མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་དེ་ཇི་ལྟར་མེད་པར་གཏོང་ཐུབ་བམ།

(རྒྱ་གཞུང་གིས་བོད་ལ་བཟུང་པའི་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་དེ་ཇི་ལྟར་མེད་པར་གཏོང་ཐུབ་བམ།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
རྩོམ་པ་པོ་ཀྲུ་རའུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ང་ཐོག་མར་ཁེ་ན་ཌར་འབྱོར་སྐབས་གཞུང་ཚབ་ཀྱིས་གསར་དུ་འབྱོར་བའི་ང་ཚོའི་སྡེ་ཁག་དང་ཐུག་འཕྲད་ཀྱིས་ “ཁྱེད་རང་གི་ཐོབ་ཐང་ལ་ཤེས་རྟོགས་”ཞེས་བཀོད་པའི་འགྲེམ་ཡིག་རེ་སྤྲད་བྱུང་།དེའི་ཚན་པ་གཅིག་གིས་ང་ལ་དམིགས་བསལ་དོ་སྣང་ཞིག་སྤྲད་བྱུང་པ་དེར“གཞན་གྱིས་ཁྱེད་ལ་དབྱེ་འབྱེད་མཐོང་ཆུང་བྱེད་པའི་ཚོར་སྣང་ཡོང་སྐབས། ག་རེ་བྱ་ངེས་? ”ཞེས་བྲིས་འདུག འོག་ཏུ་ཁེ་ན་ཌའི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་(CHRC)འབྲེལ་གཏུག་ཁ་པར་ཨང་གྲངས་དང་གློག་འཕྲིན་ཁ་བྱང་སོགས་ཀྱང་བཀོད་འདུག སྐབས་དེར་ངའི་ཉེ་འགྲམ་དུ་ཡོད་པའི་རྒྱ་རིགས་ཕོ་གསར་ཞིག་གིས་ཤུགས་རིང་ཞིག་རྔུབ་སྟེ། “ལྟོས་དང་། ཁེ་ན་ཌ་གཞུང་ནི་ཅུང་གནས་ལུགས་ཅན་ཞིག་འདུག་”ཟེར། གོང་གི་སྐད་ཆ་དེ་བཤད་འཕྲད་མི་གཞན་ཞིག་གིས་“འདི་ནི་དེ་འདྲའི་གནས་ལུགས་ཅན་ཞིག་མ་རེད། འོན་ཀྱང་། ཁོ་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་པ་རེད་”ཅེས་ཟུར་ཟའི་ཚུལ་གྱིས་ཕོ་གསར་དེའི་སྐད་ཆར་ནོར་བཅོས་བྱས་སོང་།

རྗེས་སུ་ཁེ་ན་ཌ་གཅིག་པུ་མིན་པར། སྔོན་ཐོན་ཅན་གྱི་མི་རིགས་ཧ་ལམ་ཚང་མའི་ནང་མི་རིགས་དབྱེ་འབྱེད་འགོག་སྲུང་གི་ཁྲིམས་ལུགས་རིགས་ཡོད་པ་དང། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་ཌུར་བྷན་གྱི་ཡོངས་ཁྱབ་གསལ་བསྒྲགས་དང་ལག་བསྟར་ལས་གཞི་གཏན་འབེབས་བྱས་ཏེ་ལོ་བཅུ་ཧྲིལ་བོ་འཁོར་བའི་རྗེས་སུ། ད་དུང་སྔ་ལོའི་ཕྱི་ཟླ་དགུ་བའི་མི་རིགས་དབྱེ་འབྱེད་རིང་ལུགས་དང་གྲལ་རིམ་མཐོང་ཆུང་ལ་ངོ་རྒོལ་གྱི་ཚོགས་འདུ་བསྐངས་ཏེ། མི་རིགས་དཀར་ནག་དབྱེ་འབྱེད་རང་བཞིན་གྱི་ཁྲིམས་བཟོ་ནི་འགྲོ་བ་མིའི་རིགས་ལ་རྒོལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་དུ་ངོས་འཛིན་བྱས་པ་སོགས་ཤེས་རྟོགས་བྱུང་།

དེས་ན། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དག་ནི་བོད་མི་མང་སྟེང་མི་རིགས་དབྱེ་འབྱེད་ཀྱི་མཐོང་ཆུང་གི་ལངས་ཕྱོགས་བཟུང་པ་ཙམ་མིན་པར། སྒྲིག་གཞི་གསར་བཟོས་ཐོག་བོད་རིགས་མི་མང་ལ་མི་རིགས་གཞན་དག་ལ་ཡོད་པ་ནང་བཞིན་གྱི་ཐོབ་ཐང་འདྲ་མཚུངས་མེད་པ་ཁ་གསལ་སྟོན་གྱི་ཡོད། དེ་ལྟ་བུའི་འདྲ་མཉམ་མིན་པའི་སྲིད་ཇུས་ཤེས་རྟོགས་བྱ་རྒྱུར་དུས་ཡུན་རིང་པོར་ཕྱིར་མིག་བལྟ་དགོས་དོན་མེད་པར། ༢༠༠༨ནས་སྤྱི་བཏང་གི་བོད་མི་ཞིག་རང་ཁྱིམ་ནས་གཞན་དུ་འགྲོ་རྒྱུར་གཞུང་གི་བདེ་སྲུང་དམག་མིའི་དམིགས་བསལ་རྟོག་ཞིབ་དང་། དུས་རྒྱུན་སྡོད་ཁང་གསར་རྒྱག་དང་རླངས་འཁོར་སྐྱོན་བྱུང་གུན་གསབ་(Insurance) ཡིག་ཆ། ལས་ཀ་འཚོལ་བ་སོགས་ལ་ངོས་ལེན་བྱེད་ཀྱི་མེད་པའི་རིགས་ཚང་མ་ཁོ་ཚོའི་འཛིན་བྱང་སྟེང་ “བོད་རིགས་”ཞེས་བྲིས་ཡོད་པའི་དབང་གིས་རེད། དེ་སྔོན་གྱི་མངོན་གསལ་མ་ཡིན་པའི་མི་རིགས་དབྱེ་འབྱེད་རང་བཞིན་གྱི་མཐོང་ཆུང་གི་རྣམ་པ་དེ་ཉེ་ལམ་ནས་མངོན་གསལ་ཇེ་ཆེ་དང་ཇེ་མང་གི་གཞི་རྟེན་རྒྱ་ཆེར་འདིང་བཞིན་ཡོད།

ཉེ་ལམ་འོད་ཟེར་ལགས་ཀྱི་ཟིན་བྲིས་དང་ཊི་ཝེ་ཊར་(Twitter) ནང་མི་ཞིག་གིས་བརྗོད་པར་ “གལ་སྲིད་ཁྱེད་རང་བོད་མི་ཞིག་ཡིན་ཚེ། ཁྱེད་ལྷ་སར་ཡོང་རྒྱུར་ཡིག་ཆ་མ་འདྲ་བ་ལྔ་ནས་དྲུག་དགོས་པའི་སྟེང་འཛིན་བྱང་གི་དཔང་རྟགས་དགོས་ཀྱི་ཡོད་ཀྱང་། ཡིག་ཆ་དེ་དག་རེག་རྒྱུ་ནི་ཧ་ལམ་མི་སྲིད་པ་ཞིག་ཆགས་ཡོད། གལ་སྲིད་ཁྱེད་རང་བོད་པ་མིན་ཚེ། ཁྱེད་རང་གནམ་གྲུ་དང་མེ་འཁོར། སྤྱི་སྤྱོད་རླངས་འཁོར། སྦག་སྦག མཐའ་ན་རྐང་ཐང་སོགས་ལ་དཀའ་ངལ་གང་ཡང་མེད་པར་ཅི་དགར་ཡོང་ཆོག་གི་འདུག ཡིན་དང་ཡིན། ཕྱི་གླིང་བ་ཚང་མར་ཁ་སྙན་མདོག་གིས་བོད་ནང་དུ་མ་སྡོད་ཟེར་གྱི་ཡོད་པ་རེད།” ཅེས་བཀོད་འདུག དེ་ནི། རྒྱལ་ས་ལྷ་སའི་ནང་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་(TAR) མ་ཡིན་པའི་བོད་ཀྱི་ས་ཁུལ་གཞན་དག་བཅས་ཀྱི་ནང་གི་དབང་འཛིན་པ་ཚོས་ས་གནས་གཞན་དག་ཏུ་ཡོད་པའི་བོད་མི་རྣམས་སོ་སོའི་ས་ཁུལ་དུ་ཕྱིར་འབུད་གཏོང་པའི་ལས་གཞི་ཙམ་མ་ཡིན་པར། བོད་རིགས་མི་མང་གིས་ངེས་པར་དུ་ལོངས་སུ་སྤྱོད་འོས་པའི་གཞི་རྩའི་ཆབ་སྲིད་དང་མི་སེར་གྱི་ཐོབ་ཐང་རྣམས་རེ་རེ་བཞིན་འཕྲོག་འགྲོ་བཞིན་ཡོད། ལག་ལེན་སྟེང་ནས་མི་རིགས་དབྱེ་འབྱེད་ཀྱི་རྣམ་པ་འདི་མགྱོགས་མྱུར་ངང་སྲིད་ཇུས་ཤིག་ཆགས་ཏེ། བོད་མིའི་འབྱུང་འགྱུར་གྱི་མི་ཐོག་འགའི་རིང་ཤེལ་གྱི་མཐའ་ལྕགས་བསྐྲུན་པ་ལྟ་བུའི་སྲིད་ཇུས་དེའི་འོག་ནས་བོད་མི་ཚོ་ཐར་ཐབས་མེད་པ་ཞིག་ཏུ་གྱུར་འདུག འོད་ཟེར་ལགས་ཀྱིས་ཊི་ཝི་ཊར་ནང་ “ཇེའུ་མི་རིགས་ལ་བཙན་ཤེད་ཀྱིས་ཌ་ཝེ་ཌི་ཡི་ཟུར་ལྔ་ཅན་གྱི་སྐར་མའི་རྟགས་ཅན་བྲང་ལ་འདོག་བཅུགས་པ་ལྟར་རེད། ང་ཚོ་གོན་མཚོན་དང་བདེ་སྲུང་མེད་པའི་མི་རིགས་ཤིག་ཡིན། འོན་ཀྱང་། རླབས་ཆེ་ཞིང་རྒྱ་ཆེ་བའི་འཛམ་གླིང་འདིའི་ནང་གི་སུ་གང་ང་ཚོའི་རྒྱབ་རྩར་ལངས་མཁན་མི་འདུག་”ཅེས་བྲིས་ཡོད།

གནད་དོན་འདིས་ང་ལ་དྲི་བ་འགའ་བསླངས་བྱུང་། དེ་ནི། མི་རིགས་དབྱེ་འབྱེད་རིང་ལུགས་དང་གྲལ་རིམ་མཐོང་ཆུང་གི་བྱ་སྤྱོད་ནི་འཛམ་གླིང་གི་མི་ཀུན་གྱིས་འགྲོ་བ་མིའི་རིགས་ཀྱི་ངོ་ཚ་ཞིག་ཏུ་བརྩི་བཞིན་པའི་དུས་རབས་ཤིག་ཏུ་སླེབས་ཡོད་ནའང་། ག་རེ་བྱས་ནས་རྒྱ་ནག་གཞུང་གིས་ཧམ་པ་ཚ་བོས་བོད་མི་མང་ལ་མ་རབས་རང་བཞིན་གྱི་དབྱེ་འབྱེད་མཐོང་ཆུང་གི་སྲིད་ཇུས་འཛིན་གྱི་ཡོད་དམ།

དེ་སྔོན་ལྷོ་ཨ་ཧྥི་རི་ཀས་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་སྲིད་ཇུས་ཐོག་མར་འགོ་བརྩམས་པའི་སྐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་ཚོད་དམ་འཛིན་བྱས་ཏེ་སྲིད་ཇུས་དེར་ཤུགས་ཆེན་པོས་ངོ་རྒོལ་བྱས་ཤིང་། རྒྱལ་ཁབ་ཁག་གིས་མི་རིགས་དཀར་ནག་དབྱེ་འབྱེད་སྲིད་ཇུས་འཛིན་མཁན་གྱི་རྒྱལ་ཁབ་ལ་ལངས་ཕྱོགས་གཅིག་གྱུར་ཐོག་ངོ་རྒོལ་གྱིས། ཚོང་འབྲེལ་དང་ཕྱི་འབྲེལ་བཅད་དེ་ཁེར་རྐྱང་དུ་ཕུད་པ་དེས་རིམ་བཞིན་ནོར་འཁྲུལ་ཅན་གྱི་སྲིད་ཇུས་དེ་ཕྱིར་འཐེན་བྱས་དགོས་བྱུང་ཡོད། དུས་རབས་ཉི་ཤུ་བའི་དུས་དཀྱིལ་དུ་ཧེ་ཐི་ལར་( Hitler ) གྱིས་ཇེའུ་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལ་རྒྱལ་སྤྱིའི་ཁྱོན་ནས་དེ་བས་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་རུ་བྱུང་། དེ་ནི། ཁོང་གི་མི་རིགས་དབྱེ་འབྱེད་ཀྱི་བྱ་ཐབས་རིགས་ནི་འགྲོ་བ་མིའི་རིགས་ཀུན་ལ་བཟོས་པའི་འཇིགས་ཉེན་ཞིག་ཡིན་པ་ངོ་འཕྲོད་པས་རེད། འཛམ་གླིང་མི་མང་ཚང་མ་ཡར་ལངས་ཏེ་མཐར་ཧེ་ཐི་ལར་རྩ་མེད་བཟོས་ཡོད། དོན་རྐྱེན་དེ་འདྲའི་འོག་རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་དག་མི་རིགས་དབྱེ་འབྱེད་རིང་ལུགས་པའི་བྱ་སྤྱོད་ཡིན་པ་ཤེས་བཞིན་དུ་ག་རེ་བྱེད་ནས་རྒྱ་གཞུང་གི་སྲིད་ཇུས་དེ་དག་བོད་ནང་སྤེལ་ཐུབ་པ་རེད་དམ། དེ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནད་ལ་འཁེལ་བའི་སྐད་ཆ་མ་བཤད་པ་ཡིན་ནམ། ང་ལ་ད་དུང་འགོག་ཐབས་མེད་པའི་དྲི་བ་ཞིག་ཡོད་པ་ནི། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་རིགས་དབྱེ་འབྱེད་འགོག་སྲུང་དམིགས་འབེན་དུ་བཟུང་སྟེ། “མི་རིགས་དབྱེ་འབྱེད་ལམ་ལུགས་རིགས་རྩ་མེད་བཟོ་ཆེད་འགོ་འཛུགས་བྱས་པའི་རྒྱལ་སྤྱིའི་ལྷན་ཚོགས” ལྟ་བུའི་ལས་གཞི་འགོ་འཛུགས་དང་གྲོས་ཆོད་གཏན་འབེབས་བྱས་པ་རྣམས་ཕྱི་ཚུལ་གྱི་རྣམ་པ་སྟོན་ཆེད་ཙམ་རེད་དམ། གསལ་བོར་ཤེས་ཐུབ་པ་ནི། འཛམ་གླིང་སྟེང་ཚང་མ་རྒྱ་ནག་གི་དཔལ་འབྱོར་ཁེ་ཕན་གྱི་བྲན་གཡོག་ཏུ་གྱུར་ཡོད་པ་དེ་རེད།

དེང་གི་དུས་འདིར་བོད་ནི་རྒྱལ་སྤྱིའི་སྤྱི་ཚོགས་ནང་གནས་ལུགས་ལྡན་མིན་དང་དྲང་བདེན་ཡིན་མིན་གྱི་ཚོར་ཤེས་ཅན་གྱི་གླེང་གཞི་ཞིག་ཏུ་གྱུར་ཡོད། རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་དང་འབྲེལ་བའི་གནད་དོན་སྣ་ཚོགས་ཤིག་གསར་འགྱུར་བརྒྱུད་ལམ་གང་སར་ཐོན་དང་ཐོན་མུས་རེད། འོན་ཀྱང་། རྒྱ་ནག་སྟེང་སླེབས་ཡོང་སྐབས་དམར་པོའི་སྲིད་གཞུང་ལ་ཕྱི་ཕྱོགས་ནས་དཔལ་འབྱོར་གྱི་འགོག་རྐྱེན་(Sanctions) སྤྲད་པའི་གནས་ཚུལ་གོ་རྒྱུ་མེད་ལ། འཛམ་གླིང་གང་ས་ནས་རྒྱ་གཞུང་ལ་སྐྱོན་བརྗོད་ག་རེ་བྱེད་ཀྱི་ཡོད་མེད་གང་ལྟར། གྲུབ་འབྲས་ཡོད་པ་ཞིག་བྱེད་ཐུབ་མེད།

མཆན། ཌུར་བྷན་གྱི་ཡོངས་ཁྱབ་གསལ་བསྒྲགས་དང་ལག་བསྟར་ལས་གཞི་ཞེས་པ་ནི་༢༠༠༡ ལོར་ལྷོ་ཨ་ཧྥི་རི་ཀའི་རྒྱལ་ས་ཌུར་བྷན་(Durban) ནང་གི་ཚོགས་ཆེན་སྐབས། འཛམ་གླིང་ནང་གི་མི་རིགས་དབྱེ་འབྱེད་རིང་ལུགས་པར་ངོ་རྒོལ་རྩ་མེད་གཏོང་པའི་ཁྲིམས་ལུགས་དང་ལག་བསྟར་ལས་གཞི་གཏན་འབེབས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་དེར། ཡོངས་གྲངས་སུ་ཌུར་བྷན་ཡོངས་ཁྱབ་གསལ་བསྒྲགས་དང་ལག་བསྟར་ལས་གཞི་ཟེར། ཌ་ཝེ་ཌི་ཡི་ཟུར་ལྔ་ཅན་གྱི་སྐར་མའི་རྟགས་ཅན་(Star of David) ཞེས་པ་དེ་ཟུར་ལྔ་ཅན་གྱི་སྐར་མའི་རྟགས་ཤིག་ཡིན་པ་དང་། ཇེའུ་མི་རིགས་གཞན་ལས་ངོ་འཕྲོད་ཕྱིར་ཧེ་ཐི་ལར་གྱིས་བཙན་ཤེད་ཀྱིས་ཟུར་ལྔ་ཅན་གྱི་སྐར་མའི་རྟགས་དེ་ཇེའུ་མི་རིགས་ཡིན་ཕྱིན་བྲང་ལ་འདོག་བཅུགས་པ་ཞིག་ཡིན།

(ཀྲུ་རའུ་ནི་ཁེ་ན་ཌར་གནས་སྡོད་རྒྱ་རིགས་བུད་མེད་རྩོམ་པ་པོ་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཞིག་ཡིན་ཞིང་། སྔ་ལོའི་ཕྱི་ཟླ་༣ནང་པར་སྐྲུན་བྱས་པའི་ “སྔ་མའི་ལྷ་སའི་ནང་གི་བདེ་སྐྱིད་ལྡན་པའི་དུས་སྐབས”ཚུད་པའི་རྩོམ་ཡིག་དང་སྙན་ངག དཔྱད་རྩོམ། སྒྲུང་དེབ་སོགས་མང་པོ་ཞིག་ད་སྔ་པར་དུ་བསྐྲུན་ཡོད། ཁོ་མོ་ནི་རྒྱ་ནག་བྱང་ཤར་ས་ཁུལ་ཞིག་ཏུ་སྐྱེས་ཤིང་། རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་དཔྱད་ཞིབ་བྱས་ཏེ་ལོ་མང་བོད་དུ་བསྡད་མྱོང་ཡོད་འདུག་ལ། དུས་འདིར་ཁེ་ན་ཌའི་ཁཱལ་གྷ་རེའི་ནང་གཏན་སྡོད་བྱེད་ཀྱི་ཡོད་པ་རེད།)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*