སྒལ་ཚིགས་ཅན་གྱི་ཤེས་ཡོན་པ་དག (སྔ་མ)

(རྒྱ་ནག་ཞིབ་འཇུག་ལས་འཕྲོས་བའི་ཟིན་ཐོ།)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
རྩོམ་པ་པོ་རྗེ་ནོར་ཊ་ལིན་རྒར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རྗེ་རོ་མེ་ཁོ་ཧན་ནི་མི་དམངས་ལ་ཡོངས་གྲགས་ཆགས་མེད་སྲིད། ཡིན་ཡང་། ཁོང་རྒྱ་མི་དམངས་གཙོ་དོན་གཉེར་བ་ཚོ་དང་རྒྱབ་སྐྱོར་བ་ཚོ་ལ་ཧ་ཅང་ཡོངས་གྲགས་ཆགས་ཡོད། ཁོང་ནེའུ་ཡོག་སློབ་ཆེན་གྱི་ཁྲིམས་ལུགས་སློབ་དཔོན་ཆེན་མོ་བ་ཞིག་ཡིན་ཞིང་ཉམས་མྱོང་ཅན་གྱི་རྒྱ་ནག་ཞིབ་འཇུག་པ་ཞིག་ཀྱང་ཡིན། ཕྱོགས་གཞན་ཞིག་ནས་བརྗོད་ན། ཁོང་ནི་ཁྲིན་ཀོང་ཁྲིན་གྱི་སྦྱིན་བདག་དང་སྲུང་སྐྱོབ་པ་རེད། སྐུ་ཞབས་ཁྲིན་ནི་རྒྱ་མི་ཁྲིམས་དོན་ལས་འགུལ་བ་ཞིག་རེད། ཁོ་ཧན་གྱིས་ཁོང་ལ་“ཞིང་པ་ཁྲིམས་རྩོད་པ་ལོང་བ་”ཞེས་འབོད་ཀྱིན་ཡོད། ལོ་འདིའི་འགོ་སྟོད་ལ་ཁོང་པེ་ཅིན་གྱི་ཨ་རི་གཞུང་ཚབ་ཁང་ལ་བྲོས་ཕྱིན་པ་རེད། འདི་ནི་ལོ་ངོ་དྲུག་གི་རིང་ལ་བཙོན་འཇུག་དང་བཀག་སྡོམ། ཉེས་རྡུང་མང་པོ་བཏང་པའི་རྗེས་རེད། ཁོ་ཧན་གྱིས་འབྲེལ་མོལ་དག་གི་རྒྱུད་རིམ་ནང་ནུས་པ་ཆེན་པོ་བཏོན་པ་ལ་བརྟེན་ནས་སྐུ་ཞབས་ཁྲིན་རྒྱ་ནག་དང་ཁ་བྲལ་ཐུབ་པ་བྱུང་ཡོད། ཁྲིན་ད་ལྟ་སྐུ་ཞབས་ཁོ་ཧན་གྱི་གཟིགས་སྐྱོང་འོག་ནེའུ་ཡོག་སློབ་ཆེན་དུ་ཡོད། ནུབ་ཕྱོགས་སུ་རྒྱ་མི་དམངས་གཙོ་དོན་གཉེར་བ་དག་དང་ལྟ་བ་ཐ་དད་འཛིན་མཁན་ཚོ། “དཀའ་རྙོག་བཟོ་མཁན་ཚོར”་སྐེ་བསྲིངས་ནས་རོགས་རམ་བྱེད་པའི་འདུན་པ་ཡོད་མཁན་གྱི་རྒྱ་ནག་ཞིབ་འཇུག་པ་མང་པོ་ཡོད་མ་རེད། དེའི་རྒྱུ་མཚན་ག་རེ་རེད།

རྒྱུ་མཚན་དང་པོ། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་དཀའ་རྙོག་ནང་ལ་ཚུད་འདོད་མེད་པ་ཡིན་སྲིད། ཡིན་ཡང་། རྒྱུ་མཚན་དྲངས་སྐབས་ང་ཚོས་དམིགས་སུ་བཀར་ནས་བརྗོད་ཆོག་པ་རེད། ཤེས་ཡོན་ཅན་ཁ་ཤས་ཤིག་རྒྱ་ནག་གི་སྲིད་དབང་ལམ་ལུགས་ལ་གདུང་སེམས་མཉམ་སྐྱེད་ཡོད་པ་མངོན་གསལ་རེད། ཡིན་ཡང་། ཤེས་ཡོན་ཅན་ཧ་ཅང་མང་པོ་ཞིག་གིས་རྒྱ་ནག་གི་སྲིད་དབང་དེར་དོགས་ཟོན་བྱེད་ཀྱིན་ཡོད། གང་ཡིན་ཞེ་ན། གལ་ཏེ་ཁོང་ཚོ་རྒྱ་ནག་ལ་འགྲོ་དགོས་བྱུང་བའམ་འགྲོ་འདོད་ཡོད་ན་ངེས་པར་དུ་མཐོང་མཆན་ཡི་གེ་ཡོད་དགོས་པས་རེད། རྒྱུ་མཚན་གཞན་ཞིག་ནི་རྒྱ་ནག་ཞིབ་འཇུག་ལ་རྒྱ་སྒོར་མང་པོ་ཞིག་རེག་གི་ཡོད་པའི་རྐྱེན་ཡིན་སྟེ། ཁྱོད་ལ་དངུལ་སྤྲོད་མཁན་གྱི་ལག་པ་དེར་སོ་བརྒྱབ་ན་རྩོད་རྙོག་ཅན་དུ་ཆགས་ཀྱི་རེད། མདོར་བསྡུས་ནས་བཤད་ན། རྩོད་རྙོག་ལ་གཡོལ་བར་རྒྱུ་མཚན་མང་པོ་ཡོད་ཅིང་། པེ་ཅིན་གྱི་སྡུག་ཕྱོགས་དང་མིང་གཞུང་ནག་པོ་ལས་གཡོལ་བར་རྒྱུ་མཚན་མང་པོ་མང་པོ་ཞིག་ཡོད་པ་རེད།

རྒྱ་ནག་ཞིབ་འཇུག་དང་དཀྱིལ་ཤར་ཞིབ་འཇུག་གཉིས་ཀའི་དབར་ལ་མཚུངས་བའི་ཆ་ཡོད་པ་རེད། དཀྱིལ་ཤར་ལོ་རྒྱུས་པ་གྲགས་ཅན་བྷར་ནར་སྒྲི ལེ་ཝི་སི་ཡིས་ལོ་བཞིའི་གོང་ལ་བཅར་འདྲི་ཞིག་གི་ནང་མཚུངས་ཆོས་དེ་དག་ང་དང་མཉམ་དུ་གྲོས་བསྡུར་བྱས་སོང་། མཚུངས་ཆོས་དང་པོ་ནི། དངུལ་སྒོར་རེད། རྒྱ་སྒོར་གྱིས་རྒྱ་ནག་ཞིབ་འཇུག་ལ་ཤུགས་རྐྱེན་གཏོང་གིན་ཡོད་པ་ལྟར་དཀྱིལ་ཤར་དངུལ་སྒོར་གྱིས་དཀྱིལ་ཤར་ཞིབ་འཇུག་ལ་༼ དམིགས་བསལ་དུ་གྷུལ་ཧྥུ་དངུལ་སྒོར་གྱིས ༽ ཤུགས་རྐྱེན་གཏོང་གིན་ཡོད། ལི་ཝེ་སིས་བརྗོད་དོན། “དངུལ་སྒོར་གྲངས་ཀ་ཧ་ཅང་ཕོན་ཆེན་པོ་ཞིག་ཨ་རབ་སྲིད་གཞུང་དང་ཨ་རབ་ཀྱི་རྒྱལ་སྲས་དག་ལས་ཆར་འབབ་འབབ་བྱེད་ཀྱིན་ཡོད། ”མཚུངས་ཆོས་གཉིས་པ་ནི། དེ་རུ་ཆབ་སྲིད་ཀྱི་ཡང་དག་པའི་རང་བཞིན་ནམ་ཡང་ན་གཙུག་ལག་ཁང་གི་སྔར་སྲོལ་ལམ་ལུགས་ཀྱི་དམོད་ཚིག་ཅིག་ཡོད་དེ། “གལ་ཏེ་ཁྱོད་ཀྱིས་འདི་གཉིས་དང་མ་བསྟུན་ན་མི་ཚེའི་མདུན་ལམ་ཞིག་བཟོ་བར་དཀའ་མོ་རེད།”ལེ་ཝི་སི་ཡིས་དེ་ལྟར་ཟེར། དུས་མཚུངས་སུ་ངས་རཱ་ཤི་ཡའི་ལོ་རྒྱུས་སྨྲ་བ་གྲགས་ཅན་རེ་ཆར་སྒྲི ཕའེ་ཕེ་ལགས་ལ་བཅར་འདྲི་ཞིག་བྱས་པ་ཡིན། ཁོང་གིས་བརྗོད་དོན། སོ་ཝེ་ཏིའི་རིག་པའི་ཞིབ་འཇུག་ལ་དངུལ་མང་པོ་གཏན་ནས་ཡོད་པ་མ་རེད། ཡིན་ནའང་། དེར་ཆབ་སྲིད་ཐོག་གི་ཡང་དག་པའི་རང་བཞིན་ཞིག་ཡོད། དེའི་ཁར་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ལ་རང་བཞིན་གྱི་འགྲོ་འདོད་ཅིག་ཡོད་པ་རེད། ཉིན་ཞིག་ཕའི་ཕེ་ཡིས་གྲོས་ཚོགས་གོང་མའི་ནང་གོ་མཚོན་དང་འབྲེལ་བའི་ཆིངས་ཡིག་ཅིག་གི་སྐོར་ལ་བདེན་དཔང་གནང་བ་རེད། ཁོང་གིས་དངོས་ཡོད་དང་མཐུན་པའམ་ཁ་ཕྱོགས་དཀའ་མོ་ཞིག་བདམས་པ་རེད། ཁོང་གི་རྗེས་ཀྱི་གཙུག་ལག་མཁས་པ་ཞིག་གིས་དེ་ལས་ལས་སླ་བོ་ཞིག་བདམས་་ཡོད། ཁོང་གཉིས་ཀ་སྡོད་ཁང་དང་ཁ་བྲལ་ནས་འགྲོ་སྐབས་གཙུག་ལག་མཁས་པ་གཉིས་པ་དེས་ཕའི་ཕེ་ལ་བརྗོད་དོན། “ང་དངོས་གནས་ཁྱོད་ཀྱི་བསམ་ཚུལ་དང་མཐུན་པ་ཡིན། ཡིན་ཡང་། གལ་ཏེ་ངས་ཁྱོད་ཀྱིས་བརྗོད་པ་ལྟར་བྱས་ན། ཁོང་ཚོས་ང་ལ་མཐོང་མཆན་ཡི་གེ་སྤྲོད་ཀྱི་མ་རེད།”

རྒྱ་མི་དམར་ཤོག་རིང་ལུགས་པ་ཚོ་མཐོང་མཆན་ཡི་གེ་སྐོར་ལ་སི་ཝེ་ཏ༼ཨུ་རུ་སི༽་དམར་ཤོག་རིང་ལུགས་པ་དག་དང་བསྡུར་ན་ཞིབ་རྩལ་ལམ་སྤྱང་གྲུང་ཆེ་བ་ཡོད་པ་རེད། སུ་ཝེ་ཏིས་རྟག་པར་མཐོང་མཆན་ཡི་གེ་ལ་དགག་བྱ་བྱས་ཡོད་པ་རེད། ཁོང་ཚོས་སྦྱག་མས་ཕྱི་གླིང་བ་ཚོ་“གཙང་ཕྱག”་གནང་ཡོད་པ་རེད། རྗོ་ནཱ་ཐན མིར་སུ་ཁའེ་ཡིས་དེ་ལྟར་ཟེར། མིར་སུ་ཁའེ་ནི་རྒྱ་ནག་ཞིབ་འཇུག་པ་ཞིག་ཡིན་ཞིང་། ཁོང་ནི་ལོ་ངོ་མང་པོའི་ཉམས་མྱོང་ཡོད་པའི་གསར་འགོད་པ་ཞིག་ཀྱང་ཡིན། ཕེ་རེས་ལིན་ཁི་ཡིས་“རྒྱ་མི་ཚོས་དེ་ལས་ལྡོག་སྟེ་མཐོང་མཆན་ཡི་གེ་ལ་ལྟོས་བཅས་ཀྱིས་དགག་བྱ་ཆུང་ཆུང་ཞིག་བྱེད་ཀྱི་རེད། ཡིན་ནའང་། ཁོང་ཚོས་རིམ་བཞིན་དགག་བྱ་མང་པོ་གནང་ངེས་པ་འདྲ” ཞེས་ཟེར། ཕེ་རེས་ལིན་ཁི་ནི་ཉམས་མྱོང་ཅན་གྱི་རྒྱ་ནག་ཞིབ་འཇུག་པ་གཞན་ཞིག་རེད། རྒྱ་མི་ཚོས་ཁྱོད་ལ་མཐོང་མཆན་ཡི་གེ་ཅིིའི་ཕྱིར་དགག་བྱ་གནང་གི་ཡོད་པའི་རྒྱུ་མཚན་འགྲེལ་བརྗོད་གནང་གི་མ་རེད། ཁོང་ཚོས་ཁྱོད་ལ་“ཁྱོས་རྒྱུ་མཚན་ཤེས་གསལ་རེད། མཇུག་འབྲས་འདི་ཁྱོད་རང་ཉིད་ཀྱིས་བདམས་པ་རེད།”ཅེས་བརྗོད་ཀྱི་རེད། ཤེས་ཡོན་པ་ཞིག་ལ་མཐོང་མཆན་ཡི་གེ་དགག་བྱ་གནང་སྐབས་གཞན་པ་ཚོས་ངོ་མཚར་སྐྱེས་ཀྱི་ཡོད་རེད། “སི་མི་ཐིས་ག་རེ་བྱས་པ་རེད། ང་རང་གོང་གསལ་གྱི་ལས་དབང་འདི་ལ་ཇི་ལྟར་གཡོལ་ཐུབ་ཀྱི་རེད།” དེའི་རྗེས་ཁོང་ཚོ་ཚང་མས་དོགས་ཟོན་མང་བ་བྱེད་ཀྱི་རེད། ལིན་ཁེ་ཡིས་བརྗོད་པ་ལྟར། རྒྱ་མི་ཚོ་སུ་ཝེ་ཏ་ཚོ་དང་བསྡུར་ན་“སེམས་ཁམས་རིག་པའི་འཆར་འགོད་ལས་རིགས”་ལ་མཁས་པ་ཡོད་རེད།

འདི་རུ་ངེས་ཅན་གྱི་བརྗོད་གཞི་ཁ་ཤས་ཤིག་ཡོད། དེ་དག་གི་སྐོར་ལ་པེ་ཅིན་དམིགས་གསལ་གྱིས་ཚོར་བ་རྣོན་པོ་ཡོད། རང་དབང་ཁང་པ་རུ་ཕྱག་ལས་གནང་བཞིན་པའི་དཀྱིལ་ཤར་ཨེ་ཤི་ཡའི་ཆེད་ལས་མཁས་པ་སཱ་རཱ་ཁུའུ་ཁི་ཡིས་བརྗོད་དོན། “Tརྟགས་ཅན་གྱི་བརྗོད་གཞི་གསུམ་ཡོད་པ་ནི་བོད་དང་ཐེ་ཝན། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་བཅས་རེད། རྗེས་མ་འདི་ནི་ཁྱོད་ཀྱིས་ཤེས་གསལ་ལྟར། སྤྱི་ལོ་༡༩༨༩ལོར་སློབ་མ་ཚོའི་ངོ་རྒོལ་སྐབས་སུ་རྒྱ་ནག་སྲིད་གཞུང་གིས་སྡེབ་གསོད་བྱེད་སའི་ཐང་ཆེན་དེ་རེད། ཁུའུ་ཁེ་ཡིས་ད་དུང་པེ་ཅིན་གྱིས་བོད་དང་གནམ་བདེ་སྒོ་མོ་ཆེ་ལས་ཐེ་ཝན་གྱི་སྐོར་ལ་ཅུང་ཙམ་གུ་ཡངས་མང་བ་བྱེད་ཀྱི་འདུག དེའི་རྗེས། ད་དུང་ཡུ་གུར་དང་ཧྥ་ལུང་ཀོང་ཡོད་པ་རེད་ཟེར། ཡུ་གུར་ནི་ཁ་ཆེ་གྲངས་ཉུང་མི་རིགས་ཤིག་རེད། ཁོང་ཚོར་སྡུག་སྦྱོང་མནར་གཅོད་ཆེན་པོ་གཏོང་གི་ཡོད་པ་རེད། ཧྥ་ལུང་ཀོང་ནི་ཆོས་ཕྱོགས་ཀྱི་ལས་འགུལ་ཞིག་རེད། དེའི་རྗེས་འཇུག་པ་ཚོར་ཡང་མནར་གཅོད་གཏོང་གིན་ཡོད་པ་རེད།

ལིན་ཁི་ནི་སྤྱི་ལོ་༡༩༩༠ལོའི་ལོ་དཀྱིལ་ནས་བཟུང་མིང་གཞུང་ནག་པོའི་ནང་ཚུད་ཡོད་པ་རེད། ཁོང་གིས་བརྗོད་དོན། ཐོ་མིང་དེའི་ནང་དུ་ཚུད་པའི་སྐོར་ལ་སུན་གཙེར་བཟོ་བའི་དོན་དག་གཅིག་ནི་སློབ་མ་དག་དང་གཞོན་སྐྱེས་གཙུག་ལག་སློབ་དཔོན་དག་གིས་འཆར་ཅན་དུ་ཁོང་ལ་“ངས་ཅི་ཞིག་བརྗོད་ཐུབ་བམ། ཅི་ཞིག་སྒྲུབ་ཐུབ་བམ། མིང་གཞུང་དེའི་ནང་དུ་ང་ཇི་ལྟར་མི་ཚུད་པར་བྱེད་དགོས་སམ།” ཁོང་ཚོས་གཤམ་གསལ་ལྟར་བརྗོད་ངེས་རེད། “ངས་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པ་རུ་ཟུར་སྦྱོང་ཞིག་བྱེད་ན་འགྲིག་གི་རེད་དམ།”ཁོང་ཚོས་ཐ་ན་“ངས་ཁྱོད་ངོ་ཤེས་ཀྱི་ཡོད་ཅེས་བརྗོད་ན་འགྲིག་གི་རེད་དམ”འདི་འདྲའང་འདྲི་བ་རེད། ལིན་ཁི་ཡིས་དོགས་ཟོན་གྱི་སྐོར་ལ་གཅིག་རྗེས་གཉིས་མཐུད་ཀྱི་དཔེ་མཚོན་ལུང་འདྲེན་བྱེད་ཐུབ་ཀྱི་རེད། དེ་ལས་ཀྱང་སྡེར་མའི་བྱ་སྤྱོད་ཐད་ལ་དཔེར་བརྗོད་འཇོག་གི་རེད། ཁོང་གི་ལས་གྲོགས་ཁ་ཤས་ཤིག་གིས་སློབ་མ་ཞིག་ལ་རྒྱ་ནག་གི་དམངས་གཙོའི་སྐོར་ལ་ཆེད་རྩོམ་མི་འབྲི་བའི་ལམ་སྟོན་གནང་བ་རེད། ཁོང་གི་མཐར་ཕྱིན་ཆེད་རྩོམ་ལ་བརྗོད་བྱ་གཞན་ཞིག་འདེམས་དགོས་པ་དང་དམངས་གཙོའི་སྐོར་བྲིས་ཀྱང་དགེ་ཕན་མེད་པའི་སློབ་སྟོན་གནང་ཡོད་འདུག ལས་གྲོགས་གཞན་ཞིག་ལ་ཧྥ་ལུང་ཀོང་གི་སྐོར་ལ་དགེ་ཕན་ཆེ་བའི་སྐད་ཆ་བཤད་རྒྱུ་ཡོད་ཀྱང་བརྙན་འཕྲིན་ནང་བཤད་པའི་ཁས་ལེན་གནང་མེད་པ་རེད། ལིན་ཁི་དང་གཞན་པ་སྙིང་སྟོབས་ཅན་གྱི་ཤེས་ཡོན་པ་ཚོས་དམིགས་བསལ་དུ་ཁོང་ཚོའི་ལས་གྲོགས་གཞོན་སྐྱེས་ཚོའི་སེམས་ཁྲལ་དག་ལ་བསམ་ཤེས་བྱེད་ཐུབ་ཀྱི་ཡོད། ཁོང་ཚོས་དེ་དག་ལ་དགོས་མེད་ཀྱི་ཉེས་འཛུགས་གནང་གི་མེད་དེ། རྒྱ་ནག་གིས་མཐོང་མཆན་ཡི་གེ་ཞིག་དགག་བྱ་གནང་ན་ལས་རིགས་ཤིག་བར་ཆད་བཟོ་ཐུབ་ཀྱི་ཡོད།

དེ་ལྟ་ནའང་། ཤེས་ཡོན་པ་ཚོ་ཁོང་ཚོའི་བསམ་པ་ལས་རྒྱང་དུ་འགྲོ་ཐུབ་ཀྱི་ཡོད། ཁོང་ཚོས་ཁོང་ཚོའི་བློ་ལ་འཆར་བ་ལས་ལྷག་པར་བརྗོད་ཐུབ་ཀྱི་ཡོད། སྒྲུབ་ཐུབ་ཀྱི་ཡོད། ཁོང་ཚོས་ཁོང་ཚོའི་རང་ཉིད་ལ་ཞིབ་དཔྱོད་གནང་གི་ཡོད། “ཁྱོད་རང་ཁྱོད་རང་ཉིད་ཀྱི་ཉེན་རྟོག་དཔོན་ལ་འགྱུར་གྱི་ཡོད།” ལིན་ཁི་ཡིས་དེ་ལྟར་བརྗོད་ཀྱིན་འདུག ཡཱང་ཅན་ལིས་སྣང་ཚུལ་འདིར་བརྟག་ཞིབ་ལོ་མང་རིང་གནང་འདུག ཁོང་ནི་དམངས་གཙོའི་འགོ་ཁྲིད་རྒྱ་མི་ཞིག་རེད། ཆབ་སྲིད་བཙོན་ཟུར་ཞིག་རེད། ཨ་རིའི་མཐོ་སློབ་དག་ནས་འབུམ་རམས་པའི་ཕྱག་འཁྱེར་གཉིས་ལེན་མཁན་གྱི་ཤེས་ཡོན་ཅན་ཞིག་རེད། ཕྱག་འཁྱེར་གཅིག་བྷར་ཁེ་ལའེ་རུ་ཨང་རྩིའི་སྒང་ལ་བླངས་འདུག གཞན་པ་དེ་ཧཱ་ཝར་ཊི་རུ་ཐོན་སྐྱེད་བགོ་འགྲེམ་གྱི་རྣམ་གཞག་སྒང་ལ་འབུམ་རམས་པའི་ལག་འཁྱེར་བླངས་ཡོད་པ་རེད། ཁོང་གིས་གནས་བབ་ཧ་ཅང་བརྟན་པོ་ཐོག་ཏུ་ཡོད་མཁན་གྱི་མི་རྣམས་ཀྱིས་ཁོང་ཚོ་འབྱུང་བར་ཉེ་བའི་ཉེན་ཁ་ཞིག་གི་ནང་ལ་ལྷུང་ཡོད་པ་འདྲ་བའི་བྱ་སྤྱོད་སྟོན་གྱི་འདུག་ཟེར། ཁོང་ཚོས་ལས་དོན་ཡག་པོ་སྒྲུབ་ཐུབ་ཀྱི་ཡོད་དེ་སྐད་ཆ་བདེན་པ་༼འདི་ནི་སྐད་ཆ་གཅིག་པ་ཡིན་སྲིད།༽བཤད་ན་འགྲིག དོན་དམ་པར་དེར་ཉེན་ཁ་མེད། འོན་ཀྱང་། ཁོང་ཚོས་དེ་ལྟར་སྒྲུབ་པར་གཡོལ་གྱི་ཡོད། ༢༠༠༧་ལོར་སྐུ་ཞབས་ཡཱང་གིས་ཧཱ་ཝར་ཊི་སློབ་ཆེན་གྱི་ཁའེ་ནེ་ཊའི་གཞུང་གཉེར་སློབ་གྲྭ་རུ་“འཇིགས་སྣང་ལས་ཐར་བར་བྱེད་པ”་ཞེས་པའི་ཐོག་ཏུ་གཏམ་བཤད་ཅིག་གནང་ཡོད་པ་རེད།

གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་རྗེས་སུ་རྒྱ་གཞུང་གིས་རྒྱལ་ཁབ་ཕྱི་ནང་གི་ཤེས་ལྡན་པ་ཚོར་འབྲེལ་ལམ་འཛུགས་པའི་ཐག་གཅོད་བྱས་ཡོད་པ་རེད། སྐུ་ཞབས་ཡཱང་གིས་དེ་ལྟར་ཟེར། སི་ཝེ་ཏི་ཡིས་འདི་སྒྲུབ་པར་དངོས་གནས་སུན་སྣང་གཏན་ནས་བྱེད་ཀྱི་མེད། རྒྱ་མི་ཚོས་དངུལ་མཁོ་སྤྲོད་གནང་གི་ཡོད། ལས་རིམ་གོ་སྒྲིག་གནང་གིན་ཡོད། སྤོབས་ཉམས་དོད་པོ་བྱེད་ཀྱི་ཡོད་པ་རེད། འདི་དག་མཐུན་འབྲེལ་གྱི་ཆེད་རེད་དམ། སྡང་དགྲར་འཛིན་པའི་བློ་དོར་བའི་ཆེད་རེད་དམ། ཕྱར་བ་གྲུ་འདེགས་ཀྱི་ཆེད་རེད་དམ། སྐུ་ཞབས་ཡཱང་གིས་རྒྱ་ནག་ལ་ལྟ་སྐོར་འགྲོ་མཁན་གྱི་ནུབ་ཕྱོགས་ཀྱི་ཤེས་ཡོན་པ་ཚོ་སྣེ་ལེན་གཟབ་རྒྱས་ཡང་ཡང་གནང་གི་ཡོད་རེད་ཟེར། ནུབ་ཕྱོགས་སུ་ཁོང་ཚོ་ནི་ཟས་སྐམ་ཚོང་ཁང་ནང་གི་སྐྱེས་པ་ཕོ་མོ་ཙམ་རེད། རྒྱ་ནག་ནང་དུ་ཁོང་ཚོར་རྒུན་ཆང་དང་གསོལ་ཚིགས་ཞལ་ལག་འདེགས་འབུལ་གནང་གི་ཡོད་རེད། འདི་ལ་རང་བཞིན་གྱིས་སྐྱིད་པོ་དང་ཡིད་དབང་འཁྲུལ་ཤུགས་ཆེན་པོ་ཡོད་རེད། ལས་སླ་བོ་དོར་ཐུབ་ཀྱི་མ་རེད། དེའི་ཁར། གུས་ཞབས་ཅན་གྱི་མི་རྣམས་ཀྱིས་ཁོང་ཚོའི་གསོལ་སྟོན་སྦྱིན་བདག་དག་ལ་འཁང་ར་བྱེད་ཀྱི་མ་རེད། མ་རེད་དམ། དེ་ལས་ཀྱང་གཙོ་ཆེ་བ་ཞིག་ནི། ཡིག་ཚང་དག་ལ་འབྲེལ་བ་བྱེད་ཐབས་ཙམ་མ་ཡིན་པར་འབྲེལ་ཡོད་མི་སྣ་དག་ལ་འབྲེལ་གཏུགས་བྱེད་ཐབས་ཀྱི་ལམ་ཁ་ཡོད་པ་རེད། གཙུག་ལག་སློབ་དཔོན་ཞིག་གིས་“ངས་ཚོགས་གཙོ་གཞོན་པ་ལུའུ་ཡི་བློ་ཐག་ཉེ་བའི་མི་ཞིག་ལ་སྐད་ཆ་བཤད་སྐབས་ཁོང་གིས་བརྗོད་དོན་་་་་་་་་་”

མུ་འགོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*