི་མེད། གཉིས། རྒྱ་ཡིན་ན་འདྲ་བོད་ཡིན་ན་འདྲ་སོ་སོའི་འདུ་ཤེས་འཛིན་སྟངས་ཐད་འགྱུར་བ་གང་ཡང་ཕྱིན་མེད་ལ། སྲིད་གཞུང་ངོས་ནས་རྒྱ་བོད་མི་རིགས་གཉིས་མཐུན་སྒྲིལ་མཉམ་གནས་ཡོང་ཐབས་སུ་འབད་བརྩོན་བྱས་མེད། ཇི་སྲིད་གནད་དོན་འདིའི་ཐད་སྲིད་གཞུང་ངོས་ནས་འགན་ཁུར་ཏེ་འབད་བརྩོན་མ་བྱས་པ་དེ་སྲིད་དུ་མང་ཚོགས་ཕན་ཚུན་དབར་ཁ་ཡོད་ལག་ཡོད་ཀྱི་འཆམ་མཐུན་ཡོང་བའི་གྲུབ་འབྲས་ཤིག་འབྱུང་དཀའ།
ད་དུང་སྲིད་གཞུང་ངོས་ནས་ཡར་རྒྱས་གཏོང་ཐབས་སུ་བསྙད་དེ་ལས་འཆར་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་ས་གནས་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཏུ་བསྒྱུར་ཆེད་ཡིན་པར་བརྗོད་ཀྱང་། ས་གནས་མང་ཚོགས་ཀྱི་སེམས་སུ་དེ་ལས་ལྡོག་པའི་ཕོག་ཐུག་བཏང་ཡོད། དབུས་གཞུང་གི་དབང་འཛིན་པ་ཚོས་གསལ་ཁ་མེད་པའི་བྱ་འགུལ་སྣ་ཚོགས་སྤེལ་ཏེ་ས་གནས་མང་ཚོགས་ཀྱི་ཡིད་ཆེས་དང་སྲོལ་རྒྱུན་གྱི་འདུ་ཤེས་ཉམས་པར་བྱེད་པའི་སྲིད་ཇུས་ཡིད་ལ་གཟན་པ་མང་དག་ཅིག་སྤེལ་གྱིན་ཡོད། དཔེར་ན། ཉེ་ཆར་ལྷ་སའི་གོང་དཀར་གནམ་ཐང་དང་ལྷ་སར་ཡོད་པའི་མཚོ་བོད་མེ་འཁོར་ལྕགས་ལམ་འབབ་ཚིགས་སུ་འཇིགས་སྐུལ་རིང་ལུགས་པ་འགོག་རྒོལ་བྱ་ཆེད་ཡིན་པར་བསྙད་དེ་སྦྱོང་བརྡར་བྱས་པ་དེས། ས་གནས་མང་ཚོགས་ལ་ཕོག་ཐུག་བཏང་ཡོད་པ་ལྟ་བུ་རེད།

སྲིད་གཞུང་གི་དབང་འཛིན་པ་ཚོ་དང་བོད་རིགས་མང་ཚོགས་ཚོའི་བསམ་བློའི་ནང་འཐབ་རྩོད་རྒྱུན་མར་འབྱུང་གི་ཡོད་པ་དེས། རང་ལུས་ཞུགས་འབུལ་བྱེད་པ་ལྟ་བུའི་མཇུག་འབྲས་བློ་ཡིད་ལས་འདས་པ་སྐྱེད་ཀྱིན་ཡོད། སྲིད་གཞུང་ལ་ཁེ་ཕན་ཆེ་ཤོས་ཀྱི་བྱེད་ཐབས་ནི་རང་སྐྱོང་ལྗོངས་མངའ་ཁོངས་ཀྱི་མང་ཚོགས་ལ་བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་པོ་ཡོད་པ་ལྟ་བུའི་སྣང་བརྙན་རྫུན་མ་ཞིག་བསྐྲུན་ཐབས་བྱེད་པ་ལས། གནད་དོན་དངོས་ལ་གཞིགས་ཏེ་ཁུངས་འཁྱོལ་པོ་དང་ནུས་པ་ཐོན་པའི་དཀའ་རྙོག་སེལ་ཐབས་ཤིག་འཚོལ་རྒྱུ་དེ་རེད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*