ཞིབ་བཤེར་དང་བོད་ཀྱི་རང་དབང་འཐབ་རྩོད།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
རྩོམ་པ་པོ་བསྟན་འཛིན་ཉིན་བྱེད།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།


“རྒྱ་ནག་གི་ཞིབ་བཤེར་སྲིད་ཇུས་ནི་བཟང་སྤྱོད་ཀྱི་སྟེང་ནས་ནོར་འཁྲུལ་ཆེན་པོ་ཞིག་དང་། རྒྱ་ནག་མི་དམངས་ཐེར་འབུམ་༡.༣་ཙམ་ལ་དངོས་ཡོད་གནས་ཚུལ་དེ་ཤེས་པའི་ཐོབ་ཐང་ཡོད།”
“གངས་ཅན་སྐྱིད་གཤོང་ལ་བཀག་སྡོམ་ཅན་ནི་དཔེ་ཆ་དང་རང་བཙན་གཉིས་ཡིན།”

དེ་རིང་ཞོགས་པར་ངས་ངོ་དེབ་སྟེང་དུ་ཨ་རིར་ཡོད་པའི་བོད་རང་བཙན་ལས་འགུལ་བ་ཞིག་གིས་བོད་ཀྱི་རང་བཙན་འཐབ་རྩོད་ལ་ཐུགས་ཁུར་གནང་མཁན་སྐུ་ཞབས་ཧན་རེས་བོས་(Henry wu)དང་བུ་ཨར་ཁི་རི་ཤི་ན་ཨེ་ཡིར་(V R Krishna lyer)གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ཡིག་ཆ་དེ་དག་གི་ནང་དུ་རང་བཙན་ལྟ་བུའི་མིང་ཚིག་ཞིབ་བཤེར་བཀག་སྡོམ་བྱས་ཡོད་པ་དེར་སེམས་ཁུར་བྱེད་ཀྱི་ཡོད་པ་ལུང་འདྲེན་བྱས་འདུག ཧ་ལས་དགོས་པ་ཞིག་ལ་བློ་ཡུལ་ལས་འདས་བའི་བདེན་དོན་འདིར་ཁོང་གི་ངོ་དེབ་སྟེང་གི་བོད་རིགས་གྲོགས་པོ་ཚོས་དོ་སྣང་ཆེན་པོ་དེ་ཙམ་བྱས་མེད་པ་དེ་རེད། ངའི་སེམས་ཚོར་ལྟར་ན་དེ་ནི་དབུ་མའི་ལམ་གྱི་སྲིད་བྱུས་དྲིལ་བསྒྲགས་ཀྱིས་བོད་མི་རྣམས་ཀྱི་རང་བཙན་ལ་ཕྱོགས་པའི་བློ་དེ་ཐ་ན་དབུ་ཁྲིད་དེ་ཚོའི་སྐྱུག་བྲོ་བའི་ཨོར་བེས་ལན་(༡)གྱི་ཞིབ་བཤེར་བྱེད་སྟངས་ལྟ་བུ་ལྷང་ལ་བུད་ཀྱང་མཉམ་འཇོག་མི་བྱེད་པའི་ཚད་དུ་ཞི་བར་བྱེད་ཐུབ་བྱུང་བ་རེད།

བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་དེ་འདྲའི་བདེན་དོན་འགེབས་པའི་བྱ་གཞག་ལ་ཁ་གཏད་དུ་ལངས་མཁན་ནི་ཕྱི་མི་ལས་བོད་མི་རང་མ་ཡིན་པ་ནི་ངོ་གནོངས་དགོས་བ་ཞིག་རེད། ཐ་ན་ང་ཚོའི་གཞུང་གི་ངོས་ནས་དེ་འདྲའི་བཟང་སྤྱོད་དང་འགལ་བའི་ལས་ཀ་བྱེད་བཞིན་པ་དེ་ཚོར་སྐྱོན་བརྗོད་བྱེད་པའི་བསམ་བློ་ཙམ་ཡང་ང་ཚོར་མེད་པ་ནི། ང་ཚོའི་ལེགས་ཉེས་འབྱེད་པའི་བློ་མིག་དེ་ག་ཚོད་ཉམས་པ་དང་འཐབ་རྩོད་ཀྱི་གྲལ་ནས་ག་ཚོད་ཕྱིར་ཕུད་ཡོད་མེད་ཀྱི་གནད་དོན་ཞིག་རེད་སྙམ་གྱི་ཡོད།

ང་ཚོ་ཚང་མར་རྒྱུས་མངའ་ཡོད་པ་ཞིག་ནི་བོད་ཀྱི་དབུ་ཁྲིད་རྣམ་པས་བདུན་ཅུ་དོན་གྲངས་ནས་བཟུང་བོད་ཀྱི་རང་བཙན་འཐབ་རྩོད་དོར་བ་དང། ཕྱི་ལོ་༡༩༨༨ལོར་ཧྥ་རན་སིར་བཏོན་པའི་སེ་ཏ་སུ་པག་གི་གྲོས་འཆར་གྱིས་གཞུང་འབྲེལ་ཐོག་ནས་རང་བཙན་འཐབ་རྩོད་དོར་བ་སྤྱི་བསྒྲགས་བྱས་པ་རེད། རང་བཙན་འཐབ་རྩོད་དོར་བའི་གནད་དོན་དེ་༢༠༠༡ནས་༢༠༡༡དབར་མཁས་དབང་ཟམ་གདོང་རིན་པོ་ཆེའི་བཀའ་ཁྲིའི་ལས་འཁུར་སྐབས་སུ་ལག་ལེན་ཐོག་བོད་མི་ཚོའི་དྲན་ཡུལ་ནས་གཏིང་བརྗེད་ཀྱི་འཆི་ལམ་དུ་འདེད་ཤུགས་ཇེ་ཆེར་བཏང་བ་མི་མང་པོ་ཞིག་ལ་གསལ་ཆ་མེད་ཀྱང། དུས་སྐབས་དེའི་༢༠༠༣་ཡས་མས་སུ་ང་རང་གསར་དུ་སློབ་ཐོན་གྱི་སློབ་མ་ཞིག་གི་ངོ་བོར་ས་ར་མཐོ་སློབ་ནས་དངོས་སྦྱོང་བྱས་རྗེས་གཞུང་ཞབས་ལ་གསར་དུ་ཞུགས་སྐབས་གནས་ཚུལ་དེ་སྒེར་ངོས་ནས་ཉམས་སུ་མྱོང་བྱུང། ཁོ་བོ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་པར་སྐྲུན་སྡེ་ཚན་གྱི་རྩོམ་སྒྲིག་པ་དང་ཡིག་སྒྱུར་བར་ལས་བགོས་བྱས་བྱུང།སྡེ་ཚན་དེ་འདས་པོ་བསྟན་དར་ལགས་ཀྱིས་སྣེ་ཁྲིད་འོག་ཡོད་ལ། དུས་དེ་བར་དུ་དབུ་མའི་ལམ་གྱི་སྲིད་ཇུས་ས་ཁྱབ་རྡོ་ཁྱབ་ཡིན་མིན་ལ་མ་ལྟོས་པར་རྒྱ་ནག་གིས་བོད་ནང་དུ་བཙན་འཛུལ་དང་མི་སེར་སྤེལ་བའི་རིང་ལུགས་ལག་བསྟར་བྱས་པའི་བདེན་དོན་ལ་ནམ་ཡང་མ་གཡོལ་བའི་ཡིག་ཆ་དག་འགྲེམས་སྤེལ་བྱས་འདུག དཔེར་ན། རྒྱ་ནག་གིས་བོད་ནང་ལག་བསྟར་བྱས་བའི་མི་སེར་སྤེལ་བའི་རིང་ལུགས་དང་ང་ཚོའི་ཁྱིམ་གཞིས་ཉམས་རྒུད་ཀྱི་རྒྱུ་རུ་གྱུར་བའི་མདོ་དབུས་མཐོ་སྒང་གི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བཅས་ཀྱི་ཐད་ལ་སྐྱོན་བརྗོད་དང་ཐེར་འདོན་གྱི་ཡིག་ཆ་གང་མང་པར་བསྐྲུན་བྱས་འདུག

ཡིན་ནའང་། ལོ་ཟླ་ཡུན་གྱིས་འདས་དུས་གློ་བུར་དུ་པར་བསྐྲུན་གྱི་ནང་དོན་དག་ལ་འགྱུར་བ་ཕྱིན་སོང།ཟམ་གདོང་རིན་པོ་ཆེས་བཀའ་བཀོད་འོག་གཞུང་འབྲེལ་ཡིག་ཆའི་ནང་གི་“མི་སེར་སྤེལ་བའི་རིང་ལུགས་”དང་”དྲག་དམག་གི་བཙན་འཛུལ་”བཅས་ཀྱི་ཚབ་དུ་“གཉིས་ཕན་གྱི་ཐབས་ལམ་”དང། “བོད་ནི་རྒྱ་ནག་གྲངས་ཉུང་མི་རིགས་དག་གི་ཡ་གྱལ་ཅིག་”ཡིན་པ།“རྒྱ་ནག་སྐམ་ས་ཆེན་པོ”། “བོད་ནང་གི་རྒྱ་ནག་སྲིད་གཞུང་”། “རྒྱ་ནག་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་གི་བོད་”ཅེས་པ་སོགས་མངོན་བྱུང།དངོས་ཡོད་ཐོག་བཀའ་ཁྲིས་གཙོ་སྐྱོང་བྱས་བའི་ཚོགས་འདུ་ཞིག་གི་ཐོག་ཏུ་རྒྱ་རི་རིན་པོ་ཆེ་མཆོག་གིས་ཕྱི་དྲིལ་ལས་ཁུངས་ཀྱི་གནད་ཡོད་གཞུང་ཞབས་དང་རྩོམ་སྒྲིག་པ་ཅིག་ལ་ཡིག་ཆ་དག་གི་ནང་དུ་མི་སེར་སྤེལ་བའི་རིང་ལུགས་མཚོན་པའི་གནད་ཚིག་དག་མུ་མཐུད་བསྐྱར་དུ་བེད་སྤྱོད་བཏང་ན་ལེགས་པའི་མངགས་བྱ་ཡང་བྱས་སོང། ཀླུ་མཁར་བྱམས་(ཁོང་བདེ་སྲུང་ལས་ཁུངས་ཀྱི་ལས་གནས་ནས་དགོངས་ཞུ་མི་བྱེད་ཐབས་མེད་བཟོས་བ་རེད།)ལྟ་བུའི་རྩོམ་པ་པོ་དག་གིས་འགྱུར་བ་འདི་དག་མཐོང་ཏེ་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་ཡོད་ཀྱང་།ང་ཚོ་མང་པོ་ཞིག་གིས་དོ་སྣང་དེ་ཙམ་བྱས་མེད།དེ་ལས་ལྡོག་སྟེ། ང་ཚོས་ཁོང་ནི་༸གོང་ས་མཆོག་གི་བཀའ་དགོངས་དང་འགལ་མཁན།རྒྱ་ནག་གི་མྱུལ་མ་ཡིན་རབས།བོད་ཀྱི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་མཁན།རྒྱ་ནག་ཇག་ཚོགས་ཀྱི་ལག་འོག་གི་མི་ཡིན་རབས་བཅས་གཞི་མེད་སྐྱོན་འཛུགས་གང་མང་བྱས་ཡོད།

དབུ་ཁྲིད་ལ་གུས་ཞབས་དང་དབང་ཐང་ལ་མགོ་སྒུར་བའི་གལ་ཆེན་རིང་ལུགས་ཀྱི་ལྟ་བ་བླུགས་པའི་ལམ་ལུགས་ཤིག་གི་འོག་ཏུ་འཚར་ལོངས་བྱུང་བའི་ང་ཚོ་ལྟ་བུར་མཚོན་ན་མི་མང་གི་ངོས་ནས་དེ་འདྲའི་རྒྱུན་འབྱམས་ཀྱི་ལྟ་ཚུལ་བཏོན་པར་བསམ་ཤེས་བྱེད་ཐུབ་བ་ཞིག་རེད། དངོས་ཡོད་གནས་ཚུལ་ཐོག་ང་ཚོ་ཚང་མས་དབུ་ཁྲིད་རྣམས་ནི་སྐྱོན་ཀུན་ཟད་ཞིག་དང་། རྡ་སའི་བོད་མིའི་སྒྲིག་འཛུགས་ཀྱིས་ང་ཚོར་བསྟན་པའི་ཁ་ཕྱོགས་ཀྱི་རྗེས་སུ་ཡིད་ཆེས་ཆེན་པོས་འབྲངས་འོས་སྙམ་པའི་བློ་ཞིག་དང་མཉམ་དུ་འཚར་ལོངས་བྱུང་བ་རེད། ང་ཚོས་དབུ་ཁྲིད་རྣམས་ཀྱང་ནོར་འཕྱུག་ཡོང་བའི་འགྲོ་བ་མི་ཞིག་ཡིན་པ་སེམས་ལ་མ་འཆར་བས་རང་ཉིད་ཀྱི་ལས་དབང་ཡོད་ཚད་ཁོང་ཚོ་ལ་བཅོལ་བ་རེད། དེར་བརྟེན། ང་ཚོས་དབུ་ཁྲིད་རྣམ་པ་ཁོ་ནར་སྐྱོན་བརྗོད་བྱེད་པ་མ་ཡིན་པར་ང་ཚོ་ལའང་སྤྱི་མཐུན་གྱི་འགན་འཁྲི་ཞིག་ཡོད།

རང་ཉིད་ཀྱང་རྨོངས་བློའི་དབང་དུ་ཆས་བའི་བཀའ་བརྩི་དང་ལེན་བྱེད་མཁན་གྱི་གཞུང་ཞབས་པ་ཞིག་གི་ངོས་ནས་མཚོན་ན།ང་ཚོའི་འཐབ་རྩོད་ཀྱི་སྲིད་ཇུས་དག་ནི་བཀའ་ཤག་གིས་རང་དབང་གི་སྒོ་ནས་ཐག་གཅོད་ཐོག་གཏན་འབེབས་བྱས་པ་ཞིག་ལ་ཡིད་ཆེས་བྱས་ཀྱང། རྗེས་སུ་རྒྱ་རི་རིན་པོ་ཆེ་དང་འཐབ་ཕྱོགས་གཅིག་གྱུར་ཁང་གི་དཔོན་པོ་ཀྲོའ་ཝེ་ཆིན་གཉིས་ཀྱི་དབར་ལ་བྱུང་བའི་གྲོས་བསྡུར་ཀྱི་སྒྲ་ཕབ་རིང་མོ་དག་བཤུས་ཏེ་དབྱིན་བསྒྱུར་བྱེད་བཅུག་སྐབས་མི་སེར་སྤེལ་བའི་རིང་ལུགས་སོགས་གཞུང་འབྲེལ་ཡིག་ཆའི་ནང་དུ་བེད་སྤྱོད་མི་ཆོག་པའི་བཀའ་རྒྱ་ནི་དམིགས་བསལ་རྒྱ་ཕྱོགས་ཀྱི་དབང་འཛིན་པ་དག་གིས་བཏང་བ་ཞིག་ཡིན་པ་གསལ་རྟོགས་བྱུང། བོད་རྒྱ་འབྲེལ་མོལ་ཆེད་བཟང་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་པའི་འབོད་ཚིག་འོག་ཏུ་རྒྱ་ནག་གི་གྲོས་མོལ་བྱེད་མཁན་རྣམས་ཀྱིས་བོད་ཀྱི་དབུ་ཁྲིད་དག་ལ་རྒྱ་ནག་གི་དཔོན་རིགས་རྣམས་ཕྱི་རྒྱལ་ལ་ལྟ་སྐོར་དུ་སྐྱོད་སྐབས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་མི་ཆོག་རབས་བཤད་པ་དང། གལ་སྲིད་ཆ་རྐྱེན་དེ་དག་བསྒྲུབ་ཐུབ་པ་ཡིན་ན།བོད་ཀྱི་དབུ་ཁྲིད་རྣམས་ཀྱི་མངོན་འདོད་དེ་སྐྱབས་མགོན་རིན་པོ་ཆེ་རྒྱ་ནག་རི་བོའི་རྩེ་ལྔར་གནས་གཟིགས་གནང་རྒྱུར་ཁ་ཡོད་ལག་ཡོད་ཀྱིས་བསམ་ཤེས་བྱེད་ཐབས་ཡོད་རབས་ཀྱང་བཤད་འདུག རྒྱ་ཕྱོགས་ནས་བོད་མི་སྐྱབས་བཅོལ་བ་དག་གིས་གལ་སྲིད་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དག་མཚམས་འཇོག་བྱས་ན་སྐྱབས་མགོན་རིན་པོ་ཆེ་གདན་འདྲེན་ཞུ་རྒྱུ་ཡིན་རབས་ཀྱིས་ཡིད་ཆེས་བསྐྱེད་པའི་བྱེད་སྟངས་དེ་བློ་གཅིག་སེམས་གཅིག་ཡིན་ཚུལ་ལ་ཕྱིར་འདང་ཞིག་བརྒྱབ་ན་རྒྱ་ནག་གི་གྲོས་མོལ་བྱེད་མཁན་རྣམས་ཀྱིས་ཝ་མོའི་གཡོ་སྒྱུ་རང་བཞིན་ལྡན་པའི་མགོ་གཡོག་མགོ་སྐོར་གྱི་ཐབས་ཇུས་ཤིག་ཡིན་པ་ད་ལྟ་ལྷང་ལ་བུད་བྱུང།

ང་ཚོ་ཚང་མས་བོད་རྒྱའི་དབར་གྱི་གྲོས་མོལ་དེ་དག་གི་མཇུག་འབྲས་གསལ་བོར་ཤེས་ཀྱི་ཡོད་པ་རེད། རྒྱ་ནག་གིས་སྐྱབས་མགོན་རིན་པོ་ཆེ་ནམ་ཡང་རྒྱ་ནག་རི་བོའི་རྩེ་ལྔར་གདན་འདྲེན་བྱས་མེད་ལ། རང་སྐྱོང་གི་ཆེད་དུ་གྲོས་མོལ་ནི་དེ་བས་ཀྱང་བྱས་མེད། དེ་ནི་ཁོང་ཚོས་གྲོས་མོལ་མགོ་མ་བཙུགས་པའི་སྔོན་ནས་བྱེད་རྩིས་བྱས་མེད། དེ་ལས་ལྡོག་སྟེ། ༢༠༠༨ལོའི་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་དག་ལ་དམག་དཔུང་གིས་དྲག་གནོན་བྱས་བ་རེད། དུས་དེ་ནས་བཟུང་བོད་ནང་གི་གནས་སྟངས་ད་ལྟའི་རང་ལུས་མེར་བསྲེག་གི་དོན་རྐྱེན་དང་མཉམ་དུ་ཡ་ང་བ་ཞིག་ཆགས་ཡོད།

ལོ་ངོ་བཅུ་ཕྲག་མང་པོས་རིང་ལ་རྒྱ་ནག་གི་བཙན་འཛུལ་དང་མི་སེར་སྤེལ་བའི་རིང་ལུགས་དོན་དངོས་ཐོག་ཉམས་སུ་མྱོང་མཁན་གྱི་བོད་ནང་གི་རྒྱ་ཆེའི་བོད་མི་རྣམས་ཀྱིས་དབང་བསྒྱུར་བ་དག་གིས་བཤད་པའི་སྐད་ཡིག་ནི་འཚེ་བ་དང་བཙན་གནོན་ཡིན་པ་ལས་གྲོས་མོལ་དང་ཞི་འགྲིག་མིན་པས།ཁ་ཡོད་ལག་ཡོད་ཀྱི་ཐབས་ཤེས་གཅིག་ཁོ་ན་ལྷག་པ་ནི་མགྱོགས་དལ་དང་ཞི་དྲག་གང་རུང་གི་རྒོལ་ལན་ཡིན་པ་གསལ་བོར་རྟོགས་ཀྱི་ཡོད།

༡ ཨོར་བེས་ལན(Orwellian)ཞེས་བ་ནི་རྩོམ་པ་པོ་སྐད་གྲགས་ཅན་ཇོར་ལྗེས་ཨོར་བེར་གྱི་སྙུག་མིང་ལས་ཟུར་ཆགས་པ་ཞིག་ཡིན། དེ་ཚིག་གཞན་ཞིག་དང་སྦྱར་ཚེ་སྤྱི་ཚོགས་ཀྱི་གུ་ཡངས་བའི་ཁོར་ཡུག་དང་།སྨྲ་བརྗོད་རང་དབང་རྨེག་མེད་བཟོ་བའི་གནས་བབ་ཅིག་ལ་ངོས་འཛིན་དགོས།

(བསྟན་འཛིན་ཉིན་བྱེད་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་བཀའ་ཤགདཔེ་མཛོད་ཁང་བཅས་སུ་ཞབས་ཞུ་བསྒྲུབས་མྱོང་བའི་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་ཡིན།)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 3 བཀོད་འདུག

3 Responses to ཞིབ་བཤེར་དང་བོད་ཀྱི་རང་དབང་འཐབ་རྩོད།

  1. ༡། རྒྱ་རི་རིན་པོ་ཆེ་དང་འཐབ་ཕྱོགས་གཅིག་གྱུར་ཁང་གི་དཔོན་པོ་ཀྲོའོ་ཝེ་ཆིན་གཉིས་ཀྱི་དབར་ལ་བྱུང་བའི་གྲོས་བསྡུར་ཀྱི་སྒྲ་ཕབ་རིང་མོ་དེ་ད་རུང་བོད་མིའི་སྒྲིག་འཛུགས་ཀྱི་གསང་མཛོད་ནང་ཉར་ཡོད་ཀྱི་རེད། ཡིན་ནའང་བསྟན་འཛིན་ཉིན་བྱེད་ལགས་ལ་སྒྲ་ཕབ་ཀྱི་ཡིག་ཆ་དེ་དག་ཡོད་ཚེ་ཕྱི་ལ་བསྒྲགས་པའི་དུས་རེད།
    ༢། ཟམ་གདོང་སྐབས་ཀྱི་བཟང་ཕྱོགས་ཁོར་ཡུག་སྐྲུན་པའི་ལེའུ་དེ་མཇུག་རྫོགས་ཚར་རེད། མིག་སྔར་བོད་ནང་གི་གནས་སྟངས་ལ་གཞིགས་ན་སྲིད་སྐྱོང་བློ་སེང་སྐབས་ལ་བཟང་ཕྱོགས་ཁོར་ཡུག་སྐྲུན་ཐབས་མེད་ལ་སྐྲུན་དགོས་བའི་བཀོད་ཁྱབ་མི་འདུག

  2. (བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་དེ་འདྲའི་བདེན་དོན་འགེབས་པའི་བྱ་གཞག་ལ་ཁ་གཏད་དུ་ལངས་མཁན་ནི་ཕྱི་མི་ལས་བོད་མི་རང་མ་ཡིན་པ་ནི་ངོ་གནོངས་དགོས་བ་ཞིག་རེད། ཐ་ན་ང་ཚོའི་གཞུང་གི་ངོས་ནས་དེ་འདྲའི་བཟང་སྤྱོད་དང་འགལ་བའི་ལས་ཀ་བྱེད་བཞིན་པ་དེ་ཚོར་སྐྱོན་བརྗོད་བྱེད་པའི་བསམ་བློ་ཙམ་ཡང་ང་ཚོར་མེད་པ་ནི། ང་ཚོའི་ལེགས་ཉེས་འབྱེད་པའི་བློ་མིག་དེ་ག་ཚོད་ཉམས་པ་དང་འཐབ་རྩོད་ཀྱི་གྲལ་ནས་ག་ཚོད་ཕྱིར་ཕུད་ཡོད་མེད་ཀྱི་གནད་དོན་ཞིག་རེད་སྙམ་གྱི་ཡོད།) ༅། གོང་གི་ཚིག་གྲུབ་འདི་ཅུང་ཐལ་མི་འདུག་གམ། བདེན་དོན་འགེབས་པའི་བྱ་བཞག་ཅེས་པ་དེ་དེང་གི་གཞུང་འབྲེལ་ཡིག་ཆ་དག་ཏུ་རང་བཙན་ཞེས་པ་མེད་པར་ཟེར་ན་གཞུང་འབྲེལ་སྲིད་ཇུས་ཀྱི་ཁ་ཕྱོགས་དབུ་མའི་ལམ་ཡིན་པ་གྲོས་ཚོགས་ཀྱིས་ཐག་བཅད་པའི་ཁྲིམས་རེད། དེ་བཀབ་པ་ཅང་མ་རེད་ཡོངས་གྲགས་རེད། དེ་མིན་སྔོན་གྱི་ཡིག་ཆ་དག་ཏུ་རང་བཙན་ཟེར་བའི་ཚིག་ཟོར་བཞག་ཡོད་པ་དངོས་སུ་ཀློག་དང་ཧ་གོ་ནི་རེད། བཟང་སྤྱོད་དང་འགལ་བའི་བྱ་བ་གང་ལ་གཞུང་ཞུགས་སོང་བསམ་བློ་ཞིབ་མོ་ཐོངས། རང་གི་གཞུང་ལ་ཡིད་ཆེས་ཡོད་པ་དེ་ཡག་པོ་རེད་བདེན་པ་དང་གནས་ལུགས་ལ་བཅོལ་བའི་ཡིད་ཆེས་བྱེད་རྒྱུ་ལས་རྨོངས་དད་བྱེད་མི་ཉན་པ་བདེན་པ་རེད། རང་གིས་ད་བར་དུ་མགོ་བསྐོར་འོག་ལ་ཚུད་པ་ལྟ་བུ་ཞིག་བཤད་ཀྱིན་པ་དེ་ཡག་པོ་ཅང་མ་རེད་། ཞིབ་ཏུ་བསམ་བློ་གཏོང་རན་འདུག་སྙམ།

  3. བསྟན་འཛིན་ཉིན་བྱེད་ཀྱི་འགན་འཁུར་ཡོད་པས་རྩོམ་ཡིག་སྤེལ་དགོས་པ་ལས། དེ་སྔའི་ལས་བྱེད་འབྲེལ་བའི་སྐད་ཆ་དེ་ཚོ་སྐབས་དུས་སུ་མ་བརྗོད་པའི་རྒྱུ་མཚན་ཅི་ཡིན་ནམ། ད་ཆ་མི་མང་ལ་བཙན་བྱོལ་སྒྲིག་ཚུགས་ཀྱིས་འདས་པའི་དུས་སུ་མགོ་སྐོར་གཏང་བ་ཡིན་ཚུལ་བརྗོད་པ་ཆེད་མ་རབ་མ་ཡིན་ནམ། འོས་བསྡུའི་ཐོག་ནས་ཐག་གཅོད་བྱས་པའི་ཁྲིམས་ལ་ལག་ལྟར་དེ་ལྟར་བྱེད་དགོས་པ་མ་ཡིན་ནམ། ཡང་ན་ཚིག་བེད་སྤྱོད་ཀྱིས་ད་བར་བོད་ནང་འགྱུར་བ་འགྲོ་རྒྱུ་བརྗོད་ན་དངོས་ཡོད་འཚམས་པའི་དཔྱད་བརྗོད་ཞིག་ཡིན་ནམ།

Write a Reply or Comment

Your email address will not be published. Required fields are marked *

*