ལྕགས་བྱ་མཁའ་དབྱིངས་སུ་ལྡིང་སྐོར་རྩེན་དུས།

(༡༩༥༦—–༡༩༦༢མཚོ་བོད་མཐོ་སྒང་སྟེང་གི་གསང་བའི་དམག་འཁྲུག)
སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
རྩོམ་པ་པོ་ལཱི་ཅཱང་ལིན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

འབྲེལ་ཡོད་གནས་ཚུལ།
ཡུན་རིང་མ་འགོར་བའི་གོང་དུ། ང་བོད་ཀྱི་ས་ཁུལ་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་སུ་ཡུལ་སྐོར་དུ་ཟླ་གཅིག་ལྷག་ལ་ཕྱིན་པ་ཡིན། དཔེ་ཆའི་ནང་དུ་བྲིས་ཡོད་པའི་གཡུལ་འགྱེལ་བྱེད་སའི་ས་གནས་ཁ་ཤས་ཤིག་གཟས་ནས་ཕྱིན་པ་ཡིན། མཚོ་སྔོན་ཟི་ལིང་དུ་འབྱོར་རྗེས། འབྲེལ་ཡོད་ཀྱི་དེབ་འདིའི་སྒང་ལ་༧གོང་ས་ཏཱ་ལའི་བླ་མས་༡༩༩༩ལོར་༼ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་༽ཀྲུང་དབྱང་སྤྱི་གླིང་དུ་གསུང་བཤད་གནང་སྐབས་ཉན་མཁན་རྣམས་དང་ཐུན་མོང་གི་གསོལ་འདེབས་ཅིག་པར་དུ་བཏབ་པ་ཡིན། དེ་བས་དེབ་འདི་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་ལུང་བསྟན་ནས་འགོ་བཙུགས་ཤིང་༧གོང་ས་ཏཱ་ལའི་བླ་མའི་གསོལ་འདེབས་ཀྱིས་མཇུག་གྲུབ་པ་ཡིན།

ཁ་གསབ་བྱས་པའི་ཟིན་ཐོ་པར་དུ་བཏབ་པ།

དེབ་འདི་བསྒྲིགས་ཚར་རྗེས། ང་རྒྱལ་ནང་ལ་ཨ་མར་སྐོར་རྒྱག་ཏུ་ཕྱིན་པ་ཡིན། ཕ་ཡུལ་དུ་བསླེབས་ནས་ཡུན་རིང་མ་འགོར་བར་ང་ཡང་བསྐྱར་རྒྱ་ནག་སྲིད་གཞུང་གི་ཚོགས་སྡེ་ག་ལ་བ་དེར་ཆོག་མཆན་ཞུ་རུ་སོང་བ་ཡིན། ལྷ་སར་ཡུལ་སྐོར་སྤྲོ་འཆམ་ལ་བསྐྱོད་ཆོག་པའི་ཆོག་མཆན་ཞིག་ཐོབ་པར་རེ་སྐུལ་ཞུ་བ་ལ། སྙན་ཞུ་དེ་དེ་མ་ཐག་རྩིས་མེད་དུ་བཏང་སོང་། དེའི་རྗེས་ཁྲིམས་ཐོག་ནས་བོད་ཀྱི་སི་ཁྲོན་བོད་རིགས་ས་ཁུལ་དང་། མ་ཟད་ཁམས་དང་ཨ་མདོའི་ས་ཁུལ་ཁག་ཏུ་ལྷོད་ཡངས་ཡིན་ཕྱིར་ཡུལ་བསྐོར་དུ་བསྐྱོད་ཆོག དེ་ནས་ངས་འགྲུལ་བསྐྱོད་ཀྱི་གྱོན་པ་སྟབས་བདེ་ཞིག་བསྡུ་གསོག་བརྒྱབ་ནས་རླངས་འཁོར་ལ་བསྡད་དེ་ཡུན་ནན་དང་སི་ཁྲོན། ཀན་སུའུ། མཚོ་སྔོན་བཅས་བོད་ཀྱི་ས་ཁུལ་ཁག་ཏུ་ཡུལ་བསྐོར་ལ་ཕྱིན་པ་ཡིན།

འདི་ལྟར། ལོ་འགའི་ནང་ཡིག་ཆ་དང་བཅར་འདྲི་ཁག་ཏུ་རྒྱུས་ལོན་བྱུང་བའི་ས་ཆ་རེ་རེ་བྱས་ནས་ངའི་མིག་གི་མཐོང་ཡུལ་དུ་གྱུར་སོང་། རི་མཐོ་དང་གྲོག་རོང་། རྩྭ་ཐང་། སྐྱ་མདོག་གི་གྲོང་སྡེ་དེ་དག་དང་གཟི་འོད་འཚེར་བའི་དག་ཞིང་གི་དགོན་པ་དེ་དག་མཐོང་བྱུང་། ངས་དགོན་པའི་སྒོ་ཆེན་ནང་ལོགས་སུ་གཏན་སྡོད་བྱས་པའི་སྤྱི་བདེ་མངགས་གཏོང་ཁང་མཐོང་ལ། འཇིགས་སྐུལ་དམིགས་འབེན་དུ་བྱས་པའི་བགྲང་གིས་མི་ལང་བའི་སྦྱར་ཡིག་དང་དྲིལ་བསྒྲགས་དག་མཐོང་། གྲོགས་པོ་དག་གིས་བདག་ལ་སྔར་བཞིན་ལྟ་རྟོག་ཡང་ཡང་བྱེད། བོད་བགྲོད་ཀྱི་སྐད་ཆ་འདི་དེང་སྐབས་རྒྱ་ནང་དུ་རྫི་གསང་དོད་པོ་ཡོད། ཡག་པོ་མ་བྱས་ན་མི་ལ་ལ་དེའི་རྐྱེན་གྱིས་བཙོན་དུ་ཚུད་ངེས། སྐད་ཆ་བཤད་པར་ཡང་གཟབ་གཟབ་བྱེད་དགོས།

འོན་ཀྱང་། ཕྱོགས་དེར་སླེབས་ཐེངས་རེར། བྱ་རྡོ་ལམ་འཕྲད་ཀྱི་བོད་མི་རྒན་གཞོན་གཉིས་ཀའི་འདྲི་གཞི་དང་། ལས་གནས་གཅིག་པ་དང་ཚོང་གཉེར་བ། རྒན་ཡོལ་པ། བླ་སྤྲུལ་དང་དགེ་འདུན། ཞིང་པ་དང་འབྲོག་པ་མང་ཚོགས་བཅས་ཀྱི་མཉམ་དུ་གླེང་མོལ་བྱེད་ཐེངས་རེར། ང་ལ་རང་དབང་ལ་མི་ཡོང་བའི་རང་གཤིས་ཤིག་བྱུང་། ངས་གཏན་ནས་ངོ་མི་ཤེས་པའི་བོད་མིའི་བློ་དོགས་དང་ཁོང་ཚོིའི་འཇིགས་སྣང་། གནོན་ཤུགས། སྡུག་བསྔལ། གཉའ་གནོན་དག་ཁོང་ཚོའི་གདོང་ན་གསལ་གསལ་ཐིང་ཐིང་དུ་མངོན་འདུག་པ་ཚོར། ངས་འགལ་ཟླའི་ཡོ་བྱད་སྤྱད་ནས་ས་ཐོག་དེའི་ལོ་རྒྱུས་ལ་རྒྱུས་ལོན་ཐུབ། ལྷག་པར་དུ་༡༩༥༨ལོར་ཆོས་ལུགས་བཅོས་སྒྱུར་སྐབས་གཏོར་བརླག་ཐེབས་པའི་དགོན་སྡེའི་གནད་དོན་ལ་རྒྱུས་མངའ་ཐུབ། ༡༩༥༨ལོར་སི་ཁྲོན་བོད་རིགས་ས་ཁུལ་དུ་དགོན་པ་སྟོང་ཕྲག་འགར་གཏོར་བཅོམ་ཐེབས། སྟབས་ལེགས་ནས་གཏོར་བཅོམ་མ་བྱུང་བ་འགའ་ཞིག་ལས་མེད། གྲྭ་དམངས་ལ་རྒོལ་རྡུང་དང་ཁ་ཐོར་དུ་བཏང་ཞིང་། སྐྱ་བོར་ཕབ། ཐ་ན་དམར་གསོད་ཀྱང་བྱས། བོད་མི་རིགས་ཡོངས་ཀྱི་སྟོབས་ཤུགས་དང་ལོ་ངོ་སྟོང་ཕྲག་རིང་བསགས་པའི་དགོན་པའི་རྒྱུ་ནོར་བཙན་འཕྲོག་དང་གཏོར་བཅོམ། ཡུལ་གང་ཞིག་ལ་ལྐོག་འདྲེན་བྱས། བོད་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་རིག་གནས་ཀྱི་ཐོན་ཁུངས་ཕལ་ཆེར་རྩ་གཏོར་དུ་བཏང་།

བོད་རིགས་ས་ཁུལ་དུ་ལོ་རབས་བརྒྱད་ཅུའི་འགོ་སྟོད་ནས་བཟུང་དགོན་པ་སླར་གསོ་བྱས་ཏེ་ལོ་ངོ་སུམ་ཅུ་ལྷག་འགྲོ་ཡི་ཡོད་ན་ཡང་། ས་ཁུལ་ཁག་གི་སྲིད་གཞུང་གིས་གནད་འགག་དང་སྙན་གྲགས་ཆེ་བའི་དགོན་པ་དག་ཡུལ་བསྐོར་སྤྲོ་འཆམ་ས་གནས་ཀྱི་ངོ་བོར་བསྒྱུར་ནས་མ་དངུལ་ངེས་ཅན་ཞིག་གི་ཚད་ལ་བསླེབས། འོན་ཀྱང་། བོད་མི་རིགས་ཀྱི་མི་དམངས་དཀྱུས་མ་དག་གིས་ཡང་དང་བསྐྱར་དུ་འབད་བརྩོན་བསྟེན་ནས་དགོན་པར་དངུལ་དངོས་གཉིས་ཀྱི་ཞལ་འདེབས་ཕུལ། དེང་སྐབས་བོད་རིགས་ས་ཁུལ་གྱི་དགོན་པ་ནི་༡༩༥༨ལོར་གཏོར་བརླག་མ་བཏང་བའི་ཡར་སྔོན་གྱི་དགོན་པའི་གྲངས་ཚད་ཀྱི་བཞི་ཆའི་གཅིག་ཀྱང་མི་ཟིན། གྲོག་རོང་དང་རི་མཐོ། ཡང་ན་རྒྱ་ཆེ་བའི་རྩྭ་ཐང་གི་སྟེང་། དགོན་པ་གཏོར་བའི་གྱང་རོ་དག་དེ་རིང་ད་དུང་གསལ་བོར་མཐོང་རྒྱུ་ཡོད། བོད་མི་ནི་བོད་རིགས་ས་ཁུལ་བཞིའི་ནང་གི་མི་རིགས་གཙོ་བོ་ཡིན། དེང་སྐབས་འཚོ་བ་ནི་སྔར་བཞིན་གདུག་རྩུབ་དང་ལྐོག་གྱུར། མུན་བཙོན་དང་སྟངས་འཛིན་འོག་ཏུ་ཡོད། རྒྱ་ནག་སྲིད་གཞུང་གིས་བཙན་ཤེད་ཀྱིས་རྒྱལ་གཅེས་སློབ་གསོ་སྤེལ་གྱི་ཡོད་ལ། སྣེ་ལེན་ལས་འཆར། སྨྲ་བརྗོད་རང་དབང་འཕྲོག་པ་དང་། འཛིན་བཟུང་བཙོན་བཀག འཇིགས་སྐུལ་གྱིས་བོད་མི་རིགས་ཀྱི་འཚོ་ཐབས་དང་བོད་ཀྱི་རིག་གནས་ཀྱི་འཚོ་གནས་ཉེན་ཁའི་གནས་སུ་གཏད་ཡོད།

འོན་ཀྱང་། བོད་མི་རིགས་ཀྱི་སྙིང་སྟོབས་རྩ་བ་ནས་ཞུམ་མེད། ང་ཚོའི་སྙིང་སྟོབས་རྩ་བ་ནས་ཞུམ་མེད། ང་ཚོ་ཚང་མས་མཐོང་གསལ་ལ་ཁོང་ཚོའི་སྙིང་རུས་ཅན་གྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་སྐུ་པར་ཕལ་ཆེར་དགོན་པ་དང་བོད་རིགས་མང་པོའི་ནང་དུ་ཡོད་ལ་སྔར་བཞིན་དད་གུས་བྱ་ངེས། འདི་ནི་ནང་ཆོས་ལ་དད་པ་བྱེད་མཁན་ཀྱི་མི་རིགས་ཤིེག་རེད། ཇི་སྲིད་བསྟན་པ་རིན་པོ་ཆེ་མ་ནུབ་པ་དེ་སྲིད་དུ་མི་རིགས་འདི་ནུབ་མི་སྲིད།

ཡ་ང་སྐྱོ་ཤས་ཆེ་བའི་ལོ་རྒྱུས་འདིར་ཞིབ་འཇུག་བྱེད་མཁན་ཞིག་ཡིན་པའི་ངོས་ནས། ང་སྤྱིར་བཏང་གི་ཡུལ་སྐོར་སྤྲོ་འཆམ་པ་བཞིན་ཡུལ་སྐོར་བྱ་ཐབས་བྲལ། སེམས་པ་ལྷོད་ལྷོད་ངང་བོད་ཀྱི་ས་ཁུལ་དུ་ཡུལ་སྐོར་ལ་ཕྱིན་པ་ཡིན། ལམ་བར་དུ། ལོ་རྒྱུས་དང་ང་ནི་ལུས་དང་གྲིབ་མ་བཞིན་འགྲོགས་ནས་ཡོད། མིག་ལམ་ལ་ཡོངས་སུ་མངོན་པ་ནི་དུས་རབས་ཕྱེད་ཀྱི་སྔོན་དུ་བྱུང་བའི་གདུག་རྩུབ་ཆེ་བའི་དམག་འཁྲུག་སྐབས་ཀྱི་ལྷག་འཕྲོ་དག་རེད། ལམ་བར་དུ། ང་དམིགས་སུ་བཀར་ནས་སི་ཁྲོན་དང་ཀན་སུའུ་ཡི་ས་མཚམས་ཀྱི་འོ་ལྷ་༼欧拉草原༽རྩྭ་ཐང་དུ་བསླེབས། ཆར་ཆུ་བསྟུད་མར་བབས་པས་བགྲོད་ལམ་འདམ་རྫབ་ཀྱིས་གང་ནས་རླངས་འཁོར་གྲང་རླུང་དང་ཆར་བའི་ཁྲོད་རྨ་ཁས་གང་བའི་ཕོ་རྒོད་ཅིག་གི་གོམ་སྟབས་བཞིན་མདུན་སྐྱོད་བྱེད་དཀའ་བར་གྱུར། ང་རི་རྩེ་རུ་ལངས་ཏེ་རྒྱང་རིང་གི་རྨ་ཆུའི་ཁུགས་པར་བལྟས་པ་ན་རང་དབང་མེད་པར་སྐྱོ་གདུང་གི་གནས་སུ་ལྷུང་། ལོ་ངོ་ལྔ་བཅུའི་སྔོན་དུ། འབྲོག་སྡེ་འགའི་ཕོ་མོ་དང་རྒན་གཞོན་ཁྲི་སྟོང་མང་པོ་གནས་འདིར་དུད་འགྲོ་ལྟར་བསྡུས་ནས་རྨ་ཆུ་ཕར་ངོས་ཀྱི་བདེ་འཇགས་ཀྱི་སར་བྲོས་བྱོལ་དུ་འགྲོ་རྩིས་བྱས། ཀྲུང་གུང་གི་དམག་དཔུང་གིས་ཁོང་ཚོའི་མཐའ་ནས་བསྐོར་ཏེ་དམར་གསོད་བྱས་པས་བོད་རིགས་བགྲང་གིས་མི་ལང་བ་ཞིག་གཞི་རྒྱ་ཆེ་བའི་སྤང་ཐང་འདིར་འགྱེལ་ཡོད་པ་རེད།

ང་ཉེ་འཁོར་གྱི་དགོན་པ་ཞིག་ཏུ་བསླེབས། གསར་དུ་བཞེངས་པའི་འདུ་ཁང་ཞིག་ལས་གཞན་ལུང་ཁུག་འདིར་དགོན་པའི་གྱང་རོ་མ་གཏོགས་ལྷག་མེད། ཆར་བ་སིམ་སིམ་ཁྲོད་ལོ་ན་བརྒྱད་ཅུ་ལྷག་ལ་སོན་པའི་སྐེད་པ་སྒུར་བའི་རྒན་མོ་ཞིག་གོམ་པ་ཁྱར་ཁྱོར་ངང་མཆོད་རྟེན་ལ་བསྐོར་བར་སྐྱོད་ཀྱིན་འདུག ཡང་བསྐོར་བསྐྱར་བསྐོར་བྱེད་ཀྱིན་འདུག བསམ་ཚོད་ལ་མོ་ནི་དམར་གསོད་ཁྲོད་སྟབས་ལེགས་ནས་ཐར་མཁན་ཞིག་རེད། འོ་ན། མོའི་ཕ་མ་སྤུན་མཆེད་དང་ཁྱོ་ག་གང་དུ་ཡོད་དམ། དུས་རབས་ཕྱེད་ཀ་ཙམ་འདས་ཟིན། མོ་མ་གཏོགས་གཞན་སུ་ཞིག་གིས་ཁོང་ཚོ་ཡིད་ལ་དྲན་ནམ།

འཁྱག་སིབ་སིབ་ཀྱི་ཆར་ཆུ་བདག་གི་སྐྲ་ལོ་དང་མཁུར་མཚོས་བརྒྱུད་བཞུར་བྱུང་། ང་རྡ་རམ་ས་ལར་ཐེངས་གཅིག་ལ་བསྐྱོད་མྱོང་ཡོད། ཕོ་བྲང་ནང་དུ་༧གོང་ས་མཆོག་སྐུ་ངོ་མས་ངའི་སྐེ་ལ་ཁ་བཏགས་གཡོགས་ནས། ལོ་ངོ་ལྔ་བཅུའི་སྔོན་དུ་དམག་འཁྲུག་ཁྲོད་འདས་སོང་པའི་རྣམ་ཤེས་དེ་དག་ལ་ཁུ་སིམ་མེར་སེམས་གསོ་ཞུ་བ་སྟེ། ངས་ཁྱེད་ཅག་གི་དཀའ་སྡུག་འཛམ་གླིང་ལ་བསྒྲགས་པ་ཡིན། ཁྱོད་ཚོ་ནམ་ཡང་བརྗེད་མི་སྲིད།
༢༠༡༢ལོའི་ཟླ་༨པའི་ཚེས་༡༢ཉིན། མཚོ་སྔོན།

༼སྤྱོད་འཇུག་སྨོན་ལམ་ལས།༽
བཀྲེན་པ་རྣམས་ཀྱིས་ནོར་ཐོབ་ཤོག།
མྱ་ངན་ཉམ་ཐག་དགའ་ཐོབ་ཤོག།
ཡིད་ཆད་རྣམས་ཀྱང་ཡིད་སོས་ཤིང་།།
བརྟན་པ་ཕུན་སུམ་ཚོགས་པར་ཤོག།

སྐྲག་པ་རྣམས་ནི་འཇིགས་མེད་ཤོག།
བཅིངས་པ་རྣམས་ནི་གྲོལ་བར་གྱུར།།
མཐུ་མེད་རྣམས་ནི་མཐུ་ལྡན་ཞིང་།།
སེམས་ཅན་ཕན་ཚུན་གཉེན་གྱུར་ཅིག།

(༡༩༩༩ལོའི་ཕྱི་ཟླ་༨པའི་ཚེས་༡༡ཉིན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་བསྟན་འཛིན་རྒྱ་མཚོས་ཉིག་ཡུའུ་གྲོང་ཁྱེར་གྱི་ཀྲུང་དབྱང་སྤྱི་གླིང་དུ་གསུང་བཤད་གནང་རྗེས། ཉན་མཁན་ཁྲི་ལྔ་ལྷག་དང་ལྷན་དུ་གནང་བའི་ཐུན་མོང་གི་གསོལ་འདེབས།)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 4 བཀོད་འདུག

4 Responses to ལྕགས་བྱ་མཁའ་དབྱིངས་སུ་ལྡིང་སྐོར་རྩེན་དུས།

  1. 欧拉草原 ཟེར་བ་དངུལ་ར་རྩྭ་ཐང་རེད་སྙམ།

  2. གཡང་འབུམ་ ནས།

    ས་དཀར་བཀྲ་ཤིས་ལགས་ཀྱིས་གསལ་འདེབས་གནང་བར་ཐུགས་རྗེ་ཆེ།
    དངུལ་ར་རྩྭ་ཐང་ཟེར་བ་ཨ་རིག་དང་དངུལ་ར་ལྷ་སྡེ་ཟེར་བ་ཞིག་ཡོད་པ་དེ་དང་འབྲེལ་བ་ཡོད་པའམ་ས་གནས་དེར་ཡོད་མེད་གསལ་བོར་ཤེས་མ་སོང་། གྲོགས་པོ་མང་པོར་དྲིས་ཀྱང་ལན་རག་མ་སོང་། བོད་མིང་ཞིག་ཡིན་པ་གཏན་འཁེལ་བ་རེད། དེ་བས་འོ་ལྷ་ཞེས་བསྒྱུར་བ་ཡིན། ད་དངུལ་ར་ཟེར་ན་ཡང་སྒྲ་གདངས་ཏག་ཏག་ཡིན་ནི་འདྲ་ཞིག་འདུག འོན་ཀྱང་། དངུལ་ར་རྩྭ་ཐང་སི་ཁྲོན་དང་ཀན་སུའུ་ཡི་ས་མཚམས་སུ་ཡོད་པ་རེད་དམ།

  3. ལྷག་པ་ ནས།

    ཡག་པོ་ཞེ་དྲག་བསྒྱུར་འདུག

  4. ཡེ་ཤེས་རྒྱ་མཚོ། (ཀླུ་སྨྱོན་ཁྲག་འཐུང་གླིང་པ།) ནས།

    བཀླགས་ཟིན། སེམས་པ་ཟང་ཟིང་དང་མིག་མཐའ་རབ་རིབ་ཏུ་གྱུར་སོང་། སའི་གོ་ལ་འདི་འཇིག་སྲིད་དམ།

Write a Reply or Comment

Your email address will not be published. Required fields are marked *

*