རང་ལུས་མེར་བསྲེགས་ཀྱི་ཆབ་སྲིད་སེམས་ཁམས་རིག་པ།

(ལྷ་སྒྲུང་གི་ཆ་ཚད་དུ་སྤྲོས་བཏུབ་པའི་ངོ་ལོག་གི་བྱ་སྤྱོད་ཆུང་ཆུང་ཞིག)


(སྤྱི་ལོ་༢༠༡༠ལོར་རང་ལུས་མེར་བསྲེགས་བྱས་པའི་མོའོ་ཧ་མེ་ཌི བྷོ་རྫི་རྫི་ཡི་ཡུམ་གྱིས་ཁོའི་འདྲ་པར་བཟུང་བའི་རྣམ་པ།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
རྩོམ་པ་པོ་ཀོ་སི་གྲེས་ཁ རྦི་ར་རྡ་གྲན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཁོས་འདི་ལྟར་ཏེ། ལག་གཅིག་ཏུ་ཙག་སྒྲ་བཟུང་ཞིང་རྡོ་སྣུམ་ཤེལ་དམ་དེ་ལག་པ་གཞན་དེ་ཡིས་བཟུང་འདུག ཤེལ་དམ་གྱི་ཁ་གཅོད་ཕྱེ་བ་དང་ཐང་ལ་བླུགས་ཤིང་རང་ཉིད་སྦང་དུ་བཅུག་སོང་། ཁོས་ཡོད་ཚད་རང་ཉིད་ཀྱིས་ལོ་མང་པོའི་རིང་སྦྱོང་བརྡར་བྱས་པའི་འཆར་ཅན་གྱི་བྱེད་སྒོ་ཞིག་གི་ཆ་ཤས་ཇི་བཞིན་གོ་རིམ་དང་ལྡན་པའི་ངང་ག་ལེར་བྱེད་ཀྱིན་འདུག དེ་ནས་ཁོས་མཚམས་བཞག་སྟེ་ཕྱོགས་ཐམས་ཅད་ལ་ལྟ་བ་དང་ཙག་སྒྲ་རྐང་གཅིག་སྦར་སོང་།

སྐད་ཅིག་མ་འདིར་འཛམ་གླིང་འདིར་རང་ཉིད་དམར་མཆོད་བྱེད་མཁན་གཞན་ཀུན་ལས་ཕྲལ་བའི་བར་ཐག་སྐུམ་བཏུབ་མཁན་ཅི་ཡང་མེད། ཁོའི་གསོན་གནས་དང་རང་གཅེས་འཛིན་གྱི་བག་ཆགས་ལ་ཡོངས་སུ་དགྲ་རུ་ལངས་པ། མི་ཚང་མས་ཅི་ཞིག་རྩ་ཆེར་བརྩི་བ་དེར་རྡོག་རྫིས་གཏོང་བའི་ཐག་གཅོད། བདེ་བའི་ངང་རང་གི་ཚེ་སྲོག་གང་འདོད་ལྟར་བཀོལ་བར་མཐོང་བ་བཅས་ཀྱིས་ཁོང་ལ་སྤྲད་པ་ནི་ང་ཚོའི་ཤེས་རྟོགས་ཀྱི་ཚད་ལས་བརྒལ་ཙམ་མིན་པར། མིའི་རིགས་ཀྱི་སྤྱི་ཚོགས་ལས་ཀྱང་བརྒལ་བ་ཞིག་གོ། ད་ལྟ་ཁོང་ཡང་ང་ཚོ་མང་མང་གིས་འཚོ་གནས་ཀྱི་གཞི་རུ་མཐོང་བའི་ས་ཆ་ཞིག་ཏུ་འཚོ་སྡོད་བྱེད་ཀྱིན་ཡོད། ཡིན་ཡང་། ཁོས་དེ་གར་ང་ཚོ་ཟིལ་གྱིས་གནོན་པ་མཚམས་བཞག་མ་སོང་།

ཁོས་རང་ཉིད་མེ་རུ་སྦར་བ་དང་ཤ་གནད་གཅིག་ཀྱང་གཏན་ནས་འགུལ་མ་སོང་ལ། སྐད་ཆ་ཚིག་གཅིག་ཀྱང་ཐོན་མ་སོང་། རྣོ་ངར་ཅན་གྱི་འགལ་ཟླའི་ཁྲོད་ཀྱི་ཁོའི་ཕྱི་ཚུལ་གྱི་ལྷིང་འཇགས་དེ་མཐའ་བསྐོར་གྱི་མི་རྣམས་ཀྱི་ངུ་འབོད་དུ་གྱུར་འདུག

གསར་འགོད་པ་ཌེ་ཝི་ཌི ཧལ་བྷིར་སི་ཊམ་གྱིས་སྤྱི་ལོ་༡༩༦༣ལོར་སེ་མགོན་དུ་བེ་ཐི་ནམ་གྱི་ནང་པའི་བཙུན་པ་ཐེ་ཆི་ ཆང་སྒྲོའོ་ཁི་ཡིས་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་བའི་སྐོར་ལ། རང་ལུས་མེར་སྲེག་མཁན་ཁ་ཁུ་ཇེ་སིམ་དུ་གྱུར་བ་དང་ཁོའི་མཐའ་བསྐོར་གྱི་མི་རྣམས་ཀྱི་རྙོག་ཟིང་ཇེ་ཆེ་རེད། འདས་པོ་ཁོང་ཅི་ཡང་མེད་པ་ཞིག་ཏུ་འཐིམ་པ་འདྲ་ཡང་། འོན་ཀྱང་། ཁོའི་བྱ་སྤྱོད་དེ་ཡིས་རྗེས་ཕྱོགས་ཀྱི་མི་ཚེ་དག་གཏན་དུ་བསྒྱུར་བ་དང་། ཁོང་ཚོས་བློས་གཏོང་དང་ཡིད་འགུག། དྲག་ཤུལ་དང་མཐའ་མེད་པའིོ་བརྩི་བཀུར། འཚེར་སྣང་དང་འཇིགས་སྣང་བཅས་ཐམས་ཅད་སྐད་ཅིག་དེ་ཉིད་ལ་ཉམས་སུ་མྱོང་བ་དང་། ད་ནི་ཁོང་ཚོའི་སྟེང་དུ་ཁོའི་སྐྱི་གཡའ་བའི་མཐུ་རྩལ་གྱི་སྣང་བ་ཞིག་གྲུབ་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད།

ཉམས་མྱོང་དེ་ནི་ཧ་ཅང་དབང་ཆེ་བ་ཞིག་སྟེ། གང་ལགས་ཤེ་ན་དེ་ནི་མིའི་རྣམ་ཤེས་ཀྱི་གཏིང་རིམ་དུ་འཐིམ་ཡོད། རང་ལུས་མེར་བསྲེགས་ཀྱི་མདུན་དུ་སྲིད་དོན་ཁོ་ནར་ཤིན་ཏུ་ཞེན་པའི་ང་ཚོར་ཡང་སྐྱེས་བུ་དམ་པ་ཞིག་གི་གཞི་རྩའི་མྱོང་བ་ཞིག་སྣང་བར་བྱེད་ལ། དོན་ངོ་མར་སྐྱེས་བུ་དམ་པ་ཟེར་བ་ནི་ཆོས་དང་མི་འབྲེལ་བ་ཞིག་སྟེ། དེ་དང་མ་འབྲེལ་བར་ལོགས་སུ་འགྲེལ་བརྗོད་བྱེད་ལ། ང་ཚོས་འདི་ལྟར་རྩ་བ་ནས་ཐ་དད་པའི་གཞན་ལས་ཅི་ཞིག་ཚོར་བ་ནི་རྣོ་ལ་ཟུག་པའི་འཇིགས་སྐྲག་དང་ཟིལ་ཤུགས་སྣོལ་མ་ཞིག་རེད། རང་ལུས་མེར་བསྲེགས་ནི་གནད་ལ་འཁེལ་བའི་དོན་རྐྱེན་ཐུན་མུན་པ་ཞིག་སྟེ། རྒྱུ་མཚན་ནི་དེ་ཡིས་ང་ཚོའི་ལྷན་སྐྱེས་ཚུལ་འཆོས་ཀྱི་བརྩེགས་རིམ་ཟབ་མོའི་བློ་མིག་འབྱེད་པ་དང་། སྒྲ་དོག་པའི་དབང་དུ་བྱས་ན། གལ་སྲིད་ཚུལ་འཆོས་ཀྱི་དར་སྲོལ་ཞིག་ཡིན་རུང་། རང་ལུས་མེར་བསྲེགས་ཀྱིས་དཀོན་མཆོག་གིས་བོར་བའི་ང་ཚོའི་འཛམ་གླིང་ལྟ་བུའི་ནང་དུའང་སྐྱེས་བུ་དམ་པའི་མྱོང་བ་ལྡན་པར་བྱེད་དོ།།

རང་ལུས་མེར་བསྲེགས་ནི་རང་སྲོག་གཅོད་པ་དང་ཅུང་འདྲ། འཆར་སྣང་འདིའི་སྐོར་ལ་གོ་རིམ་ལྡན་པའི་ཞིབ་འཇུག་གནང་མཁན་སྤྱི་ཚོགས་རིག་པ་བ་ཉུང་ཤས་ཡོད་པ་ལས་སྐུ་ཞབས་མེ་ཆིལ བྷི་གྷི་མཆོག་གིས་རང་སྲོག་གཅོད་འདོད་མཁན་ཚོས་མེར་བསྲེགས་གཏན་ནས་མི་གཏོང་ཞེས་གསུངས་ཡོད། རང་ལུས་མེར་བསྲེགས་ནི་བསམ་བཞིན་དུ་བློ་ཐག་རྦད་ཆོད་ཀྱིས་ན་ཟུག་དང་བཅས་ཏེ་མི་བུ་སྒེར་གྱི་ངོ་ལོག་མངོན་མཚོན་གྱི་རྣམ་པ་ཞིག་ཡིན། ཁོར་ཡུག་ངེས་ཅན་ཞིག་ཏུ་རང་ལུས་མེར་བསྲེགས་གཏོང་མཁན་སྒེར་གྱི་བྱ་སྤྱོད་དེས་སྤྱི་ཚོགས་འོས་ལངས་ཆེན་པོའི་མེ་ཁ་གསོ་ངེས། ཐེ་ཆི་ ཆང་སྒྲོའོ་ཁི་ཡི་རང་ལུས་མེར་བསྲེགས་ཀྱིས་ལྷོ་བེ་ཐི་ནམ་གྱི་ནོ་གྷོ་ ཌིན་ ཌིམ་རྒྱལ་རྒྱུད་མགོ་རྟིང་སློག་པའི་གྲུབ་འབྲས་ཀྱི་རྐྱེན་བཟོས་པ་དང་། ལོ་དྲུག་ཁོ་ནའི་རྗེས་སུ་སི་རྫི་ཆིའི་(Czech)མཚན་ཉིད་རིག་པའི་སློབ་མ་ཇཱན་ པ་ལ་ཆི་ཡིས་རང་ལུས་མེར་བསྲེགས་ཏེ་ཨུ་རུ་སུ་མཉམ་སྦྲེལ་གྱི་དཔྱིད་ཀའི་ངེས་གཏན་གྱི་བཙིར་གནོན་ཞེས་པར་ངོ་རྒོལ་བྱས། ཁོང་གི་འཆི་རྐྱེན་གྱིས་སྐབས་དེར་རྒྱལ་རྒྱུད་ལ་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་མེད་ཀྱང་། སི་རྫི་ཆོ་སི་ལི་བི་ཡ་ཡི་དམར་ཤོག་ནང་ཁུལ་ལ་འགལ་ཟླ་ལངས་པའི་བྱ་སྤྱོད་ཁྱད་པར་བ་ཞིག་གི་རྣམ་པ་ཐོན་ཏུ་བཅུག ལོ་ཉི་ཤུའི་རྗེས་སུ་སྤྱི་ལོ་༡༩༨༩ལོར་སྲང་ལམ་གྱི་གྱེན་ལོག་ངོ་རྒོལ་པེ་ལེ་ཆིའི་བདུན་ཕྲག་ཞེས་པ་བྱུང་བ་དང་ལས་འགུལ་དེ་ཡིས་བེ་བལ་ཁྲི་གསར་བརྗེ་ཡི་གཡོ་འགུལ་བསླངས་པ་རེད། ཉེ་ལམ་སྤྱི་ལོ་༢༠༡༠ལོའི་སྤྱི་ཟླ་༡༢པའི་ནང་ཏོ་ནིའི་ཤི་ཡིའི་ན་གཞོན་སྲང་ལམ་གྱི་ཚོང་བ་མོའོ་ཧ་མེ་ཌི བྷོ་རྫི་རྫི་ཡིས་ཁོ་རང་ཉིད་མེ་རུ་སྦར་བ་ཙམ་མིན་པར་ཨ་རབ་ཡོངས་ལ་མེ་འབར་དུ་བཅུག་པ་དང་། ཁོང་གི་བྱ་སྤྱོད་ཀྱི་གྲུབ་འབྲས་ནི་ང་ཚོས་ད་དུང་ཡང་མཐོང་བཞིན་པ་རེད།

རང་ལུས་མེར་བསྲེགས་ནི་ནན་སྐུལ་དང་འཇིགས་དངངས་ཅན་གྱི་བྱ་སྤྱོད་ཅིག་རེད་མོད། འོན་ཀྱང་། མེར་བསྲེགས་དོན་རྐྱེན་བྱུང་ཐེངས་ཚང་མར་ཆབ་སྲིད་ཀྱི་གྲུབ་འབྲས་ཁྱད་དུ་འཕགས་པ་འབྱུང་བར་སྙོན་པ་ནི་ནོར་འཁྲུལ་ཏེ། མེ་ཆིལ་ བྷི་གྷི་མཆོག་གིས་སྤྱི་ལོ་༡༩༦༣རྗེས་ཀྱི་ལོ་བཅུ་ཕྲག་བཞིའི་རིང་མེར་བསྲེགས་དོན་རྐྱེན་ཕལ་ཆེར་བརྒྱད་བརྒྱ་ནས་སུམ་སྟོང་བར་བྱུང་ཟིིན་ལ། དེ་དག་གི་ཁྲོད་ནས་ཉུང་ཤས་ཙམ་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་ངེས་ཅན་བདོག་པའི་ཚོད་དཔག་གནང་ཡོད། རང་ལུས་མེ་རུ་བསྲེགས་ནས་འཆི་བ་ཉིད་ཆབ་སྲིད་ཀྱི་རྗེས་འབྲས་ཅན་དུ་བྱེད་པོ་གང་ནི་དེའི་ནུས་སྟོབས་ཁོར་ཡུག་ཅིག་གི་སྤྱི་ཚོགས་འཚོ་བའི་ལྟེ་ཕུར་དུ་འགྱུར་བ་དེ་ལ། རང་ལུས་མེར་བསྲེགས་ཀྱི་རྒྱལ་ཁ་དེའང་རང་ལུས་མེར་བསྲེགས་ནི་མེར་བསྲེགས་གཏོང་མཁན་ཙམ་གྱི་ཕྱིར་དུ་མིན་པ་མ་ཟད། དོན་རྐྱེན་འབྱུང་སའི་སྤྱི་ཚོགས་ཀྱི་ཕྱིར་དུ་ཡིན་ལ། དེ་ཡང་རང་ལུས་མེར་བསྲེགས་བྱེད་པོས་མི་བྱ་ཐབས་མེད་དུ་ངོས་འཛིན་པ་དང་། དེའི་རྣམ་འགྱུར་དང་བྱ་སྤྱོད་དེར་ནན་སྐུལ་བྱས་པས་ངོ་ཚ་བཟོ་བ་བཅས་ཀྱི་འདུ་ཤེས་ཁྲོད་མངོན་འགྱུར་འབྱུང་བ་རེད། དེ་བཞིན་སྐྱེས་བུ་སྒེར་གྱི་འཆི་ལམ་ཐག་ཆོད་པ་དེ་ཡིས་སུ་ཞིག་གི་སྐུ་ཚེ་ཡི་ལོ་རྒྱུས་དེ་སྐྱེ་དངོས་ཀྱི་བྱུང་བ་ཙམ་ལས་རྟོག་སྒྲུང་གི་དོན་རྐྱེན་གྱི་ཆ་ཤས་ཡར་སློང་པ་དང་སྤྱི་ཚོགས་ཆབ་སྲིད་ཀྱི་ཚེ་སྲོག་བསྐྱར་གསོ་བྱེད་པོར་བསྒྱུར་བ་རེད།

ཆབ་སྲིད་ཀྱི་ཐད་ནས་རྒྱལ་ཁ་བླངས་པའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཁག་ནི་ཐུན་མིན་གྱི་དོན་རྐྱེན་ཁག་ཡིན་ཞིང་། རྒྱལ་ཁ་ལ་ལག་དེབ་མེད་ལ། ཁོང་ཚོས་ནམ་ཞིག་ལ་རང་ལུས་མེར་བསྲེགས་གཏོང་བའམ་ཡང་ན་མི་གཏོང་བ་བཅས་ཀྱི་རྒྱུ་མཚན་འདོད་པ་ཁེངས་བ་ཞིག་འགྲེལ་བརྗོད་བྱེད་པའི་ཚན་རིག་ཀྱང་མེད། མཐུན་ཆོས་འདྲ་ཞིག་སྤྱོད་དགོས་ནའང་ཁོང་ཚོ་ནི་སྒྱུ་རྩལ་ཅན་གྱི་ལག་རྩལ་ཁྱད་འཕགས་ཀྱི་དངོས་རིགས་དང་ཡང་མི་འདྲ་བས། ཁྱེད་ཀྱིས་དེ་འདྲ་གཅིག་མཐོང་བའི་སྐབས་ཐོག་དེར་དེ་ལ་ངོས་འཛིན་བྱེད་ཆོག འོན་ཀྱང་། ཁོང་ཚོ་ནི་རྗེས་ཟློས་དང་བསྐྱར་ཟློས་བྱེད་མི་བཏུབ་པ་ཞིག་ཡིན་པས་དགོས་འདུན་ལྟར་བཤམས་སྟོན་བྱེད་མི་ཐུབ། བྷོ་རྫི་རྫི་དང་སྒྲོའུ་ཁིའུ། པ་ལ་ཆི་བཅས་ལ་རྗེས་ཟློས་བྱེད་མཁན་མང་མོད། རེད་དེ། ཁོང་ཚོས་ཐོག་མའི་མི་སྣ་གཙོ་བོ་དེའི་གྲིབ་གཟུགས་དེ་ལས་ཐོད་བརྒལ་བྱེད་མི་བཏུབ་ལ། ཅི་ཙམ་མང་བ་དེ་ཙམ་གྱིས་ཁོང་ཚོའི་བྱ་སྤྱོད་ཀྱི་གོ་དོན་ཡང་ཆུང་དུ་འགྲོ་བ་རེད།

འདི་ཡིས་གནད་དོན་ཞིག་འཁྱེར་ཡོང་བ་ནི་ཆབ་སྲིད་རྗེས་འབྲས་ཅན་གྱི་རང་ལུས་མེར་བསྲེགས་ནི་དུས་རྒྱུན་དུ་དེ་དག་རིམ་པའི་ཁྲོད་ཀྱི་ཐོག་མ་དེ་ཡིན་པ་དེ་ལ། སྤྱི་ལོ་༢༠༠༩ལོའི་ཟླ་༢པ་ནས་བཟུང་རྒྱ་ནག་ནང་གི་བོད་ཀྱི་ས་ཁུལ་སོ་སོ་ནས་ནང་པའི་བཙུན་པ་དང་བཙུན་མ་ཕལ་ཆེ་བའི་བོད་པ་ལྔ་བཅུ་ང་གཅིག་ཙམ་གྱིས་རང་ལུས་བསྲེགས་བྱས། རེད་དེ། ད་ལྟ་བར་དུ་ཁོང་ཚོས་ཆབ་སྲིད་ཀྱི་ངོ་མཚར་བའི་འགྱུར་བ་གང་ཡང་གཏོང་ཐུབ་མ་སོང་། རྒྱུ་མཚན་ཅི་ཡིན་ནམ། རྒྱུ་མཚན་ནི་རང་ལུས་མེར་བསྲེགས་ལྔ་བཅུ་ང་གཅིག་གམ་གཅིག་བྱས་ན་ལྔ་བཅུ་ལས་རྦད་དེ་མང་སྲིད། གང་ལྟར་བོད་པ་ཅི་ཙམ་མང་པོས་རང་ལུས་མེར་བསྲེགས་གཏོང་བ་དེ་ཡིས་ཁོང་ཚོའི་ཁྲོད་དུ་ཆང་སྒྲོའོ་ཁིའུ་དང་ཇཱན་ པ་ལ། ཡང་ན་་མོ་ཧ་མེ་སྒྲི་ བྷོ་རྫི་རྫི་ལྟ་བུ་མེད་པ་གསལ་བོ་ཆགས་ཀྱིན་འདུག

དངོས་ཡོད་གནས་ཚུལ་ནི་བོད་ནང་གི་དགོན་པ་ཁག་ཏུ་འབྱུང་བཞིན་པའི་ཆབ་སྲིད་ངོ་ལོག་གི་རྣམ་པ་ཅན་གྱི་རང་ལུས་མེར་བསྲེགས་ནི་གཅིག་བྱས་ན་མགོ་རྙོག་ལྟ་བུར་མཐོང་སྲིད་དེ། ནང་པ་སངས་རྒྱས་པས་ཡོངས་གྲགས་ཀྱིས་འཚེ་བ་སྤོང་བ་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་ནི་མངོན་གསལ་གྱིས་འགྲོ་བ་ཡོངས་ལ་སྙིང་རྗེ་སྒོམ་པ་གཞི་བྱས་པ་ཞིག་རེད། དགོན་པའི་ནང་འཛུལ་སྐབས་རྩ་བ་བཞི་གང་རུང་ཁས་བླངས་པའི་བོད་ཀྱི་གྲྭ་བ་ཞིག་གིས་གཏན་ནས་སྲོག་གཅོད་མི་སྲིད་ཅིང་། ཏཱ་ལའི་བླ་མ་མཆོག་གིས་ཆོས་ཀྱི་བློ་སྦྱོང་འདི་ལྟ་བུའི་རྒྱུ་མཚན་དང་ལྡན་པའི་རྗེས་མཐུན་གྱི་ཚད་མ་ནི་ གྷན་དྷི་ཡི་བདེན་པའི་ཨུ་ཚུགས་ཡིན་པར་ཡོངས་སུ་ཁས་ལེན་པ་རེད། ཡིན་ཡང་ཆོས་ལུགས་ཀྱིི་བྱ་བཞག་ཙམ་མ་ཡིན་པར་ཆབ་སྲིད་ཀྱི་འགྲེལ་བརྗོད་ནི་དེ་ལས་ལྷག་སྟེ། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དེ་ནི་དུས་རྒྱུན་དང་མི་འདྲ་བའི་བཙན་གནོན་དང་དྲག་གནོན་བྱས་པ་ཞིག་དང་། བོད་ཀྱི་ནང་པའི་དགོན་སྡེ་ཁག་ཞིང་བྲན་ལམ་ལུགས་དང་རྗེས་ལུས་སུ་བསྙད་དེ་ཐད་ཀར་དྲག་གནོན་བྱས་པ་ཞིག་ཡིན་ལ། དྲག་པོས་དྲག་པོ་ཁོ་ན་བསྐྱེད་ཅིང་། ཡོད་ཚད་འཇིགས་སྐྲག་གི་འོག་ཏུ་གནས་པའི་སྐབས་དེར་བཙན་རྒོལ་གྱི་རྣམ་འགྱུར་དེ་སྐབས་ལ་ལ་ཞིག་ལ་ནང་པ་སངས་རྒྱས་པ་ལས་ཐོན་ཡོད་པ་དང་། ལྟ་གྲུབ་ཀྱིས་དག་སྐྱེལ་བྱས་ཀྱང་བཙན་རྒོལ་གྱི་ཐད་ནས་མི་དམངས་བཅངས་གྲོལ་དམག་གིས་སྤྱི་ལོ་༡༩༥༠ལོར་བོད་ནང་ནས་ཆེས་ཐོག་མར་དངོས་སུ་མྱངས་པ་རེད། སྐབས་དེར་དགོན་པ་ཁག་གིས་ཕྱིར་རྒོལ་འཛིངས་བྱས་པ་དང་། དེ་ལས་ཀྱང་ཉེ་ཆར་གྱི་རང་ལུས་མེར་བསྲེགས་མང་ཆེ་བ་དགོན་པ་རུ་འབྱུང་གིན་ཡོད། དམར་ཤོག་གིས་ཁམས་དང་ཨ་མདོ་ལ་བཙན་འཛུལ་མ་བྱས་གོང་ས་ཁུལ་དེ་དག་གཏུམ་དྲག་འབར་བའི་རང་དབང་ཅན་གྱི་མི་དམངས་ཀྱིས་ཁེངས་ཡོད་ལ། འདས་བའི་ནང་དཔའ་བོ་དང་གྲྭ་བའི་མཉམ་སྡེབ་དེར་དབུས་སྲིད་གཞུང་གང་གིས་ཀྱང་ཁ་ལོ་བསྒྱུར་མི་ཐུབ་ཅིང་། ཁམས་པ་ཚོས་ཀྱང་མི་དམངས་བཅངས་འགྲོལ་དམག་ལྟར་སྡུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བཏུབ་ཀྱིན་ཡོད།

རང་ལུས་མེར་བསྲེགས་འདི་ཡིས་ཕྱོགས་ཡོངས་ནས་བྱ་སྤྱོད་ཅིག་གི་མཐའ་དང་ཁྱད་འཕགས་ཀྱི་རང་བཞིན་བསྟན་པ་དང་། ད་ལྟ་ཆབ་སྲིད་འཐབ་འཛིངས་ཀྱི་རྒྱུན་ལྡན་གྱིོ་བྱ་སྤྱོད་ཅིག་ཏུ་འགྱུར་གྱིན་པ་ནི་ཉེན་ཁ་ཅི་བས་ཆེ་བའི་འཕོ་འགྱུར་ཞིག་རེད། ད་དུང་རྒྱ་ནག་གི་མགོ་ཁྲིད་ཚོས་དམིགས་བསལ་གྱི་ཁེ་དབང་སྤྲོད་འདོད་ཀྱི་རྟགས་མཚན་གང་ཡང་མ་བསྟན་པས་བོད་མི་ཚོས་རང་ལུས་ལེར་བསྲེགས་མཚམས་འཇོག་བྱ་རྒྱུ་བློ་ལ་འཆར་མི་ཐུབ་པ་ཞིག་ཏུ་ཚོར་གྱིན་ཡོད། དོན་དངོས་སུ་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ནི་ན་གཞོན་(ཁ་ཤས་ལོ་བཅུ་ཕྲག་ནང་ཡོད་པ།)དང་ཁོང་ཚོར་དེ་སྔོན་གྱི་རྒྱ་ནག་དམར་ཤོག་འོག་གི་བོད་ལ་རྒྱུས་མངའ་མེད་ཅིང་། ཁོང་ཚོས་འབྱུང་འགྱུར་རྒྱ་ནག་གཅིག་ཡོང་སྲིད་པར་རེ་བ་བྱེད་པ་དེ་རེད། རེད་དེ། བོད་ཀྱི་སྐྱེ་འཆིའི་གྲངས་ཀྱི་རེའུ་མིག་གསར་བའི་མངོན་ཚུལ་དང་རྒྱ་ནག་གི་དབང་ཤུགས་ཀྱི་རྣམ་པ་གཉིས་ཀྱི་ལྷན་དུ་རེ་བ་དེ་ལྟ་བུ་རྒྱུན་གནས་མི་ཐུབ་པ་ཞིག་རེད། ཡོད་ཚད་རེ་བ་ཟད་པ་ཞིག་གོ།

དུས་ཡུན་རིང་པོ་སོང་བའི་རིང་བོད་ལ་རེ་བ་ཟད་པ་དེ་རྒྱ་ནག་གི་གྲིབ་གནོན་སྡུག་ཤོས་ཡིན་སྲིད་ལ། ཆབ་སྲིད་གྱེན་ལོག་གི་རང་ལུས་མེར་བསྲེགས་ཀྱིི་རྒྱུན་ལྡན་གྱི་རྣམ་པ་འདི་ལྟ་བུ་ཞིག་གིས་རྒྱ་ནག་གི་མགོ་ཁྲིད་དག་ལ་གོ་རྟོགས་ཤིག་སྤེལ་མི་བཏུབ་པ་རེད་དམ། ད་དུང་ཁོང་ཚོ་ཡ་མི་མཚར་བ་རེད་དམ། གཅིག་བྱས་ན་ཁོང་ཚོས་གང་དུ་གཉའ་གནོན་ཡོད་ན་དེ་རུ་རྒོལ་འཛིངས་ཡོད་ཅེས་པའི་དེབ་དམར་ཆུང་ཆུང་དེ་ཡང་བསྐྱར་བཀླག་པའི་འགོ་འཛུགས་པའི་དུས་ལ་བབས་པ་འདྲ། མོའོ་ཙེ་ཏུང་གིས་ཁོང་གི་དུར་ཁུང་དུ་བོད་རྨི་ལམ་ལ་གཏོང་ངོ་།།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*