བོད་ཀྱི་གྲྭ་བས་རང་ལུས་མེར་བསྲེགས་གཏོང་བ་དེས་ཅི་ཞིག་མཚོན་གྱི་ཡོད་དམ།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
རྩོམ་པ་པོ་ཀྲོའུ་རོའུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

༢༠༠༨ལོའི་རྗེས་སུ། གྲྭ་བ་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་བ་རེད། ཁོང་ཚོ་ནི་རྔ་བ་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེ་དང་ཕུན་ཚོགས། དཀར་མཛེས་ཏའོ་ཧྥུ་རྫོང་ཉི་མཚོ་དགོན་གྱི་ནོར་ཁོ༼ཚེ་དབང་ནོར་བུ།༽བཅས་རེད། འདི་ནི་ལོ་སྟོང་ཕྲག་རིང་གི་བོད་ཀྱི་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བའི་སྐྱོ་གར་ཞིག་རེད། ནང་པའི་གཞུང་དུ་གཏམ་རྒྱུད་འདི་འདྲ་ཞིག་ཡོད། བསྐལ་བ་གྲངས་མེད་པའི་སྔ་རོལ་ཏུ། རྒྱ་མཚོའི་ནང་དུ་རུས་སྦལ་ཞིག་དང་ཆུ་ཁར་གཡེང་བའི་གཉའ་ཤིང་ཞིག་ཡོད། གཉའ་ཤིང་དེ་ནི་རྒྱ་མཚོའི་རྦ་རླབས་དང་བསྡོངས་ནས་གཡོ་བསྐྱོད་བྱེད་ཀྱིན་ཡོད། རུས་སྦལ་དེ་ནི་ལོ་བརྒྱའི་ནང་དུ་ཆུ་ཁར་ཐེངས་གཅིག་ཐོན་གྱི་ཡོད། དེས་ན། རུས་སྦལ་འདི་ཆུ་ཁར་ཐོན་དུས་ཏག་ཏག་གཉའ་ཤིང་དེ་དང་འཕྲད་པ་དང་། མ་ཟད་མགོ་བོ་གཉའ་ཤིང་དེའི་ནང་དུ་ཚུད་སྲིད་དམ། ལན་དུ། ཁག་པོ་རེད། དེས་ན། སངས་རྒྱས་ཀྱིས་བཀའ་བསྩལ་བ། འཁོར་བའི་རྒྱ་མཚོ་འདིའི་ནང་དུ་མིའི་ལུས་རྟེན་འཐོབ་རྒྱུ་ནི་རུས་སྦལ་གྱི་མགོ་གཉའ་ཤིང་གི་ནང་དུ་ཚུད་པ་ལས་ཀྱང་དཀའ།

མི་ལུས་དེ་འདྲའི་ཐོབ་དཀའ་བའི་ཕྱིར། ནང་ཆོས་ལ་དད་གུས་ཆེ་བའི་བོད་མིས་རྒྱུན་དུ་ཐུན་མིན་གྱི་སྒོ་ནས་བརྩི་མཐོང་སྤྲོད་པ་སྟེ། གསོན་པོར་གནས་པའི་སྐབས་དང་བསྟུན་ནས་ནང་ཆོས་ལ་མང་དུ་ཐོས་པ་དང་དགེ་བའི་ལས་ལ་མང་དུ་བརྩོན་གྱིན་ཡོད། འོན་ཀྱང་། དེང་སྐབས་ཀྱི་བོད་༼ཐུ་བྷོད།༽ ནི་ནང་ཆོས་ལ་ཐོས་པ་དང་དགེ་བའི་ལས་ལ་བརྩོན་པའི་ཞི་བདེའི་ཚོ་ཁག་དེ་མ་རེད། ལོ་བཅུ་ཕྲག་སྔོན་ལ། ངས་བོད་དུ་བྱ་བ་སྒྲུབ་དུས་སུ། གྲྭ་བ་ཚད་ལྡན་དགོན་པ་ནས་ཕྱིར་ཕུད་བཏང་བ་དངོས་སུ་མཐོང་ལ། ས་ག་ཟླ་བའི་དུས་ཆེན་གྱི་སྐབས་སུ་ཉེན་རྟོག་པའམ་བདེ་སྲུང་གི་ལྭ་བ་གྱོན་མཁན་གྲོག་མ་ནང་བཞིན་བཀྲམས་ཡོད། དེའི་རྗེས་སུ། ཐ་ན་༧གོང་ས་ཏཱ་ལའི་བླ་མ་ཞེས་པའི་ཚིག་འབྲུ་དེ་དག་ཀྱང་རང་དགར་འབོད་མི་ཆོག་ལ། དེ་བས་ཀྱང་བརྗོད་མི་ཆོག དེའི་སྟབས་ཀྱིས། གཟའ་ལྷག་པའི་ཉིན་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་འཐུལ་བའི་ཇེ་ཞིམ་ནས་ཇེ་ཞིམ་དུ་འགྲོ་བའི་བསང་དུད་དེས་རྒྱུན་དུ་བདག་ལ་ཐུན་མིན་གྱི་བདེ་སྐྱིད་སྟེར་བ་མ་ཟད། སྡུག་བསྔལ་ཡང་སྟེར། དེ་ནི་སྐད་སྒྲ་མེད་པའི་དད་མོས་ཤིག་རེད། དེ་ནི་སེམས་ལ་སྦས་པའི་དད་གུས་རེད་ལ། མགོ་གནོན་བྱས་པའི་ཁྲོ་བའང་རེད།

༢༠༠༨ལོའི་ཟླ་༣པར། ངས་དྲ་ཐོག་ནས་བོད་མི་ཚོས་༧གོང་ས་ཏཱ་ལའི་བླ་མའི་སྐུ་པར་མགོ་ལ་བཏེགས་ནས་༧སྐྱབས་མགོན་རིན་པོ་ཆེ་རང་ཡུལ་དུ་གདན་འདྲེན་ཞུ་དགོས་ཞེས་པའི་འབོད་ཚིག་སྒྲོག་སྐབས། མཆི་མ་དབང་མེད་དུ་བཞུར་བྱུང་། རྒྱུ་མཚན་ནི། འདི་ནི་བོད་མིའི་སེམས་གཏིང་གི་འབོད་ཚིག་ཅིག་རེད་ཨང་། ཞི་རྒོལ་ནང་དུ་ཞུགས་མཁན་སུ་ཡིན་ཡང་བདེན་ཚིག་འདི་དག་བརྗོད་པའི་རིན་ཐང་ཞིབ་ཕྲར་རྟོགས་ཀྱི་ཡོད། དོན་དངོས་ཐོག ཕྱི་ལོ་༡༩༨༧དང་༡༩༨༨། ༡༩༨༩ལོ་བཅས་ཀྱི་གཅིག་མཚུངས་ཀྱི་འབོད་ཚིག་བོད་ཀྱི་ཞི་རྒོལ་སྐབས་མང་དུ་སློང་གི་ཡོད། རྒྱུ་མཚན་ནི་ཀྲུང་གུང་གཞུང་འཛིན་མི་སྣས་གནད་དོན་ལ་དྲང་པོའི་ཐག་གཅོད་ཅིག་རྩ་བ་ནས་མ་བྱས་པར་དེ་ལས་ལྡོག་སྟེ་བོད་མིའི་སྟེང་དུ་དྲག་ཤུགས་བཀོལ་བ་ལ་བརྟེན་ནས་ད་གཟོད་༢༠༠༨ལོར་བོད་ས་ཡོངས་རྫོགས་ལ་ཁྱབ་པའི་གཞི་རྒྱ་ཆེ་བའི་ཞི་རྒོལ་དེ་བྱུང་བ་རེད།
དེང་སྐབས། བོད་ཀྱི་གྲྭ་བས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་གཏོང་བ་དེས་བོད་ཀྱི་ས་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་བས་ཀྱང་ཛ་དྲག་ཅན་དུ་འགྱུར་གྱིན་པ་མཚོན་ལ། ཀྲུང་གུང་གི་གཞུང་འཛིན་མི་སྣས་༢༠༠༨ལོའི་བོད་ཁྱོན་ཡོངས་ཀྱི་ཞི་རྒོལ་ལ་གདམ་ག་མ་ཡིན་པའི་ཐབས་ལམ་ཞིག་གིས་འཁོན་ལན་སློག་གིན་པ་མཚོན།

ཐག་རིང་པོ་མི་བཤད། བཀྲ་བྷེ་དང་ཕུན་ཚོགས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་ལ་བརྟེན་ནས་རྔ་བ་ཀིརྟི་དགོན་དུ་གྲྭ་བ་ཚད་ལྡན་མང་པོ་དགོན་པ་ནས་ཕྱིར་ཕུད་བཏང་། དེང་སྐབས། བཙན་བྱོལ་བོད་གཞུང་གིས་གཞུང་འབྲེལ་གྱི་དྲ་ཐོག་ཏུ་རྒྱ་དམག་མི་འབོར་ཆེན་དང་གཞུང་འཛིན་མི་སྣ་ཀིརྟི་དགོན་པའི་ཕྱི་ནང་གཉིས་སུ་གནས་སྡོད་ཀྱིས་འཇིགས་སྐུལ་བྱེད་པ་དག་བཀོད་པ་རེད། ད་དུང་བཙན་ཤེད་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བ། ཐ་ན་གྲྭ་བའི་དུས་ཆེན་དང་གུང་གསེང་ཡང་མེད་པར་བཟོས་པ་སོགས་བཀོད་ཡོད།

དཀར་མཛེས་ཏའོ་ཧྥུ་རྫོང་ནི་སྔོན་མ་ཡིན་ན་ཞི་བདེ་དང་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཡིན། དེང་སྐབས། བོད་མིའི་ཆོས་དད་རང་མོས་དང་རྒྱུན་ལྡན་གྱི་འཚོ་བ་ལ་གང་འདོད་ཀྱིས་བཀག་སྡོམ་བྱས་པ་ལ་བརྟེན་ནས་ངོ་རྒོལ་ཡང་ཡང་འབྱུང་གི་ཡོད། རང་ལུས་མེར་བསྲེགས་བཏང་བའི་གྲྭ་ནོར་ཁོ་༼ཚེ་དབང་ནོར་བུ།༽ ཡོད་སའི་དགོན་པར་དེ་བས་ཀྱང་རྒྱ་དམག་འབོར་ཆེན་གྱིས་ཁེབས་ཡོད། གསར་འགྱུར་བརྒྱུད་ལམ་ཁག་ཆ་ཚང་བཅད་འདུག སྲིད་གཞུང་གི་མི་སྣས་ཐ་ན་དེ་སྔོན་མི་མང་ལ་བཙུགས་པའི་འཐུང་ཆུ་གཅོད་པ་དང་གློག་གཅོད་པ། དྲ་རྒྱ་གཅོད་པ་སོགས་ཀྱི་བྱེད་ཐབས་བཀོལ་ཡོད། གོ་ཐོས་སུ། སྲིད་གཞུང་གི་མིས་ཐ་ན་ནོར་ཁོའི་མེར་འཚིག་པའི་སྐུ་ཕུང་ཞུགས་འབུལ་གྱི་སྐབས་སུ་ཡང་དགོན་པ་གཞན་གྱི་གྲྭ་བཙུན་སྐུ་ཕུང་གི་ཉེ་འཁྲིས་སུ་བཅར་བ་དང་ཞུགས་འབུལ་དེར་ཞུགས་པར་བཀག་འགོག་བྱས་ཡོད། དེ་དང་ལྷན་དུ་དམག་མི་འབོར་ཆེན་ལམ་འགག་གཙོ་བོ་ཁག་ཏུ་གཏན་འཇོག་གིས་འགྲུལ་སྐྱོད་བྱེད་པའི་རླངས་འཁོར་དག་ལ་ཞིབ་བཤེར་ནན་མོ་བྱས་ཡོད་པ་དང་མི་སུ་ཡིན་ཡང་རང་དབང་གིས་ཏའོ་ཧྥུ་རྫོང་གི་ཕྱི་ནང་དུ་འགྲོ་རུ་འཇུག་གི་མེད།

བོད། ཡང་ན་ཐུ་བྷོད། ནམ་རྒྱུན་ནང་ཆོས་ཀྱི་ཆོས་སྒྲས་ཁྱབ་པ་དང་། འདབ་ཆགས་ཀྱི་སྐད་སྙན་སྒྲོག་ཅིང་མེ་ཏོག་གི་དྲི་ཞིམ་འཐུལ་བའི་ས་ཆ། དེང་སྐབས། གཤེད་ར་ཞིག་གམ་བཙོག་པས་ཁྱབ་པའི་ས་ཆ་ཞིག་ཏུ་གྱུར་ཡོད། འདི་ནི་ལོ་སྟོང་ཕྲག་ལྷག་གི་བོད་ཀྱི་ལོ་རྒྱུས་ཁྲོད་བྱུང་མྱོང་མེད་པའི་མུན་ནག་གི་དུས་སྐབས་ཤིག་ཡིན་ལ། དུས་རབས་ཉེར་གཅིག་པའི་འཛམ་གླིང་ཞི་བདེའི་ངོ་ཚ་ཞིག་ཀྱང་རེད། མི་ཚང་མ་ཡར་ལ་ལངས་ནས་ཀྲུང་གུང་གི་གཞུང་འཛིན་མི་སྣའི་དྲག་རྩུབ་ཀྱི་བྱེད་སྟངས་དེར་རྒོལ་གཏམ་གཏོང་རན་རེད། ན་གཞོན་གྲྭ་བ་ནོར་མཁོ་ཡི་རིན་ཐང་བྲལ་བའི་ཚེ་སྲོག་གི་འབུལ་སྐྱེས་ལ་སྨོན་ལམ་འདེབས་དགོས། སུ་ཞིག་ཁུ་སིམ་མེར་བསྡད་པ་ཡིན་ན་དེ་ནི་གདུག་རྩབ་ཀྱི་དབང་དུ་སོང་བ་དང་དཔའ་ཞུམ་པ་རེད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to བོད་ཀྱི་གྲྭ་བས་རང་ལུས་མེར་བསྲེགས་གཏོང་བ་དེས་ཅི་ཞིག་མཚོན་གྱི་ཡོད་དམ།

  1. མ་སངས་བརྩོན་རྒྱམ་ ནས།

    ཧ་ཅང་ཡག་པོ་བསྒྱུར་འདུག་པས་བཀྲེིན་ཆེ་ཞུ།

Write a Reply or Comment

Your email address will not be published. Required fields are marked *

*