སྒལ་ཚིགས་ཅན་གྱི་ཤེས་ཡོན་པ་དག (ཕྱི་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
རྩོམ་པ་པོ་རྗེ་ནོར་ཊ་ལིན་རྒར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཀོ་ལུམ་བྷི་ཡཱ་སློབ་ཆེན་གྱི་ཤེས་ཡོན་པ་ཨན་ཊི་ཡུའུ ནཱ་ཐན་གྱིས་ཁོང་དུས་སྐབས་མ་འདྲ་བ་གསུམ་ལ་བཀག་སྡོམ་བྱས་པར་གཟི་བརྗིད་དུ་བསམ་གྱི་འདུག གནམ་བདེ་སྒོ་མོ་ཆེའི་ཡིག་ཆ་ཐད་ལ་ཁོང་གི་འབྲི་རྩོམ་སྤེལ་རྗེས་ཁོང་གི་ལས་ཀ་གཞན་པ་དག་གཅིག་འཕྲོ་གཅིག་ཏུ་མཐུད་ཡོད། ཁོང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་འདྲ་མིན་ནང་ལ་ཚུད་ཡོད་སྟེ་རང་དབང་ཁང་པ། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་། རྒྱལ་ཁབ་ཀྱི་དམངས་གཙོའི་མ་རྩ་བཅས་སུ་ཕྱག་ལས་གནང་གི་ཡོད། སྤྱི་ཡོངས་ནས་བརྗོད་ན། ཁོང་གི་ལས་ཀ་དག་གོ་རིམ་བསྟར་སྒྲིག་གནང་ཡོད་པ་རེད། རྒྱ་ནག་ཞིབ་འཇུག་པ་གཞན་པ་ནང་བཞིན་རྒྱ་ནག་ལ་འགྲོ་མ་ཐུབ་པ་ཁོང་འགྱོད་པ་སྐྱེས་ཀྱི་ཡོད་པ་མངོན་གསལ་རེད། ཡིན་ཡང་། བཀག་སྡོམ་དེ་ཡིས་ཁོང་གི་ལས་རིགས་ལ་གནོད་པ་བསྐྱེད་མེད། རྒྱུ་མཚན་དང་པོ་ཐད་ལ་ཁོང་གི་བརྗོད་དོན། ཁོང་ལ་ལས་འཁུར་དུས་ཡུན་ཡོད་པ། རྒྱུ་མཚན་གཉིས་པ། ཁོང་གི་ཞིབ་འཇུག་ལས་ཀ་རྒྱ་ནག་ནང་གི་བྱ་བ་ལ་རེག་ལས་མེད་པ་རེད། ༼ཁོང་གི་བརྗོད་གཞི་གཅིག་ནི་རྒྱ་ནག་གི་ཕྱི་སྲིད་རེད། དེར་ཞིབ་འཇུག་བྱེད་པར་ཁྱེད་རང་རྒྱ་ནག་གི་ས་ཐོག་ཏུ་འགྲོ་དགོས་ཀྱི་མེད། མི་རྒྱུད་དཔྱད་རིག་ཡིན་ན་དེ་ལས་ལྡོག་སྟེ་འགྲོ་དགོས་པ་རེད།༽ རྒྱུ་མཚན་གསུམ་པ་ནི། བཀག་སྡོམ་བྱས་པ་འདི་འང་སློབ་ཡུལ་ཞིག་ཆགས་ཡོད་པ་རེད། དེའི་ཁྲོད་ནས་ཁྱོད་རང་གིས་ངོ་མཚར་བ་མང་པོ་ཞིག་སྦྱངས་ཐུབ་ཀྱི་ཡོད་དེ། རྒྱ་གཞུང་གིས་ལས་ཀ་ཇི་ལྟར་བྱེད་སྟངས། ཁྱོད་ཀྱི་ལས་གྲོགས་དག་གིས་ལས་ཀ་བྱེད་སྟངས་བཅས་སོ།

སྲིད་གཞུང་གིས་ཁྱོད་ལ་ཏར་འཕྲིན་ཞིག་བཏང་སྟེ་“ཚོད་དཔག་བྱེད་ཀྱི་ཡིན་ནམ། ཁྱོད་རང་བཀག་སྡོམ་བྱས་ཟིན”་ཞེས་བརྗོད་ཀྱི་མ་རེད། ཐེངས་རྗེས་མ་ཁྱོད་རང་མཐོང་མཆན་ཡི་གེ་ཞུ་རུ་འགྲོ་དུས་ཁོང་ཚོས་ཁྱོད་ལ་ལན་འདེབས་གནང་གི་མ་རེད། ཡང་ན། “ཁོང་ཚོས་ཁྱོད་ལ་དེ་ནི་འོས་མཚམས་ཀྱི་དུས་སྐབས་ཤིག་མ་རེད”་ཅེས་བརྗོད་ཀྱི་རེད། ཁྱོད་ཀྱི་ལས་གྲོགས་ཚོའི་སྐོར་ནས་བརྗོད་ན། ཁོང་ཚོས་ཁྱོད་རང་ནང་དུ་ཡོད་སྐབས་གྲོས་གླེང་ཚོགས་འདུའི་ཐོག་ཏུ་མགྲོན་འབོད་མི་གནང་ན་ཐང་། གང་ཡིན་ཞེ་ན། རྒྱ་ནག་གི་གཞུང་ཞབས་པ་ཚོ་དེ་རུ་ཡོང་ངེས་རེད། དེ་ནི་ཇི་འདྲ་ཡིན་པ་ཁྱོད་ཀྱིས་ཤེས་གསལ་རེད་་་་་་་་།

མགོ་སྒུར་ནས་འདུག་མཁན་གྱི་ནུབ་ཕྱོགས་ཀྱི་ཤེས་ཡོན་པ་ཚོ་ཚང་མ་“སྡར་མ་དང་རྫུན་ཤོད་མཁན། གཞུང་མི་དྲང་བ”་ཤ་སྟག་མ་རེད། ནཱ་ཐན་གྱིས་དེ་ལྟར་ཟེར་གྱི་འདུག ཁོང་གིས་འདི་ལ་རིགས་གསུམ་ཡོད་པར་སྨྲ། ཨ་རི་དང་རྒྱ་ནག་གཉིས་ཀའི་འབྲེལ་ལམ་ནི་ཧ་ཅང་གལ་ཆེན་པོ་ཡིན་སྟབས་རྣམ་པ་གང་གི་འོག་ནས་ཀྱང་འདིར་བར་ཆད་གཏོང་མི་འོས། ང་ཚོས་ངེས་པར་དུ་རྒྱ་མི་དམར་ཤོག་རིང་ལུགས་པ་ཚོ་དང་མཉམ་དུ་གྲོས་བསྡུར་ཞིག་བྱས་ཏེ་ཅི་ཞིག་གིས་ཁོང་ཚོ་དེ་འདྲར་ཡིད་ཆེས་བྱེད་དུ་བཅུག་པ་རྟག་ཞིབ་གནང་དགོས། དེའི་རྗེས། ཁོང་ཚོ་དང་མཉམ་དུ་འབྲེལ་ལམ་ཡག་པོ་ཡོང་བ་བྱེད་དགོས་ཞེས་“ཡོངས་སུ་བཀུར་འོས་པའི་བསམ་ཚུལ་”འཛིན་མཁན་སྐོར་ཞིག་ཡོད་པ་རེད། རིགས་གཉིས་པ་ནི། ཁོང་ཚོའི་ལས་རིགས་རྒྱ་ནག་ལ་འབྲེལ་བ་ཡོད་པ་རེད། གལ་སྲིད་རྒྱ་ནག་དང་འབྲེལ་ལམ་མ་བཙུགས་ན་ཁོང་ཚོའི་མདུན་ལམ་ལམ་ལྷོངས་མི་ཡོང་བའི་གཞོན་སྐྱེས་ཤེས་ཡོན་པ་སྐོར་ཞིག་ཡོད་པ་རེད། རིགས་གསུམ་པ་ནི་གང་རེད་དམ། ཁོང་ཚོ་ནི་“སྡར་མ་དང་རྫུན་ཤོད་མཁན། གཞུང་དྲང་པོ་མིན་པའི་”སྐོར་དེའོ།།

ཕེ་རེ་ལིན་ཁི་ཡིས་ཁོང་ལ་མཚོན་ན་རྒྱ་ནག་གིས་བཀག་སྡོམ་བྱས་རྗེས་“བཅིངས་གྲོལ”་ཐོབ་པ་ལྟ་བུའི་ཚོར་བ་ཞིག་བྱུང་བར་བརྗོད་ཀྱིན་འདུག སྦྲུལ་ཨེ་ནཱ་ཁོན་ཌ་ཡིས་ཁོང་གི་སྤྱོད་ལམ་ལ་མངོན་ཤུགས་གང་རུང་ནས་དབང་སྒྱུར་རམ་ཤུགས་རྐྱེན་སྤྲད་ཡོད་པ་རེད། “ང་རང་ཚོར་བ་རྣོན་པོའི་བརྡ་ཆད་དང་བརྗོད་གཞི་དག་ལ་གཡོལ་གྱི་ཡོད། ངས་བསམ་ཚུལ་ཁས་ལེན་དུ་རུང་བའི་འབད་རྩོལ་བྱེད་ཀྱི་ཡོད།” བཀག་སྡོམ་བྱས་རྗེས་ཁོང་ལ་གདུང་སེལ་གྱི་ཚོར་བ་ཞིག་བྱུང་བ་ནི་སྦྲུལ་ཆེན་པོ་དེས་ཕར་འགུལ་ཚར་འགུལ་བྱས་པ་དངོས་དོན་ར་སྤྲོད་བྱུང་བ་དེའོ།། ཁོང་གི་རྩོམ་ཡིག་ནང་དུ་ཁོས་རྒྱ་ནག་གི་གཏམ་དཔེ་ཞིག་ལུང་འདྲེན་བྱས་ཡོད་པ་རེད། དེ་ནི་“ཤི་ཚར་བའི་ཕག་པ་ཆུ་ཚ་བོར་མི་སྐྲག”་ཅེས་པ་དེ་རེད། ཁོང་“ཤི”༼བཀག་སྡོམ་བྱས་ཚར་རྗེས་༽་ཚར་སོང་ན། ཁྱོས་ཁོང་ལ་ཆུ་ཚ་བོའི་འཇིགས་སྐུལ་བྱེད་ཆོག་པ་རེད། ཡང་ན། ཆུ་ཚ་བོ་ཁོང་གི་ཐོག་ལ་བླུག་ཆོག ཁོང་གིས་སེམས་འཁྲལ་གནང་གི་རེད་དམ། དེ་མ་ཟད། ཁོང་གིས་སེམས་འཁྲལ་གཙོ་ཆེ་ཤོས་གནང་ས་དེ་ནི་རྩོམ་རིག་རེད། ཁོང་གིས་མཛེས་སྡུག་ལྡན་པའི་ཁཱ་ལེ་ཧྥོར་ནེ་ཡཱ་དང་དེ་བཞིན་དུ་ས་ཆ་གཞན་དག་ནས་ཀྱང་རྩོམ་ཡིག་འབྲི་ཐུབ་གི་རེད།

རྒྱ་ནག་གི་ཞིབ་འཇུག་པ་ཡོངས་རྫོགས་ལ་ཡོངས་གྲགས་ཆགས་པའི་དཔེ་དེབ་ཅིག་ཡོད་པ་ནི་སྤྱི་ལོ་༢༠༠༤ལོར་དཔར་སྐྲུན་བྱས་པའི་《ཞིན་ཅང་། ཀྲུང་གོའི་ཁ་ཆེ་ཚོའི་ས་མཚམས།》 ཞེས་པ་དེ་རེད།༼ཞིན་ཅང་ནི་ཡུ་གུར་བ་ཚོའི་ཁྱིམ་རེད།༽ དཔེ་དེབ་དེ་ཡིས་ཤེས་ཡོན་པ་བཅོ་ལྔའི་རྩོམ་ཡིག་དག་ཆབས་ཅིག་ཏུ་ཕྱོགས་བསྡུས་བྱས་ཡོད། ཁོང་ཚོ་ཚང་མ་ནུབ་ཕྱོགས་པའམ་ཡང་ན་ནུབ་ཕྱོགས་སུ་སྡོད་མཁན་ཡིན་པ་མངོན་གསལ་རེད། ལོ་སྔོན་མར་ཊན་ནེལ་རྒུའུ་ལི་སྒྲིན་དང་ཨོ་ལེ་བར་སི་ཊེ་ལེ་ཡིས་བྷུ་ལོམ་བྷར་རྒུ་གསར་འགྱུར་ཐོག་ལ་དཔེ་དེབ་དེའི་དཔར་སྐྲུན་དང་དེའི་རྗེས་ཀྱི་གནས་ཚུལ་སྐོར་ལ་ཡིད་དབང་འགུག་པའི་རྩོམ་ཡིག་ཅིག་སྤེལ་བ་རེད། དཔེ་དེབ་དེའི་རྩོམ་སྒྲིག་པ་ནི་ཧྥུ་རེ་སྒྲིར་ཁེ སི་ཊར་ལགས་རེད། ཁོང་ནི་སྙན་གྲགས་ཅན་གྱི་སི་ཝེ་ཊི་རིག་པ་བ་དང་ཨུ་རུ་སུ་རིག་པ་བ་ཞིག་རེད། དོན་དངོས་སུ་ཁོང་གིས་རྒྱ་མི་རྒྱ་ནག་ཞིབ་འཇུག་པ་དག་ཁོང་ཚོའི་སྲིད་གཞུང་དང་རྙོག་དྲ་མི་ཡོང་བའི་ཆེད་དེའི་ནང་དུ་བཅུག་མེད་པ་རེད། དེའི་མ་ཟད། དཔེ་དེབ་དེ་པར་སྐྲུན་མ་གནང་གོང་ཁོང་གིས་ཝ་ཤིན་ཊོན་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་ལ་དེ་ནི་བསྒྲུབ་བྱའི་དཔེ་དེབ་ཅིག་ཡིན་སྟབས་སེམས་འཁྲལ་བྱེད་མི་དགོས་པའི་ཁས་ལེན་བྱས་ཡོད་པ་རེད། ཁོང་གིས་ད་དུང་རྒྱ་མི་ཚོར་འགན་ལེན་བསྐྱར་སྣོན་གཞན་པ་ཁ་ཤས་ཤིག་བྱས་ཡོད་པ་རེད། “རང་དབང་ལྡན་པའི་རྒྱལ་ཁབ་ནང་དུ་ཡོད་མཁན་གྱི་མི་ཞིག་གིས་ཅིའི་ཕྱིར་ནག་ཉེས་ཅན་གྱི་སྲིད་དབང་སྒེར་གཅོད་རིང་ལུགས་ཤིག་གི་ཚོར་ཤེས་ཀྱི་ནུས་པ་དག་ཞི་ཐབས་ཡོང་བའི་འབད་བརྩོན་བྱེད་དགོས་པ་རེད་”ཅེས་ཁྱོད་དང་འུ་གཉིས་ལྟ་བུ་ཡ་མཚན་སྐྱེས་སྲིད་པ་རེད། ཡིན་ནའང་། འདི་ནི་རྒྱུན་ལྡན་གྱི་བྱ་སྤྱོད་ཅིག་རེད། ཚད་ངེས་ཅན་ཞིག་གི་བར་དུ་བསམ་ཤེས་བྱེད་ཐུབ་པ་ཞིག་རེད།

སྐུ་ཞབས་སི་ཊར་ལ་རོགས་པ་བྱས་ཏེ་རྩོམ་སྐུར་མཁན་ཚང་མ་ཕྱོགས་གཅིག་ཏུ་འདུ་འཛོམས་བྱེད་འཇུག་མཁན་ནི་རྗ་སི་ཊིན རུའུ་སྡེལ་སིན་རེད། དེའི་སྔོན་ཁོང་ནི་དྷར་མའོ་ཐི་སློབ་ཆེན་གྱི་རྒྱ་ནག་ཞིབ་འཇུག་པ་ཞིག་རེད། བྷུ་ལོམ་བྷར་རྒུ་ཡི་ཐོག་གི་རྩོམ་ཡིག་དེས་ཁོང་གི་སྐད་ཆ་ཞིག་གཤམ་གསལ་ལྟར་ལུང་འདྲེན་བྱས་འདུག “འགོ་སྟོད་དུ་མི་རྣམས་ཀྱིས་‘ཁྱོས་བསམ་ན་རྒྱ་ནག་གིས་ང་ཚོ་བཀག་སྡོམ་བྱེད་ཀྱི་རེད་དམ།’ ཞེས་བརྗོད་བཞིན་པ་ངས་དྲན་གྱི་འདུག” རྒྱ་ནག་གིས་ཁོང་ཚོ་མི་བཅོ་ལྔ་ཡོངས་རྫོགས་བཀག་སྡོམ་བྱས་པ་རེད། རུའུ་སྡེལ་སིན་གྱིས་བརྗོད་དོན། “ངས་བརྗོད་གཞི་དེའི་ཐོག་གི་ཆེད་ལས་པ་ཡོངས་རྫོགས་ཁང་པ་གཅིག་ནང་ལ་འདུ་འཛོམས་བྱེད་དུ་ཁྲིད་ཡོང་བར་རྒྱ་ནག་གིས་ང་ཚོ་ཚང་མ་བཀག་སྡོམ་བྱས་པ་རེད། ངའི་གླེན་རྟགས་དེས་ཚང་མ་མཇུག་སྒྲིལ་དུ་བཅུག་པ་རེད།” བྷུ་ལོམ་བྷར་རྒུ་གསར་འགྱུར་ལྟར་ན། “ཁོང་རྒྱ་ནག་ལ་འགྲོ་མ་ཐུབ་སྟབས་དྷར་མའོ་ཐི་སློབ་ཆེན་གྱིས་རུའུ་སྡེལ་སིན་ཕྱིར་ཕུད་བཏང་ཡོད་འདུག ” ད་ལྟ་ཁོས་ཕྱོགས་གང་སར་རང་གི་འདོད་མོས་ལྟར་ཕྱག་ལས་གནང་གི་ཡོད་པ་མངོན་གསལ་རེད། རྩོམ་པ་པོ་བཅོ་ལྔའི་ཁྲོད་ཀྱི་གཅིག་ནི་ཕོ་མོ་ནཱ་མཐོ་རིམ་སློབ་གྲྭའི་ཊི་རུའུ རྒུ་ལད་སྒྲི་རེད། ཁོང་གིས་བརྗོད་དོན། “སྡེ་ཚན་ཞིག་ཡིན་པའི་ཆ་ནས་བརྗོད་ན། མཐོ་རིམ་སློབ་གྲྭ་དང་སློབ་གྲྭ་ཆེན་མོ་དག་གིས་ང་ཚོར་གདུང་སེམས་མཉམ་སྐྱེད་དང་རོགས་རམ་མ་བྱས་པ་ལ་ང་ཚོ་མང་ཆེ་ཤོས་ཧ་ཅང་བློ་ཕམ་བྱུང་སོང་། ” “ཤེས་ཡོན་གྱི་བསྟི་གནས་དག་རྒྱ་ནག་གི་རོལ་ཆའི་སྡེ་ཚན་འགྲོ་སའི་ཤིང་རྟ་ནང་ལ་མཆོངས་བར་རྔམ་དྲགས་ནས་ཁོང་ཚོས་དཔལ་འབྱོར་གྱི་ཁེ་ཕན་དག་ཤེས་ཡོན་གྱི་རང་དབང་གི་གོང་ལ་འཇོག་གི་འདུག ” སྟེས་དབང་གིས་ངས་རྩོམ་པ་པོ་བཅོ་ལྔ་ཡོངས་རྫོགས་བཀག་སྡོམ་བྱས་པ་རེད་ཅེས་བརྗོད་པ་རེད། དེ་བདེན་པ་མ་རེད། ཡང་ན་བདེན་པ་དེ་ཡུན་རིང་བོར་གནས་མ་ཐུབ་པ་རེད། རྩོམ་པ་པོ་དག་གི་ཁྲོད་ནས་ཉུང་མཐར་གཉིས་ཀྱིས་ཞིན་ཅང་གི་རང་དབང་ལས་འགུལ་ལ་རྒྱབ་སྐྱོར་ཅི་ཡང་མི་བྱེད་པའི་བསྒྲགས་གཏམ་སྤེལ་བ་རེད། དེས་གཡོ་ཅུས་དེ་བསྒྲུབས་པ་རེད།

ཡཱང་ཅན་ལི་ཡིས་ཁོང་དང་འགལ་ཟླའི་བསམ་ཚུལ་ཅན་གཞན་པ་ཚོ་ཨ་རིའི་སློབ་ཆེན་དག་ཏུ་སྐྱིད་པོ་དེ་ཙམ་ཡོང་གི་མེད་པའི་སྐོར་བརྗོད་ཀྱིན་འདུག ལིན་ཁི་ཡིས་ཁོང་ལའང་ལངས་ཕྱོགས་ཐ་དད་འཛིན་མཁན་གྲགས་ཅན་ཞིག་གིས་ཉེ་ཆར་དེ་ལྟར་བརྗོད་སོང་ཟེར་གྱི་འདུག ཡཱང་གིས་བརྗོད་དོན། “གལ་ཏེ་ཁྱོད་རང་ལྟ་བ་ཐ་དད་འཛིན་མཁན་ཞིག་ཡིན་ན། མི་རྣམས་ཀྱིས་ཁྱོད་རང་རླུང་འཕྲིན་སྟེང་ལ་སྐད་ཆ་བཤད་པར་ཧུར་བརྩོན་བྱེད་མཁན་ཞིག་ཡིན་པའི་ཆ་འཇོག་གནང་སྲིད་པ་རེད། ད་དུང་ཅུང་ཙམ་རེག་མི་རུང་བ་ཞིག་ལ་བརྩི་གི་རེད། ཕལ་ཆེར་ཁྱོད་ལས་ཁོང་ཚོར་ན་ཚ་ཞིག་འགོས་འགྲོ་བ་ལྟར་དོགས་ཟོན་བྱེད་ཀྱི་རེད། ཁྱོད་རང་“ཆབ་སྲིད་རིག་པ”་ནང་ལ་ལྷུང་བ་མང་དྲགས་འདུག ཁྱོད་ཀྱིས་གཙུག་ལག་སློབ་དཔོན་ཞིག་གམ་ལས་རིམ་ཞིག ཡང་ན་སློབ་ཆེན་ཞིག་མི་སྡུག་པའི་གནས་བབ་ཅིག་གི་ནང་ལ་འཇོག་ཐུབ་ཀྱི་རེད། མཚམས་རེར། འགལ་ཟླའི་བསམ་ཚུལ་ཅན་དག་གིས་“དགོངས་དག ཚོགས་འདུ་འདི་ནི་ཤེས་ཡོན་པ་ཚོའི་ཆེད་དུ་རེད། འགལ་ཟླའི་བསམ་ཚུལ་ཅན་དག་གི་ཆེད་མ་རེད་”ཅེས་པའི་སྐད་ཆ་གོ་ཡོང་གི་རེད། འོན་ཀྱང་། ཡཱང་གིས་བརྗོད་དོན། འགལ་ཟླའི་བསམ་ཚུལ་ཅན་ཁ་ཤས་ཤིག་ཤེས་ཡོན་པ་ཚོའི་རྩེ་ཕུད་ཡིན་པ་རེད། ལིན་ཁི་ཡིས་ཨ་རི་གཞུང་ཚབ་ཁང་དུ་ཁྲིད་པའི་ཧྥང་ལི་ཀྲི་ནི་ཚན་རིག་པ་རྩེ་གྲས་ཤིག་རེད། ཁོང་ནི་གཟའ་སྐར་གྲུབ་རྫས་དཔྱད་རིག་པ་ཞིག་རེད། ཡཱང་ཁོང་རང་ཉིད་ཀྱིས་ཨང་རྩིས་དང་ཆབ་སྲིད་རྣམ་གཞག དཔལ་འབྱོར་རིག་པ། རྒྱལ་སྤྱིའི་འབྲེལ་ལམ། རྒྱ་ནག་གི་ཁྲིམས་ཆད་ལམ་ལུགས། སྙན་ངག་སོགས་མང་པོ་ཤེས་ཀྱི་ཡོད་པ་རེད།

ང་ལ་སྤྱི་ལོ་༡༩༨༠ལོའི་ལོ་དཀྱིལ་ནས་བཟུང་དྲན་ཤེས་ཤིག་ཡོད། ཧྭ་ཝར་ཊི་སློབ་ཆེན་གྱིས་ཨར་མན་ཊོ་ བཱ་ལཱ་དྷ་རེས་གཏམ་བཤད་བྱེད་དུ་མགྲོན་འབོད་གནང་བ་རེད། ཁོང་ Cuban gulagནང་ལོ་ངོ་༢༢་བསྡད་རྗེས་ཕྱི་ལ་ཐོན་མ་ཐག་རེད། ཁོང་གིས་དེའི་སྐོར་ལ་《རེ་བ་ཡོད་ཚད་ལ་ཁ་གཏད་པ་》་ཞེས་པའི་རང་རྣམ་ཞིག་བྲིས་ཡོད་པ་རེད། མི་ལ་ལས་ཁོང་ལ་“the Cuban Solzhenitsyn.”ཞེས་བཏགས་པ་རེད། གཙུག་ལག་སློབ་གཉེར་ཁང་གིས་ཁོང་ལ་ཁོང་གི་འདོད་པ་ལྟར་བཤད་འཇུག་གི་མེད། ཁོང་ཚོས་ཁོང་གི་མཉམ་དུ་གཙུག་ལག་སློབ་དཔོན་ཞིག་བཏང་བ་རེད། གཙུག་ལག་སློབ་དཔོན་དེའི་ལས་འགན་ནི་ Castro སྔོན་གྱི་བསམ་ཚུལ་བརྗོད་དགོས་པ་དེའོ།། ལོ་རེ་རེའི་ཉིན་རེ་རེར་སློབ་དཔོན་དེས་ཁོང་གི་སློབ་མ་ལ་སློབ་ཁྲིད་བྱེད་དགོས་པ་བརྗོད་མ་དགོས་བ་རེད། སྐུ་ཞབས་བཱ་ལཱ་དྷ་རེས་ཀྱིས་གཞན་པ་ཞིག་ཤེས་ཀྱི་ཡོད་ནའང་། ཁོང་རང་ཉིད་ལ་སྐད་ཆ་བཤད་པའི་དུས་ཚོད་གཅིག་ཀྱང་མ་སྤྲད་པ་རེད།

ལྟ་བ་ཐ་དད་འཛིན་མཁན་ཞིག་ལ་རོགས་རམ་གནང་རྒྱུ་དེ་ཤེས་ཡོན་པ་ཞིག་གི་ལས་ཀ་མ་རེད་ཅེས་ཁྱོད་ཀྱིས་བརྗོད་སྲིད། ༼ང་ཚོས་ཤེས་ཡོན་པ་དེ་ཞེ་སྡང་ཅན་ཞིག་མིན་པའི་རེ་བ་རྒྱག་ངེས་པ་ཡིན་ནའང་།༽ཤེས་ཡོན་པ་ཚོ་ནི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བའམ་དཔའ་བོ་མ་རེད། ཡིན་ནའང་། ཁོང་ཚོས་རང་ཉིད་ལ་ངེས་ཤེས་ཐོབ་ཡོད་པའི་བདེན་པ་སྟེ་བདེན་པ་ཆ་ཚང་བ་ཞིག་བཤད་དགོས། རྒྱ་ནག་ནི་འཛམ་གླིང་ལ་ཇི་འདྲ་གལ་ཆེན་ཡིན་པ་ང་ཚོ་ལ་རྒྱུན་ཆད་མེད་པར་བརྗོད་ཀྱི་ཡོད་པ་རེད། རྒྱ་ནག་གི་གལ་ཆེན་རང་བཞིན་དེ་མ་འོངས་བའི་ལོ་ཟླ་ཁོ་ནའི་ནང་གོང་འཕེལ་འགྲོ་གི་རེད། ང་ཚོ་“འཛམ་གླིང་”ལ་ལྷད་མེད་པ་དང་ཆ་ཡོངས་སུ་ཚང་བའི་གནས་ཚུལ་ཞིག་དགོས་ཀྱི་མི་འདུག་གམ། དམིགས་བསལ་དུ་བཀག་སྡོམ་བྱས་པའི་བརྗོད་གཞི་དག་གི་སྐོར་ལ་གནས་ཚུལ་དགོས་ཀྱི་མི་འདུག་གམ། རྗེ་རེ་ཁོ་ཧན་གྱིས་ཁྲིན་ཀོན་ཁྲིན་ལ་ཐེ་གཏོགས་བྱེད་ཀྱི་ཡོད་དུས་ང་ཚོས་དེར་དགའ་བསུའི་ཐལ་མོ་རྡེབ་ཐུབ་ཀྱི་ཡོད། སྐད་ཆ་དམ་པོའི་ཐོག་ནས་བཤད་ན། འདི་ནི་ཤེས་ཡོན་པ་ཞིག་གི་ལས་ཀ་མིན་སྲིད། ཡིན་ནའང་། ང་ཚོས་དེར་དགའ་བསུ་བྱེད་ཐུབ་ཀྱི་ཡོད། ཐ་ན་ཨར་ཐར་ཝལ་སྒྲོན་གྱིས་ང་ཚོས་ཁུང་ཙི་སློབ་གཉེར་ཁང་དག་གི་སྐོར་ལ་བསམ་བློ་གཉིས་པ་ཞིག་གཏོང་དགོས་ཞེས་བརྗོད་པ་ཡིན་ནའང་ང་ཚོས་དེར་དགའ་བསུ་ཞུ་ཐུབ་ཀྱི་ཡོད། ལ་ལ་ཞིག་གིས་རྒྱ་ནག་གི་དབང་འཛིན་པ་ཚོས་ཁོང་ཚོ་ལ་ཁ་གཏད་གཅོག་མཁན་གྱི་ནུབ་ཕྱོགས་ཀྱི་ཤེས་ཡོན་པ་ཚོར་གུས་བཀུར་ཆེན་པོ་བྱེད་ཀྱི་ཡོད་པའི་ཁ་རྩོད་རྒྱག་གི་ཡོད་པ་རེད། ཁོང་ཚོས་ཐ་ན་བཀག་སྡོམ་བྱེད་པར་སྟབས་བདེ་བོ་ཡོད་པ་ཤེས་ངེས། གལ་ཏེ་དེ་འདྲ་ཡིན་ན། དེ་ནི་ང་ཚོས་ཁོང་ཚོར་ངོམ་སོ་བྱེད་ཐུབ་པ་དེའོ།།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*