སྒལ་ཚིགས་ཅན་གྱི་ཤེས་ཡོན་པ་དག (བར་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
རྩོམ་པ་པོ་རྗེ་ནོར་ཊ་ལིན་རྒར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཕེན་སེལ་བཱ་ནེའི་Pennsylvaniaསློབ་ཆེན་གྱི་རྒྱ་ནག་ཞིབ་འཇུག་པ་ཨར་ཐར ཝལ་སྒྲོན་ནི་འདི་དག་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད། ཁོང་གིས་བརྗོད་དོན། “རྒྱ་ནག་ཏུ་ཁྱོད་རང་ལ་ལས་གཞི་ཞིག་ཡོད་དུས་ཁྱོད་རང་དེའི་གཏའ་མ་འགྱུར་གྱི་རེད།” “རྒྱ་ནག་གི་ཆེད་ལས་པ་ཚོས་རུས་མིང་དང་ཁུངས་སྐྱེལ་སྐྱུར་དགོས་པ་དང་ཁོང་ཚོའི་ནང་ཁུལ་གྱི་ཤེས་ཡོན་ངོམ་སོ་བྱེད་དགོས་པའི་གནོན་ཤུགས་ཧ་ཅང་ཆེན་པོ་ཞིག་ཡོད་པ་རེད།” “གལ་ཏེ་ཁྱོད་རང་ཕེ་རེ་ལིན་ཁི་ནང་བཞིན་ལྟ་བ་ཐ་དད་འཛིན་མཁན་ཚོར་གུ་ཡངས་པོ་བྱས་ན། མི་རྣམས་ཀྱིས་ཁྱོད་ལ། ‘ཕེ་རེ་ནི་ཤེས་ཡོན་པ་སྙན་གྲགས་ཅན་ཞིག་ཡིན་ནའང་། ཁོང་རྒྱ་ནག་ལ་ལོ་ངོ་བཅུ་ཕྲག་གཅིག་ལས་མང་བའི་རིང་འགྲོ་མྱོང་ཡོད་མ་རེད། ཁོང་ཡག་པོ་ཡོད་མེད་ལ་མ་ལྟོས་པར་རྒྱ་ནག་ལ་འབྲེལ་མཐུད་ཆད་འགྲོ་ངེས་རེད། གང་ལྟར་ཡང་། རྒྱ་ནག་རྒྱུན་ཆད་མེད་པར་འགྱུར་བ་འགྲོ་བཞིན་ཡོད་པ་རེད། ཅེས་ཟེར་གྱི་རེད།’” འདི་ལ་གནོད་འཚེ་ཅན་གྱི་ཤུགས་རྐྱེན་ཞིག་ཡོད་པ་རེད། ཝལ་སྒྲོན་གྱིས་དེ་ལྟར་ཟེར། མི་ཞིག་གི་“ཤེས་ཡོན་གྱི་དབང་ཚད”་ལ་“སྣང་ཆུང་”བྱེད་པའི་ཐབས་ལམ་མང་པོ་ཞིག་ཡོད་པ་རེད།

ངའི་རང་གི་ཉམས་མྱོང་ལྟར་ན། སྐུ་ཞབས་ལིན་ཁི་ནི་ཆེས་བག་ཡོད་ཚུལ་ལྡན་ཞིག་རེད། ཡིན་ཡང་། གཞན་པ་ཚོ་ཁོང་གི་ངོ་ཚབ་ཏུ་བཞག་ན་བག་མེད་ཅིག་རེད། ཁཱ་ལི་ཧྥོར་ནཱི་ཡཱ་སློབ་ཆེན་གྱི་གཙུག་ལག་སློབ་དཔོན་དང་ཕུ་རིན་སི་ཁྲོན་སློབ་ཆེན་དུ་བཞུགས་པའི་མཚན་གནས་ཅན་གྱི་རྒན་ཡོལ་གཙུག་ལག་སློབ་དཔོན་རེ་ཝར་སི་ཊིས་དུས་ཡུན་རིང་བོ་ཞིག་གི་རིང་ལ་འགལ་ཟླའི་བསམ་ཚུལ་ཅན་གྱི་རྗེས་སུ་ཀ་ལངས་ལངས་བྱས་ཡོད། གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སྐབས་སུ་ཁོང་གིས་ཧྥང་ལི་ཀྲི་དང་ཁོང་གི་ཆུང་མ་ལི་ཧྲུའུ་ཞན་གཉིས་ཨ་རི་གཞུང་ཚབ་ཁང་དུ་ཁྲིད་པ་རེད། ཧྥང་ནི་འགལ་ཟླའི་བསམ་ཚུལ་ཅན་གྱི་ཚན་རིག་པ་སྙན་གྲགས་ཅན་ཞིག་རེད། ཁོང་རྒྱ་ནག་སྲིད་གཞུང་གི་མིང་གཞུང་ནག་པོའི་སྟེང་གི་ཆེས་འཛིན་བཟུང་བྱེད་དགོས་པའི་མི་སྣ་དང་པོ་དེ་རེད། ལོ་ངོ་ཁ་ཤས་ཤིག་གི་རྗེས་སུ་ལིང་ཁི་ཡིས་གནམ་བདེ་སྒོ་མོ་ཆེའི་ཡིག་ཆ་རྩོམ་སྒྲིག་གནང་བ་རེད། དེ་ནི་ངོ་རྒོལ་དང་སྡེབ་གསོད་སྐོར་གྱི་རྒྱ་གཞུང་གི་གསང་བའི་ཡིག་ཆ་ཞིག་རེད། ཁོང་གི་རྩོམ་སྒྲིག་ལས་རོགས་ནི་ཨན་ཊི་ཡུའུ ནཱ་ཐན་རེད། ནཱ་ཐན་ནི་ཁོ་ལུམ་བྷེ་ཡཱ་སློབ་ཆེན་གྱི་ཤེས་ཡོན་ཅན་ཞིག་རེད། ཁོང་ཡང་མིང་གཞུང་ནག་པོའི་ནང་ཡོད། ལིན་ཁི་ཡིས་བརྗོད་དོན། “ཨན་ཊེ་དང་ངེད་གཉིས་མིང་གཞུང་དེའི་སྟེང་གི་ངོ་ཚབ་རྙིང་བ་ལྟ་བུ་ཞིག་དང་རྒྱང་དུ་བརྒལ་དྲགས་པའི་དཔེ་མཚོན་དུ་བཞག་ཡོད་པ་རེད། ང་ཚོ་བསམ་མེད་ཀྱི་ཐོག་ནས་རྒྱ་གཞུང་གི་ལག་ཆ་ཞིག་ལ་འགྱུར་གྱི་ཡོད་སྟེ། ཁོང་ཚོས་ཨན་ཊེ་དང་ངེད་གཉིས་སྤྱད་དེ་གཞོན་སྐྱེས་ཤེས་ཡོན་ཅན་ཚོར་འཇིགས་སྣང་སྐུལ་གྱི་ཡོད་པ་རེད།” ཝལ་སྒྲོན་གྱིས་སྐུ་ཞབས་ ལིན་ཁི་ནི་དེ་སྔོན་པེ་ཅིན་དུ་ཡོད་པའིི་ཕུ་རིན་སི་ཁྲོན་གྱི་རྒྱའི་སྐད་ཡིག་ལས་རིམ་གྱི་འགོ་བ་ཡིན་པར་བརྗོད་ཀྱིན་འདུག

རྒྱ་ནག་གིས་ལིན་ཁི་བཀག་སྡོམ་བྱེད་སྐབས་ཕུ་རིན་སི་ཁྲོན་གཙུག་ལག་སློབ་གཉེར་ཁང་གིས་ཨ་རིའི་སློབ་ཆེན་དག་གི་ཐུན་མིན་གྱི་གོམས་སྲོལ་ཏེ་ཅི་ཡང་མ་བྱས་པ་རེད། དེ་སྔ་དེ་རུ་འདེམས་ཀའི་ལམ་ཁ་ཞིག་ཡོད་པ་རེད། ཝལ་སྒྲོན་གྱིས་བརྗོད་དོན། “ཁོང་ཚོས་‘གཙུག་ལག་སློབ་དཔོན་ལིན་ཁི་ནི་ང་ཚོའི་ངེས་སྟོན་པ་ཡིན། ཁོང་མུ་མཐུད་ང་ཚོའི་ངེས་སྟོན་པ་བྱ་རྒྱུ་རེད། གལ་ཏེ་ཁྱོད་ཚོར་ཁོང་མི་དགོས་ན། འགྲིག་གི་རེད། ང་ཚོས་ལས་རིམ་འདི་ཐེ་ཝན་དུ་བསྣུར་གྱི་ཡིན། དེ་ཁྱོད་ཚོ་ལ་རག་ལས་པ་རེད’”་ཅེས་བརྗོད་ཆོག་གི་རེད། ཡིན་ནའང་། ཨ་མེ་རི་ཁའི་བྱེད་སྟངས་དེ་འདྲ་མ་རེད། ཡུལ་དེ་རུ་རྒྱ་ནག་ལ་སེམས་འཁྲལ་གནང་གི་ཡོད། ཝལ་སྒྲོན་གྱིས་སྐུ་འདས་གྲོངས་སུ་ཕྱིན་ཚར་བའི་རྗམ་མེ་སི ལི་ལེ་ནི་དཀྱིལ་ཤར་ཨེ་ཤི་ཡའི་ཆེད་ལས་པ་ཞིག་ཡིན་ཞིང་ཁོང་གིས་དེ་སྔ་རང་གི་རྒྱལ་འབྲེལ་སྲིད་ཇུས་ཀྱི་ལས་རིགས་གཡུགས་ནས་རྒྱ་ནག་ཏུ་ཨ་རིའི་གཞུང་ཚབ་ཀྱི་ཕྱག་ལས་གནང་དུ་ཕེབས་པ་རེད། ཝལ་སྒྲོན་གྱིས་ “གལ་ཏེ་ཁྱོད་ཚོས་རྒྱ་གཞུང་མ་བཙིར་ན་ཁོང་ཚོ་ལས་ཁྱོད་ལ་ཅི་ཡང་ཐོབ་ཀྱི་མ་རེད་” ཅེས་པའི་ཁོང་གི་སྐད་ཆ་ཞིག་ལུང་འདྲེན་གནང་གི་འདུག ཡིན་ནའང་། ཤེས་ཡོན་པ་ཚོ་དང་ཚོང་པ་དག གཞུང་ཞབས་པ་དག་ལ་ཁོང་ཚོ་བཙིར་བའི་འདུན་པ་གཏན་ནས་ཡོད་པ་མ་རེད།

ཝལ་སྒྲོན་གྱིས་ཀྱང་དེའི་སྐོར་ལ་སྐེ་བསྲིངས་བ་རེད། ཡིན་ཡང་། ཁོང་བཀག་སྡོམ་བྱས་མེད། རྒྱ་ནག་གི་དབང་འཛིན་པ་ཚོས་ཁོང་ལ་དཀའ་ཁག་བཟོས་ཡོད། ཁོང་རྒྱ་ནག་ཏུ་འདུག་པའི་ཉིན་མ་གཏན་འཁེལ་བཟོས་ཡོད་པ་རེད། ཡིན་ནའང་། ཁོང་མིང་གཞུང་ནག་པོའི་ནང་དུ་ཡོད་པ་མ་རེད། ཁོང་གིས་འགྲེལ་བཤད་བསྐྱོན་པ་ལྟར་ན་དེའི་ཚབ་ལ་ཁོང་“graylist” ནང་དུ་ཡོད་འདུག ཉེ་ཆར། འཇར་པན་གྱི་རྒྱང་བསྒྲགས་ལས་ཁུངས་ NHK གྱིས་ཁོང་ལ་ཁུང་ཙིའི་རིང་ལུགས་སློབ་གཉེར་ཁང་དག་གི་སྐོར་ལ་སྐད་ཆ་བཤད་དགོས་པར་བསྐུལ་པ་རེད། འདི་ཚོ་ནི་རྒྱ་གཞུང་གིས་འཛམ་གླིང་གང་སར་བཙུགས་ཡོད་པའི་སྐད་ཡིག་དང་རིག་གཞུང་གི་བསྟི་གནས་དག་རེད། འདི་དག་ཨ་མེ་རི་ཁའི་མཐོ་སློབ་ཀྱི་ཁོར་ཡུག་དག་གི་ནང་དུ་ཡང་བཙུགས་ཡོད། ཁོང་ཚོ་ནི་པེ་ཅིན་གྱི་“ཞི་འཇམ་གྱི་སྟོབས་ཤུགས”་མཚོན་བྱེད་ཅིག་རེད། འདི་ནི་དེའི་ཤུགས་རྐྱེན་བཟང་ཕྱོགས་ནས་སྤེལ་བའི་འབད་བརྩོན་ཞིག་རེད། ངའི་བསམ་ཚུལ་ཡིན་ན། བསྟི་གནས་འདི་ཚོ་ནི་བྱིན་རླབས་དང་ལྐོག་ཟ་རུལ་སུངས། སྨད་ར་བཅས་ཆེས་བཟང་ཕྱོགས་དང་ཆེས་སྡུག་ཕྱོགས་དག་གི་བསྲེས་མ་ཞིག་རེད་བསམ་གྱི་འདུག གང་ལྟར་ཡང་། འཇར་པན་གྱི་རྒྱང་བསྒྲགས་ལས་ཁུངས་NHKཀྱི་ལག་ལ་བརྗོད་གཞི་དེའི་ཐོག་ཏུ་གསུང་བའི་འདུན་པ་ཡོད་མཁན་གྱི་ཨ་རི་བ་གཙུག་ལག་སློབ་དཔོན་ཞིག་རེག་པར་དཀའ་ངལ་འཕྲད་པ་རེད། དེའི་སྐབས་སུ་ཝལ་སྒྲོན་གྱིས་ཁས་ལེན་བྱས་པ་རེད། ཁས་ལེན་བྱས་པ་དང་ཁོང་གིས་ད་ནི་མཐོང་མཆན་ཡི་གེ་ཞིག་རེག་དཀའ་རྒྱུ་རེད་བསམས་པ་རེད། ཡིན་ནའང་། “ངའི་འདི་ལ་ལྟ་སྟངས་གཤམ་གསལ་ལྟར། གལ་ཏེ་ཁྱོའི་སློབ་ཆེན་གྱིས་ཡོང་འབབ་ཀྱི་ཆེད་ལ་མ་དངུལ་ཞལ་འདེབས་ཤིག་གནང་བ་ཡིན་ན་ཁྱོད་ཀྱིས་རང་གི་འཚོ་གནས་ཀྱི་ཆེད་ལ་ཁྲོམ་རྭའི་ནང་དུ་འཐབ་རྩོད་བྱེད་དགོས་འབྱུང་གི་མ་རེད། ཁྱོད་ཀྱིས་ག་རེ་བསམ་པ་དེ་བརྗོད་ཀྱང་ཁྱོད་ཀྱི་མདུན་ལམ་ཁག་ཐེག་བྱས་ཡོད་པ་རེད། ཁྱོས་ག་རེ་བསམ་པ་དེ་བརྗོད་དགོས་བ་རེད། དེ་ནི་ཚོང་འབྲེལ་གྱི་ཆ་ཤས་ཤིག་རེད།” ཝལ་སྒྲོན་གྱིས་བརྗོད་པ་ལྟར་ན་གལ་ཏེ་ཁོང་གིས་འཇར་པན་གྱི་རྒྱང་བསྒྲགས་ལས་ཁུངས་ NHK ཀྱི་རེ་སྐུལ་དེ་ཁས་ལེན་བྱས་མེད་ན་ཁོང་རང་གི་བསམ་པ་ལྟར་གནས་ཐུབ་མེད་པར་བརྗོད་སོང་།

ཁོང་གིས་“བྱང་ཀོ་རི་ཡས་ཀོ་རི་ཡའི་དམག་འཁྲུག་འགོ་བཙུགས་པ་རེད”་ཅེས་ལྟ་བུ་དག་བརྗོད་པར་བརྟེན་ཆེད་ལས་ཀྱི་ཐོག་ནས་དཀའ་ངལ་རབ་དང་རིམ་པ་མང་པོ་ཞིག་མྱངས་ཡོད་པ་རེད། སྐད་ཆ་དེ་ནི་ཁྱོད་དང་ང་ལ་མཚོན་ན་དངོས་འབྲེལ་གྱི་བདེན་པ་ཞིག་རེད། ཡིན་ཡང་། རིག་གཞུང་སློབ་གཉེར་བའི་སྡེ་དག་ལ་མཚོན་ན་དེ་ནི་བཟོད་མི་བདེ་བ་དང་སྤྲོ་བ་མེད་པའི་བསམ་ཚུལ་ཞིག་ཡིན་སྲིད། “སྣུམ་འཁོར་བཤིག་བཞིན་ཁྱོད་རང་ལ་མཚམས་རེར་བརྡབ་སྐྱོན་འབྱུང་གི་རེད།”ཝལ་སྒྲོན་གྱིས་བརྗོད་དོན། “ཡིན་ཡང་། ང་གསོན་གནས་བྱེད་ཐུབ་ཡོད། ང་རང་ད་ལྟ་སློབ་ཆེན་རྩེད་གྲས་ཤིག་ཏུ་ཡོད། གཞན་པ་ཚོ་བཙོན་ཁང་ནང་ཡོད་པའམ་ཡང་ན་བཀྲོངས་ཚར་བ་རེད།” ༼སྐབས་འདིར་ཁོང་གིས་ལྟ་བ་ཐ་དད་འཛིན་མཁན་གྱི་རྒྱ་མི་ཚོ་བརྗོད་ཀྱི་ཡོད་པ་བཤད་མ་དགོས་བ་ཞིག་རེད།༽”

རྒྱ་ནག་གིས་མཐོང་མཆན་ཡི་གེ་ལ་འཛིན་སྟངས་ནི་དེའི་ངེས་མེད་ཐོལ་བྱུང་གི་བྱ་སྤྱོད་དམ་ཡང་ན་དེ་དང་ཆ་མཚུངས་བའི་བྱ་སྤྱོད་དེ་རེད། བྱ་སྤྱོད་དེ་ནི་གཅིག་བྱས་ན་ཆེས་ཁྲོང་ཁྲོ་སློང་སྤྱད་ཅིག་དང་ནུས་པ་ཅན་ཞིག་ཡིན་པ་རེད། ཁྱོད་ཀྱིས་གྲུའི་རླུང་གཡོར་གྱི་འཕྲད་ཤིང་ག་དུས་ཤིག་ལ་དམའ་རུ་གཏོང་མིན་དང་མི་སུ་ལ། རྒྱུ་མཚན་ཅི་ཞིག་ཡིན་པ་ནམ་ཡང་ཤེས་ཀྱི་མ་རེད། རྒྱ་མི་ཚོས་ཕྱི་གླིང་གི་ཤེས་ཡོན་པ་ལ་ཁོང་གི་འདོད་པ་ལྟར་སྐྱོན་བརྗོད་བྱེད་འཇུག་གི་རེད། ཁོང་གི་འདོད་པ་ལྟར་ཕར་འགྲོ་ཚུར་ཡོང་བྱེད་དུ་འཇུག་གི་རེད། དེ་ནས་ཉིན་ཞིག་ལ། ཁྱོད་ལ་“ཁྱོད་ཀྱིས་རྒྱུ་མཚན་ཤེས་གསལ་རེད། ང་ཚོས་ཁྱོད་ལ་བརྗོད་དགོས་ཀྱི་མ་རེད”་ཅེས་བཤད་ངེས་རེད། སྤྱི་ལོ་༢༠༠༢ ལོར་ཕེ་རེ་ལིན་ཁི་ཡིས་“ཆུ་དང་ཤིང་གསེབ་ན་གནས་པའི་སྦྲུལ་ཆེན་ཨེ་ནཱ་ཁོན་ཌ་”ཞེས་པའི་རྩོམ་ཡིག་ཧ་ཅང་སྐད་གྲགས་ཅན་ཞིག་བྲིས་པ་རེད། རྒྱ་གཞུང་ནི་ཁྱོད་ཀྱི་སྡོད་ཁང་ནང་གི་ངར་སྒྲ་སྒྲོག་པའི་སྟག་ཅིག་གམ་མེ་དང་དུ་བ་ལྷོག་ལྷོག་རྔུབ་པའི་འབྲུག་ཅིག་དང་འདྲ་བོ་ཡོད་པ་མ་རེད། ༼ཁྲིན་ཀོན་ཁྲིན་དང་གཞན་དག་འགལ་ཟླའི་བསམ་ཚུལ་ཅན་དག་ལ་མཚོན་ན་དེ་འདྲ་ཡིན་སྲིད་པ་རེད།༽ དེ་ནི་ཧ་ཅང་སྟོབས་ཆེ་བའི་སྦྲུལ་ཆེན་ཨེ་ནཱ་ཁོན་ཌ་ཞིག་མགོ་ཐོག་ནས་མར་ལ་འཁྱིལ་ནས་ཡོད་པ་ཞིག་ལ་འདྲ་བོ་ཡོད་རེད། དུས་རྒྱུན་སྦྲུལ་ཆེན་དེ་འགུལ་གྱི་མ་རེད། འགུལ་དགོས་དོན་ཡང་ཡོད་མ་རེད། དེ་ཡིས་བཀག་སྡོམ་དག་གི་སྐོར་ལ་གསལ་པོ་བཟོ་མི་དགོས་པར་ཚོར་གྱི་ཡོད་རེད། དེའི་ཁུ་སིམ་སིམ་གྱི་བརྡ་ལན་ནི་‘ཁྱོད་རང་ཉིད་ཀྱིས་ཐག་གཅོད’་ཅེས་པ་འདི་རེད། དེའི་རྗེས་ནས། དེའི་གྲུབ་གཟུགས་འོག་ཏུ་ཁོ་རང་ངམ་མོ་རང་གིས་རང་ཉིད་ལ་སྡོད་གནས་ཤིག་‘རང་བཞིན་’གྱིས་སྙོམ་སྒྲིག་གནང་གི་རེད།”

རྗོ་ནཱ་ཐན མིར་སི་ཁེ་ཡིས་༼ཕར་འགྲོ་ཚུར་ཡོང་བྱས་ནས༽་རྒྱ་ནག་ནང་ལས་ཀ་བྱས་ཏེ་ཕལ་ཆེར་ལོ་ངོ་ཉི་ཤུ་འགོར་གྱི་ཡོད། ཁོང་ནི་སྤྱི་ལོ་༡༩༧༢་ནང་རྒྱ་ནག་ཏུ་འབྱོར་བའི་ནུབ་ཕྱོགས་པ་ཚོའི་གྲས་ཀྱི་གཅིག་རེད། ཁོང་གིས་དྲང་པོ་དྲང་བཞག་གི་ཐོག་ནས་རྩོམ་ཡིག་འབྲི་གི་ཡོད་སྟབས་ཉིན་ཞིག་ཁོང་ཡང་རྒྱ་ནག་ནས་སྤོས་འགྲོ་བ་ཁོང་གིས་རྟོགས་ཡོད། ཡིན་ནའང་། རྒྱ་གཞུང་གིས་སྤྱི་ལོ་༡༩༩༡་མ་ཐོན་བར་དུ་ཁོང་བཀག་སྡོམ་བྱས་མེད་པ་རེད། ཁོང་ཚོས་སྐབས་དེར་ཁོང་ལ་ཅིའི་ཕྱིར་དེ་ལྟར་བསྒྲུབས་པ་རེད། སུ་ཞིག་གིས་ཤེས་ཀྱི་རེད་དམ། ཉིན་ཞིག་ཁོང་གི་ལོ་མང་རིང་གི་གྲོགས་པོས་ཁོང་ལ་“ང་ཚོས་ཁྱོད་རང་སང་ཉིན་རྒྱ་ནག་དང་ཁ་འབྲལ་དགོས་པར་བསམ་གྱི་ཡོད།”ཅེས་བརྗོད་པ་རེད། “སྐུ་ཞབས་ཝང་ལགས། དངོས་གནས་རེད་དམ། ཁྱོས་དངོས་གནས་བཤད་ཀྱི་ཡོད་དམ། ཁྱོད་ལ་བཀའ་དྲིན་ཤིན་ཏུ་ཆེ། ཁྱོད་ཀྱིས་ང་རང་ཆེས་སྐྱིད་ཤོས་ཀྱི་མི་ཞིག་ལ་བཟོས་པ་རེད།” མིར་སི་ཁེས་ཡིས་དེ་ལྟར་ལན་བཏབས། སྐུ་ཞབས་ཝང་མགོ་འཐོམས་པ་རེད། ཁོང་རང་གིས་ནམ་རྒྱུན་དེ་ལྟར་ཡ་ལན་གནང་གི་མ་རེད། མིར་སི་ཁེ་ཡིས་འགྲེལ་བཤད་གནང་དོན། “ཁྱོད་ཀྱིས་བརྗོད་པ་ལྟར་ན་ང་རང་ད་ནས་བཟུང་མ་ཡུམ་ལ་བཙན་གཡེམ་བྱེད་པའི་རྒྱལ་ཁབ་འདིའི་ནང་དུ་འདུག་མི་དགོས་ཞེས་བརྗོད་ཀྱི་ཡོད་པ་རེད་དམ། རྒྱ་གཞུང་གིས་ང་རང་གི་ཁ་པར་ལ་ལྐོག་ཉན་བྱེད་ཀྱི་འདུག འགྲོ་སྐབས་སྲང་ལམ་དུ་རྗེས་འདེད་བྱས་ནས་ཡོང་གི་འདུག རྩོམ་ཡིག་འབྲི་དུས་རྒྱུན་ཆད་མེད་པར་ཉེན་བརྡ་གཏོང་གི་འདུག ད་ནས་འདི་འདྲའི་གནས་སྟངས་འོག་ཏུ་འདུག་མ་དགོས་བ་ནི་ཇི་འདྲའི་གདུང་སེལ་ཞིག་རེད་ཨང་། ”སྒྲུང་འདི་ལ་གསང་བརྡ་ཞིག་ཡོད་པ་རེད། ལོ་ངོ་ཁ་ཤས་ཤིག་གི་རྗེས་ནས། མིར་སི་ཁི་ཡིས་ཧྭ་ཝར་ཊི་སློབ་ཆེན་དུ་ཕྱག་ལས་གནང་འགོ་ཚུགས་སྐབས་ཁོང་སྔོན་གྱི་རྒྱ་མི་དེར་གློ་བུར་དུ་ཐུག་འཕྲད་བྱུང་བ་རེད། ཝང་གིས་བརྗོད་དོན། “སྐུ་ཞབས་མིར་སི་ཁེ། འདི་ནི་རྨི་ལམ་ཞིག་ལ་འདྲ་བོ་འདུག་ཨང་།” “མ་རེད། སྐུ་ཞབས་ཝང་། འདི་ནི་འཇིགས་སྐྲག་ཚ་བའི་རྨི་ལམ་ཞིག་རེད། ”དེའི་རྗེས། ཁོང་གཉིས་ཀྱིས་གཏན་ནས་ཕན་ཚུན་མཐོང་མྱོང་མེད།

མུ་འགོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*