ཆོས་ལུགས་ཀྱིས་འགྲོ་བ་མིའི་རིགས་ལ་གནོད།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཆོས་ལུགས་ཀྱིས་འཁྲུག་རྩོད་བསླངས། སྲིད་དོན་རྙོག་འཛིངས་ཅན་དུ་བསྒྱུར། སྤྱི་ཚོགས་གོང་འཕེལ་ལ་བཀག་འགོག་བྱས། འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་བ་མིའི་འབྲེལ་ལམ་ཇེ་ཞན་དུ་བཏང་། འདི་དག་བགྱིས་པ་མང་དྲགས་པ་ལ་བརྟེན་ནས། ཆོས་ལུགས་རང་ཉིད་མིའི་རིགས་ཀྱི་ཁ་གཏད་ལ་འཕངས་བའི་ནག་ཉེས་ཤིག་དངོས་གནས་མིན་ནའང་། ང་ཚོ་ལ་ཆོས་ལུགས་ནི་འགྲོ་བ་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་དགྲ་བོ་ཞིག་ཡིན་པའི་གྲོས་འཆར་འདོན་པའི་འདུན་པ་ཡང་ཡང་སློང་བར་བྱེད་པའི་ཚད་འདི་འདྲ་ཞིག་ལ་བསྐྱལ་ཡོད། ཆོས་ལུགས་ཀྱིས་ཞི་བདེ་ལ་རྒྱབ་སྐྱོར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་ལ་མ་བལྟོས་པར་དེ་ཡིས་འགྲོ་བ་མིའི་རིགས་ལ་ཉེས་འཛུགས་བྱས་པའི་ཆེས་ཞེད་སྣང་ཚ་པོའི་ནག་ཉེས་ཁ་ཤས་ཤིག་གི་བདེན་པ་དག་སྐྱེལ་དང་རྒྱུད་བསྐུལ་གཏོང་མཁན་ཞིག་ཡིན་པ་ཡང་ནས་བསྐྱར་དུ་ར་སྤྲོད་བྱས་ཡོད་པ་རེད། གང་ལྟར་ཡང་། ང་ཚོས་རབ་བཏགས་ཀྱི་རྒྱན་གྱིས་བཅིངས་བའི་གྲོས་འཆར་དག་རྒྱབ་དུ་བསྐྱུར་ནས་མཐའ་གཉིས་སུ་མ་ལྷུང་བའི་ཁ་ཚ་དགོས་གཏུགས་ཀྱི་ཀུན་སྤྱོད་འདི་སྟབས་བདེ་བོའི་ཐོག་ནས་ཐག་གཅོད་བྱེད། དེ་ནི་གང་རེད་ཅེ་ན། འགྲོ་བ་མིའི་རིགས་ལ་ཉེས་འཛུགས་བྱས་པའི་ནག་ཉེས་དག་གི་ཁག་འདོགས་སའམ་ཉེས་ཆད་ཇེ་ཆུང་དུ་གཏོང་བ་དང་བདེན་པ་དག་སྐྱེལ་བྱེད་པར་ཆོས་ལུགས་ཀྱི་རྒྱབ་སྐྱོར་རམ་མཐུན་སྦྱོར་ཁས་ལེན་མི་བྱེད་པའི་བསམ་བློའི་འཁྱེར་སོ་ཞིག་འཛམ་བུ་གླིང་གིས་དང་ལེན་བྱེད་དགོས་པའི་དུས་ལ་སླེབས་ཡོད་པ་དེའོ།

དེ་དང་ཆབས་ཅིག་རྒྱལ་ཁབ་དག་གིས་ཁོང་ཚོའི་སྤྱི་ཚོགས་ནང་གི་ཆོས་ལུགས་ཀྱི་གོ་གནས་དང་ཕན་ཚུན་ངོས་ལེན་དང་བརྩི་བཀུར་གྱི་ཀུན་སྤྱོད་དག་གི་འགན་འཁྲི་སྐོར་ལ་རང་གི་མི་སེར་དག་ལ་སློབ་གསོ་སྤྲད་དེ་རང་ཉིད་འཛམ་གླིང་མི་སྡེའི་ཚོགས་མི་ཞིག་ཡིན་པའི་གནས་བབ་ངེས་པར་དུ་ཁུངས་སྐྱེལ་ར་སྤྲོད་གནང་བར་བཟོ་དགོས་ཤིང་། འཛམ་གླིང་འདི་ཚུལ་དང་མི་མཐུན་པའི་མི་ཉུང་ཤས་ཤིག་གི་བྱ་སྤྱོད་ཀྱིས་དབང་སྒྱུར་བྱེད་པ་དང་མི་ཚེ་ནི་ཚེམས་སྲུབས་མེད་པའི་གྱོན་གོས་མཚར་སྡུག་ལྡན་པ་ཞིག་མིན། དེ་ནི་གློ་བུར་ཐོལ་རྒྱགས་དང་སྔོན་དཔགས་བྱེད་མི་ཐུབ་པའི་འཇིགས་སྣང་དང་དངངས་སྐྲག་འདྲེས་མའི་གནོད་འཚེ་ཕོག་ཡུལ་ཞིག་ཡིན་པའི་ཆ་རྐྱེན་འོག་ཏུ་བཅུག་ན་དེ་ནི་ཁས་ལེན་དུ་མི་རུང་བར་ཆ་འཇོག་བྱེད་དགོས། གང་ཡིན་ཞེ་ན། དེ་ཡིས་ཞི་ཐབས་ངོ་སྲུང་གི་རིག་གཞུང་ཞིག་སྐྲུན་གྱི་ཡོད། འགྲོ་བ་མིའི་བདེ་སྐྱིད་དང་འཚོ་སྡོད་སྐོར་ལ་གནད་འགག་ཆེ་བའི་གནད་དོན་མང་པོ་ཡོད་པ་རེད།

འཛམ་གླིང་ཁྱོན་ཡོངས་ཀྱི་དབུ་ཁྲིད་དག་གིས་དེ་དག་ལ་གཡོལ་མེད་ཀྱི་གཟིགས་སྐྱོང་གནང་འོས་པ་ཞིག་རེད། ང་ཚོས་དྲན་གསོ་བྱེད་དགོས་པ་ཞིག་ལ་ཉེ་ཆར་ཡུལ་ཊིམ་བྷུའུ་ཊུ་ Timbuktu ནང་དུ་ཡོད་པའི་མོ་སུ་ལེམ་ Moslem གྱི་སྐྱེས་ཆེན་དམ་པ་ཚོའི་བང་སོ་དག་ལ་གདུག་རྩུབ་ཅན་གྱི་རང་དཔྱད་དག་འཛིན་གྱི་ལྟ་བའི་འོག་ནས་ཉམས་ཆག་དང་གཏོར་བཤིག་བཏང་ཡོད་པ་རེད། གཏོར་བཤིག་གཏོང་མཁན་ནི་ཁ་ཆེའི་ཆོས་ལུགས་ལ་ངོ་རྒོལ་བྱེད་མཁན་དག་མ་རེད། ཊིམ་བྷུའུ་ཊུ་རུ་ཆེས་ངན་པ་ཡོངས་གྲགས་སུ་ཆགས་ཡོད་པ་ནི་ Imam Moussa al-Khadin་ཡི་བང་སོ་ཆེན་པོ་དེ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་སྡེ་ཚན་UNESCO དང་ཨ་ཧྥེ་རི་ཀའི་ཕ་ནོར་རྒྱུན་འཛིན་ཚོགས་པའི་སྲུང་སྐྱོབ་འོག་དེ་དག་འཛམ་གླིང་ཤུལ་བཞག་གཅེས་ནོར་གྱི་ས་ཁུལ་ཞིག་ལ་ཁྱབ་བསྒྲགས་བྱས་ཡོད་པ་རེད། གདལ་བཤིག་གཏོང་མཁན་དེ་དག་གི་ཁ་ཕྱོགས་དང་བསྒྲགས་གཏམ་ལ་གཞིགས་ཏེ་བརྗོད་ན། ཐེངས་རྗེས་མའི་གཏོར་བཤིག་གཏོང་ཡུལ་ནི་རིན་ཐང་བྲལ་བའི་ཊིམ་བྷུའུ་ཊུ་ཡི་དཔེ་མཛོད་ཁང་གི་གཏེར་མཛོད་དག་ཡིན་སྲིད་པ་ང་ཚོས་སྔོན་དཔགས་བྱེད་ཐུབ་པ་ཞིག་རེད།

ཡིད་སྐྱོ་བ་ཞིག་ལ་འཛམ་གླིང་དབང་སྒྱུར་བྱེད་པར་རྔམ་པའི་ཚན་རིག་རྟོག་སྒྲུང་གི་མ་དཔེ་རྩོམ་མཁན་ཚན་རིག་པ་སྨྱོན་པ་ནི་སེར་མོ་བ་སྨྱོན་པ་ཡིས་བརྗེ་ཚབ་བྱས་ཡོད་པ་རེད། སེར་མོ་བ་ཁོང་གིས་འཛམ་གླིང་འདི་ཁོང་རང་ཉིད་ཀྱི་སྣང་བརྙན་ཁོ་ནའི་ནང་འཆར་འགོད་བྱེད་ཐུབ་ཀྱི་ཡོད། སྤོབས་པ་ཆེན་པོས་ངོམ་སོ་བྱེད་པའི་དཔེ་མཚོན་ཞིག་ནི་གློག་བརྙན་འཁྲབ་སྟོན་པ་རྗེམ་སི་བྷོན་ཊི་ཡི་རྒྱལ་ཡིག་ཨང་གྲངས་༠༠༧་ཅན་གྱི་“མི་གསོད་ལག་འཁྱེར”་ཞེས་པ་དེ་རེད། རྒྱལ་ཁབ་ཀྱི་མགོ་ཁྲིད་དག་དང་དོན་དམ་པའི་ཆོས་ལུགས་ཀྱི་དབུ་ཁྲིད་དག་གིས་འདི་རྟོགས་ཏེ་རྒྱལ་ཁབ་ཚང་མར་རང་རང་གི་ཉེན་ཚབས་ཆེ་བའི་གླེན་པ་དག་སྟེ་ཁོང་ཚོ་མཱ་ལི་ཡི་ཨན་སར་ཊིན་ནམ་ཡང་ན་ཧྥུ་ལའོ་རི་སྒྲ་ཡི་ཊེ་རེ རྗོན་སི་༼ Ansar-Dine of Mali, or Terry Jones of Florida་༽རུ་གྲགས་པ་དག་ཅི་ཙམ་མགྱོགས་པོར་ཁས་བླངས་ན་དེ་ཙམ་གྱིས་ཁོང་ཚོས་འགྲོ་བ་མིའི་དགོས་གནད་དང་པོར་འཇོག་འོས་པའི་དངོས་ཡོད་ཀྱི་དོན་དག་དག་ལ་དོ་སྣང་སྤྲོད་ཀྱི་རེད། འདི་རུ་ལུང་འདྲེན་བྱས་པའི་སེར་མོ་བ་འདི་ཚོ་དང་ཁོང་ཚོའི་གྲས་དེ་ནི་གནའ་བོའི་ཁ་ཆེ་ཆོས་ལུགས་དང་ཡེ་ཤུ་ཆོས་ལུགས། ཆོས་ལུགས་གཞན་པ་དག་གི་ལྷ་སྐུ་གཏོར་བཤིག་གཏོང་མཁན་གྱི་རིགས་རྒྱུད་རེད། ཁོང་ཚོས་དུས་རབས་མང་པོར་ཨ་ཧྥེ་རི་ཀ་མི་དམངས་ཀྱི་སྔོན་བྱུང་གི་ཆོས་ལུགས་དང་བླ་མེད་ཀྱི་མཚོན་རྟགས་དག་གཏོར་བཤིག་བཏང་ཡོད་པ་རེད། ཨ་ཧྥེ་རི་ཀའི་ཆོས་ལུགས་དག་ལ་སེམས་ཚོར་དྲག་པོའི་ཐོག་ནས་དད་པ་བྱེད་མཁན་གྱི་ཁོང་ཚོའི་རྗེས་འབྲང་པ་ཚོས་༼ ཨེད་ཊི་ལན་ཊི་ཁུ་ཡོངས་རྫོགས་དང་་བྷི་རི་རྫིལ་དང་ལཱ་ཊིན་ཨ་མེ་རི་ཁའི་ཕྱོགས་གཞན་དག་ན་ཡོད་པའི་རྗེས་འབྲང་པ་ཚང་མར་གོ༽་རྒྱང་རིང་དུ་ཡོད་པའི་ཁོང་ཚོས་གདལ་བཤིག་གཏོང་མཁན་དུ་ཁས་ཆེ་བ་ཚོར་འཁོན་ལན་སློག་མེད་པ་རེད།

འགྲན་སེམས་ཅན་གྱི་ལད་ཟློས་པ་འདི་ཚོས་ད་དུང་ཡང་གླིང་ཕྲན་སྟེང་དུ་རྩོལ་བ་གནང་གི་ཡོད་པ་རེད། ཁོང་ཚོ་ཆེས་ཚབས་ཆེའི་གནོད་འཚེའི་ཕོག་ཡུལ་སོ་མཱ་ལི་ཡ་རུ་ང་རང་གི་རྒྱལ་ཁབ་ནཱི་རྗེ་རཱི་ཡཱ་ Nigeria་ དང་ལྷན་དུ་ཡོད་པ་རེད། ང་རང་གི་རྒྱལ་ཁབ་ལའང་བསམ་ཡུལ་ལས་འདས་པའི་དཀའ་ངལ་དང་དངངས་འཚབ་སྐྲུན་བཞིན་ཡོད་པ་རེད། མཆོད་མཇལ་བྱེད་སའི་ས་ཁུལ་དག་དང་དེའི་རྗེས་ནས་ཤེས་ཡོན་གྱི་བསྟི་གནས་དག་དམིགས་འབེན་གཙོ་བོ་རུ་བཟུང་གི་འདུག ཉེས་སྐྱོན་བྲལ་བའི་འགྲོ་བ་མི་སྡེ་དག་ལ་གཏོར་རྒོལ་བྱས་ཏེ་ལུས་པོ་དུམ་བུ་སྟོང་ཕྲག་དུ་མར་གཏོང་གི་ཡོད་པ་རེད། དེ་ལྟར་གནང་ན་ཁོང་ཚོ་སྡུག་བསྔལ་ལས་གྲོལ་བར་ཁས་ཆེས་ཀྱི་ཡོད་ཅིང་། སློབ་གྲྭ་དག་དང་སློབ་གྲྭའི་སློབ་ཕྲུག་ཚོ་ལ་ཆོས་ལུགས་ཀྱི་མཛད་སྒོ་དག་གི་སྐབས་སུ་གཏོར་རྒོལ་བྱེད་ཀྱི་ཡོད་པ་རེད། སྤྱི་ཚོགས་གོང་འཕེལ་དང་ཡར་རྒྱས་ཀྱི་འགག་རྩ་དག་བཀག་སྡོམ་བྱས་ཏེ་དེ་ལས་ལྡོག་ནས་ནཱི་རྗི་རཱི་ཡཱའི་ཡུལ་ལྗོངས་ལ་ཚབས་ཆེའི་གནོད་འཚེ་གཏོང་གི་ཡོད་པ་རེད། གལ་ཏེ་རྒྱལ་ཁབ་ཀྱི་ཐོན་ཁུངས་དག་ཟད་ནས་ཛ་དྲག་གི་དུས་སྐབས་ཤིག་ལ་སླེབས་མེད་ན་ཁོང་ཚོས་ཀྱང་འཛམ་གླིང་སྤྱི་ཡོངས་ཀྱི་རྒྱལ་ཁབ་གཞན་དག་མང་པོ་བཞིན་ད་ལྟ་ངེས་པར་དུ་མཇུག་འབྲས་དག་ལ་སྒུག་པར་ཁ་ལོ་སྒྱུར་ཡོད་ངེས་རེད། དེའི་མཇུག་འབྲས་དག་གསར་ཞུགས་པ་ཞིག་ཆོས་ལུགས་ཀྱི་མིང་ཆད་ནག་པོ་བཟོ་མཁན་དག་གི་ཚུལ་མིན་གྱི་གློག་བརྙན་རྗེས་སུ་ཞུགས་ཀྱི་ཡིན་པ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། ཆེས་ཟུར་ཟའི་རང་བཞིན་གྱི་དགོད་བྲོ་བ་ཞིག་ནི་མིང་ཆད་ནག་པོ་བཟོ་མཁན་དག་ཐོག་མར་ཨ་ཧྥེ་རི་ཀའི་གླིང་ཕྲན་ནས་ཆད་ཡོང་བ་དེ་རེད།

ཚོར་ཤུགས་རྣོན་པོ་ཅན་གྱི་ཁྱིམ་ཚང་དག་གིས་སོ་སོའི་བུ་ཕྲུག་དག་གི་མི་ཚེའི་མདུན་ལམ་ཁོད་སྙོམས་པོ་བཟོ་ཆེད་འབད་བརྩོན་གང་ནུས་གནང་བ་དང་ཆབས་ཅིག་ཁོང་ཚོའི་བྱིས་པ་དག་ལ་མི་ཚེ་ནི་ཚེམས་སྲུབས་མེད་པའི་གྱོན་གོས་མཚར་སྡུག་ལྡན་པ་ཞིག་མིན་ཞིང་། དེ་ནི་གློ་བུར་ཐོལ་རྒྱགས་དང་སྔོན་དཔགས་བྱེད་མི་ཐུབ་པའི་འཇིགས་སྣང་དང་དངངས་སྐྲག་འདྲེས་མའི་གནོད་འཚེ་ཕོག་ཡུལ་ཞིག་ཡིན་པ་ཤེས་རྟོགས་བྱེད་འཇུག་གི་ཡོད། སོ་སོའི་ཀུན་སྤྱོད་དང་ཆོས་ཕྱོགས་ཀྱི་གདམ་ག་དག་ལ་ཡིད་ཆེས་བརྟན་པོ་ཞིག་ཡོད་ན་ཕྱི་རོལ་གྱི་ཞེ་སྡང་ཅན་གྱི་དཔུང་ཚོགས་དག་གི་གློ་བུར་གཏོར་རྒོལ་དག་ལ་གདུང་ལེན་བྱེད་པར་ནུས་པ་འདང་གི་ཡོད། མི་སྒེར་གྱི་རང་གཤིས་གོང་འཕེལ་གཏོང་བའི་རྩ་འཛིན་རྣམ་གཞག་ནི་སློབ་གསོ་ནང་བཞིན་གྱི་ཧ་ཅང་གལ་ཆེན་པོ་རེད། དེ་ཡིས་མི་གཞན་པའི་དད་མོས་ཀྱི་ལམ་སྲོལ་དག་ལ་བརྩི་བཀུར་དང་དེ་དག་འཚོ་བའི་ནང་ལག་ལེན་ཡོང་བར་ཡང་ཡང་ནན་སྐུལ་བྱེད་ཀྱི་ཡོད། ཆེས་ཤུགས་དྲག་པོའི་ཀུན་སྤྱོད་སློབ་གསོ་༼སྤྱི་ཚོགས་དམ་བསྒྲགས་བཀའ་ཆད་ལྗིད་མོའང་འདིའི་ནང་དུ་འདུས་ཡོད།༽ཡིས་སྤྱི་ཚོགས་ནང་གི་ཕྱི་དངོས་པོའི་ལྐོག་ཟ་རུལ་སུངས་དང་བཤུ་གཞོག བྱིས་པའི་སླད་སྐྱོན་དང་ལྐོག་གསོད་བཅས་རྩ་མེད་དུ་བཏང་མེད་ཅིང་། ཐ་ན། འཇིགས་སྐུལ་གྱི་སྲོག་ཁྲིམས་ལྟ་བུའང་མེད་པར་བཟོས་མེད་པ་རེད། དེར་བརྟེན། ང་ཚོ་ཚང་མས་མངོན་འདོད་དྲག་པོ་བྱེད་བཞིན་པའི་དཔེར་འོས་པའི་ཆོས་ལུགས་ཀྱི་བཟོད་བསྲན་གནས་བབ་དེར་རྩིས་མེད་དམ་གདལ་བཤིག་མི་གཏོང་བའི་ཚོད་དཔག་མི་སུ་ཞིག་གིས་བྱེད་ཐུབ་ཀྱི་རེད་དམ། ཡང་ན་མི་སུ་ཞིག་གིས་འཛམ་གླིང་འདི་གཡོ་མེད་ངང་རང་གི་མགོ་བོ་རྩྭ་ཕུད་དང་གོ་ཐལ་ནང་ལ་བཏུམས་ཤིང་རང་ཉིད་དམའ་འབེབ་ཀྱི་གནས་བབ་འོག་ངོ་གནོང་ནས་འདུག་པའི་རེ་འདུན་འདོན་ཐུབ་ཀྱི་ཡོད་དམ། ཡང་ན། དེ་ཡིས་སྐབབ་སྐབས་ཀྱི་རིག་དཔྱོད་ནུས་པས་ཚོད་དཔག་བྱེད་ཐབས་བྲལ་བའི་ཁོང་ཚོ་སོ་སོས་བརྗོད་པའི་གནོད་འཚེས་མི་འཇིགས་པའི་རང་བཞིན་གྱི་ཤུགས་རྐྱེན་ལ་གྲ་སྒྲིག་གནང་དགོས་པ་རེད་དམ།

ད་ལྟ་ཆ་ཚད་སྙོམ་པོའི་འདུ་ཤེས་དང་དངོས་ཡོད་རིང་ལུགས་ཀྱི་འདུ་ཤེས་ཤིག་དགོས་འདུན་འདོན་པའི་དུས་ལ་སླེབས་ཡོད། འབྲེལ་ལམ་ཡར་རྒྱས་སོང་བ་འདིས་དགེ་སྡིག་གཉིས་ཀ་དོན་དམ་པར་མྱུར་ཚད་ཧ་ཅང་མགྱོགས་པོ་ཞིག་གི་ལམ་ནས་ས་མཚམས་དག་ལས་བརྒལ་ཐུབ་པར་བཟོས་ཡོད་ཅིང་། ཞེ་སྡང་གི་ས་བོན་དག་ཀྱང་འཆམ་མཐུན་གྱི་ས་བོན་དག་ནང་བཞིན་མྱུར་ཚད་དང་ཁྱབ་རྒྱ་ཧ་ཅང་ཆེན་པོའི་ཐོག་ནས་ཁྱབ་ཐུབ་ཀྱི་ཡོད། འཛམ་བུ་གླིང་འདིའི་གདུག་རྩུབ་ཅན་གྱི་རྟོག་པ་མཐའ་བཟུང་གི་རིག་གནས་ཀྱི་འགྲུབ་མི་སྲིད་པའི་དགོས་འདུན་དག་སྟེ་མི་དམངས་ས་ཡ་མང་པོའི་བྱ་སྤྱོད་དག་ཁྲིམས་དང་ལམ་སྲོལ། རིག་གཞུང་འདྲ་མིན་གྱི་འོག་དབང་བསྒྱུར་བྱས་ནས་བློ་བདེ་བག་ཕེབས་ཡོང་བའི་དགོས་འདུན་དག་ལ་མུ་མཐུད་དུ་མོས་མཐུན་བྱེད་མི་རུང་།

རེ་བ་སྦྱིན་མཁན་ཞིག་ཡོད་པ་ནི་འགྲོ་བ་མི་ལ་འབྲེལ་མོལ་གྱི་ནུས་པ་དམིགས་བསལ་ཞིག་ཡོད་པ་ལ་བརྟེན་ནས་བར་འདུམ་པའི་ཐོབ་དབང་འཕྲོག་ཡོད་ཅིང་། ཕྱོགས་གཞན་པ་དེས་ཕ་ཕུ་ཀུའི་ནཱེ་ཡཱ་གསར་པ་་Papua New Guinea ནང་དུ་ཡོད་པའི་བྱིས་པ་ཆུང་ཆུང་ཞིག་གིས་ གྷི་བྷུ་རཱལ་ཊར་ཕ་བོང་Rock of Gibraltar གཏོར་བའི་ཆེད་དུ་རྡེའུ་ཞིག་འཕངས་བ་ལ་དེར་ཡ་ལན་སྤྲོད་པའི་ཐོབ་ཐང་ཡོད་པ་ཧམ་བཤད་གནང་བའི་བར་རྫོགས་མཐའ་བྲལ་བའི་འགོར་འགྱང་བྱ་སྤྱོད་དག་ལ་བཟོད་བསྲན་གྱི་ནུས་པ་ཡོད་པ་དེའོ།། ངས་བསམ་བཞིན་དུ་“བྱིས་པ་ཆུང་ཆུང་”ཞེས་པའི་ཐ་སྙད་འདི་བེད་སྤྱོད་གནང་གི་ཡོད། རྒྱུ་མཚན་ནི་ཆོས་ལུགས་ལ་མཐོང་ཆུང་དམའ་འབེབས་ཀྱི་སྙོན་འཛུགས་བྱས་པ་དག་ང་ཚོས་སྤྱི་དམངས་གསང་སྤྱོད་དག་གི་ནང་དུ་མིག་ལམ་དུ་མངོན་ཐུབ་པའི་བྱིས་པའི་སྣང་བ་ཅན་དག་གིས་བྲིས་པའི་མགྱོགས་བྲིས་རི་མོ་དང་ཁྱད་པར་མི་འདུག མགྱོགས་བྲིས་རི་མོ་དེ་ནི་ལུས་སེམས་འཚར་ལོང་བྱེད་མ་ཐུབ་པའི་བྱིས་སེམས་ཅན་དག་དང་སྤྱི་ཚོགས་ཡར་རྒྱས་འགྲོ་མ་ཐུབ་པའི་ཐོན་སྐྱེད་རེད། ང་ཚོས་དེར་སྣང་མེད་བཏང་སྟེ་དེ་དག་ལས་རྒྱང་དུ་བཀྱེད་པར་སྦྱངས་ཡོད་པ་རེད། བྱིས་པའི་སྣང་བ་ཅན་དེ་དག་གི་བྱ་སྤྱོད་ལ་ཁོང་ཁྲོའི་མེ་ལྕེ་སྦོར་བ་དང་མི་གསོད་ངང་ཚུལ་ཅན་གྱི་ཁྱད་ཆོས་ལྡན་རུང་ང་ཚོས་དེར་གཅིག་མཚུངས་ཀྱི་བྱིས་པའི་སྣང་བ་ཅན་གྱི་ཡ་ལན་སློག་མི་རུང་། དེ་དག་གིས་གཙོ་ཆེ་ཤོས་ནག་ཉེས་མེད་པའི་མི་རྣམས་ལ་ཁ་གཏོད་ཀྱིི་ཡོད་པ་རེད། ཁོང་ཚོའི་གཉན་ལག་དེ་འཆར་ཅན་ལྟར་ང་ཚོའི་སྙོབ་ས་ལས་བརྒལ་ཡོད། བཟོ་ལས་རིག་རྩལ་གྱི་ཡ་ང་མེད་པའི་མདུན་བསྐྱོད་ཁྲོད་དུ་ང་ཚོ་ཚང་མ་འཁོན་ལན་གྱི་གཅུས་སྒྲིམ་ཞིག་གི་ནང་ལ་བཟུང་ངེས་པ་རེད། དེ་ཡིས་ང་ཚོར་རྨ་བཟོས་ཏེ་ལུས་སྟེང་ནས་ལྟར་སྣང་གི་ཟུང་ཁྲག་འཐེན་ངེས་རེད།

ཕྱོགས་གཞན་པ་དེས་ཟུང་ཁྲག་ངོ་མ་དང་ཁྲག་ལིང་གིས་ཡ་ལན་གནང་གི་རེད། རིགས་པ་དང་མཐུན་པའི་བཀའ་མོལ་གྱི་ལམ་བུ་ལའང་ཁྲག་ལིང་ཆགས་ཡོད། ཉེ་ཆར་ང་ཚོས་དངོས་སུ་མིག་མཐོང་ལག་ཟིན་བྱུང་བ་ཞིག་ནི་ཆོས་ལུགས་ཀྱི་ཚོར་ཤུགས་གཞིར་བཞག་སྟེ་འདི་ལྟ་བུའི་བྱ་རིམ་ཁྲིམས་མཐུན་དུ་བཟོ་བཞིན་པ་དེ་རེད། འགན་ལེན་བྱེད་མི་ཐུབ་པ་ཞིག་ལ་དགོས་འདུན་འདོན་པ་ནི་ཡ་ང་བོ་ཞིག་རེད། བཟོ་ལས་རིག་རྩལ་སྟངས་འཛིན་བྱེད་པར་འབད་རྩོལ་བྱེད་པ་ནི་སྙིང་བོ་བྲལ་བ་ཞིག་རེད། དེར་གདོང་ལེན་བྱེད་པའི་ཐབས་ལམ་ནི་བཟོ་ལས་རིག་རྩལ་དེ་བེད་སྤྱོད་བྱས་ཏེ་¬¬¬བཀོལ་ཉེས་བྱེད་མཁན་དག་གི་སེམས་ནང་གི་གནོད་ཚབས་ཅན་གྱི་བསམ་ཚུལ་དག་ལ་ཡོ་བསྲང་དང་བླུན་རྨོངས་བ་དག་ལ་ཤེས་ཡོན་སྤྲོད་རྒྱུ་དེའོ།།

ང་རང་གིས་དཔལ་འབྱོར་གྱི་འཆར་ཅན་ཟས་སྤྱོད་དང་ལྐོག་ཟ་རུལ་སུངས་། ཁ་གསབ་བར་ཆད། ཀུན་སྤྱོད་དང་ཆབ་སྲིད་ཀྱི་གཤགས་ཤུལ་དག་ལ་ཆོས་ལུགས་ཀྱི་མནའ་ཚིག་དག་གིས་དེ་ལས་ལྷག་པར་བསྲེ་སྦྱོར་བྱས་ཡོད་པའི་རྒྱལ་ཁབ་ཅིག་གི་མི་སེར་གྱི་ཆ་ནས་སྐད་ཆ་བརྗོད་ཀྱིན་ཡོད། ཞི་མཐུན་མཉམ་གནས་ཀྱི་གནས་བབ་དེ་ཉམས་རྒུད་དུ་འགྲོ་བར་བརྗེད་ལ་ཉེ་བ་འདི་ནི་འགྱོད་གདུང་སྐྱེས་འོས་པ་ཞིག་རེད། ཆོས་ལུགས་ལ་མཐོང་ཆུང་དམའ་འབེབས་ཀྱི་སྙོམ་འཛུགས་བྱས་པ་དག་ང་ཚོས་སྤྱི་དམངས་གསང་སྤྱོད་དག་གི་ནང་དུ་མིག་ལམ་དུ་མངོན་ཐུབ་པའི་བྱིས་པའི་སྣང་བ་ཅན་དག་གིས་བྲིས་པའི་མགྱོགས་བྲིས་རི་མོ་དང་ཁྱད་པར་མི་འདུག མགྱོགས་བྲིས་རི་མོ་དེ་ནི་ལུས་སེམས་འཚར་ལོང་བྱེད་མ་ཐུབ་པའི་བྱིས་སེམས་ཅན་དག་དང་སྤྱི་ཚོགས་ཡར་རྒྱས་འགྲོ་མ་ཐུབ་པའི་ཐོན་སྐྱེད་རེད། ང་བྱིས་པ་ཞིག་ཡིན་དུས་བྱ་སྤྱོད་དེ་འདྲ་ཉམས་སུ་མྱངས་མྱོང་ཡོད། དོན་དངོས་སུ་ང་ཚོ་ཁ་ཤས་ཤིག་གིས་ཆོས་ལུགས་ཀྱི་རྟོགས་པ་མཐའ་བཟུང་གི་ནད་ཡམས་དྲག་པོ་དེའི་ཉེན་བརྡ་ང་ཚོའི་ས་མཚམས་དག་ལ་འབྱོར་རེག་བར་དུ་མ་སྒུག་པ་རེད། དེ་དྲན་དུས་ང་ཚོ་ལ་སེམས་གསོ་ཞིག་ཐོབ་ཀྱི་འདུག ང་ཚོས་སེམས་ཁྲལ་བྱེད་འགོ་བརྩམས་པ་དང་གཞན་པ་ཚོ་ལའང་སེམས་ཁྲལ་བྱེད་ཀྱི་ཡོད་པ་གསལ་ཁ་དོད་པོ་ཐོག་ནས་བཤད་པ་རེད།

ཡིན་ནའང་། ཁོང་ཚོས་དེ་རྟོགས་པར་ད་དུང་ཡུན་རིང་འགོར་གྱི་རེད། ད་ལྟ་གོ་ལའི་ཐོག་གི་མི་ནག་གི་སྡོད་ཡུལ་ཆེས་ཆེ་ཤོས་དེས་བྷོ་ཁོ་ཧཱ་རཱམ་མམ་ Boko Haram “དཔེ་ཆ་ནི་བཀག་རྒྱ་ཅན་ཡིན”་ཞེས་པའི་མིང་གི་འོག་ཆོས་ལུགས་ཀྱི་དྲག་སྤྱོད་པའི་ནང་ལ་འཛུལ་ཞུགས་བྱས་ཡོད་པ་རེད། ང་ཚོས་ཀུན་སྤྱོད་ཀྱི་ཐོག་ནས་མི་གཞན་པ་ཚོ་ལས་རོགས་རམ་གྱི་དགོས་འདུན་འདོན་ཐུབ་ཀྱི་ཡོད་པ་རེད། ཡིན་ནའང་། ཁོང་ཚོའང་འུད་སྒྲོག་གི་གཏམ་བཤད་དང་ཁོང་ཁྲོའམ་འགྱོད་གདུང་གི་ཆོ་གའི་ནང་ལ་བྱིངས་འདུག་པ་ང་ཚོས་མཐོང་ཐུབ་ཀྱི་ཡོད། དེ་རིང་དེ་ནི་ཊིམ་བྷུའུ་ཊོའོ་ཡི་ཕ་མེས་ཀྱི་གཅེས་ནོར་དང་མི་སྡེ་རེད། སང་ཉིན་སུ་ཞིག་གིས་ཡིན་ནམ། ཨ་ཧྥེ་རི་ཀ་གླིང་ཆེན་གྱི་མི་རྣམས་ཀྱིས་ངེས་པར་དུ་མཱ་ལེ་འགོར་འགྱང་མེད་པར་ད་ལྟ་རང་ཕྱིར་ལེན་དགོས། སྔོན་མ་ལས་ལྷག་པའི་ཕྱིར་འགྱང་གནང་ན་དེའི་མཇུག་འབྲས་ནི་ཚད་འཇལ་དཀའ་བའི་ཚབས་ཆེའི་གནོད་སྐྱོན་ཞིག་ཡིན་ངེས།

ད་ལྟ་མཐོང་སྣང་ལ་འཁོན་ལན་གྱི་གཅུས་འཁོར་འཕེན་འགོ་བཙུགས་ཡོད་པ་འདྲ། ཉེ་ཆར་གྱི་གསར་འགྱུར་ཞིག་ནི་ཧྥ་རན་སིའི་གསར་འགོད་པ་ཞིག་གིས་ཀྱང་ཁྲིམས་འགལ་གྱི་ཟུར་ཟའི་རི་མོ་དག་གི་འདྲ་པར་འཇོག་དེབ་གསར་པ་ཞིག་བཟོས་ཡོད་འདུག གཅུས་འཁོར་དེ་གཏོར་བར་དེ་རུ་ངེས་པར་དུ་ཡོངས་སུ་སྨིན་པའི་བསམ་བློ་དང་ཁ་གསལ་གཏིང་གསལ་གྱི་འབྲེལ་མོལ་དགོས་ཀྱི་ཡོད། མགྱོགས་པོ་དང་ལས་སླ་བོར་རྟོགས་ཐུབ་པའི་ཐབས་ལམ་ཡོད་པ་མ་རེད། སྒྲུབ་དཀའ་བའི་ཐབས་ལམ་ཁོ་ན་ཡོད་རེད། དཀའ་དུབ་ཅན་གྱི་འབྲེལ་མོལ་ལམ་ཁ་དང་དེའི་སྣ་མང་དགོས་འདུན་དག་ནི་ཤེས་རིག་ལྡན་པའི་སྤྱི་ཚོགས་དག་གི་ལེགས་བཅོས་ཀྱི་བསམ་ཚུལ་ལས་བརྒལ་མེད། དེ་ཡིས་འདུ་ཤེས་དྲག་པོ་སྐྱེད་བྱེད་ཀྱི་ནུས་སྟོབས་ལ་རྒྱབ་འགལ་བྱེད་ཀྱི་ཡོད། དེར་བརྟེན། ཨེ་རན་གྱི་སྲིད་འཛིན་ཟུར་བ་ཁཱ་ཐཱ་མེ་ཡིས་གྲོས་ཚོགས་ཀྱི་ཚོགས་ཆེན་འདི་རང་ནང་དུ་འགོ་འཛུགས་བྱས་པའི་མངའ་ཁུལ་གྱི་འབྲེལ་མོལ་མདུན་སྐྱོད་བྱེད་དུ་འཇུག་དགོས། དེ་ལག་ལེན་དུ་འདེབས་པར་དཔུང་དམག་ཁ་སྣོན་གཏོང་དགོས་ཤིང་དཔའ་ངར་སློང་དགོས།་ཐ་ན། ལག་སྤྲོད་ཀྱང་བྱེད་དགོས། དེའི་དམིགས་ཡུལ་ནི་བུན་འཇལ་དུས་འགྱང་ཆོག་པའི་དབང་ཆ་ཞིག་ཡིན་དགོས། ཡིན་ནའང་། འདིའི་ཆེད་དུ་སྟོབས་ཤུགས་བསྐྱེད་དགོས་ཤིང་བཟོད་བསྲན་བྱེད་དགོས། འདི་ནི་ངེས་པར་དུ་གོ་རྟོགས་ཀྱི་འདུན་པ་དང་ནང་སེམས་ནས་བསྐྱར་དུ་ཁ་ཕྱོགས་འཚོལ་བའི་འདུན་པ་ཞིག་གི་སྒང་གཞིར་བཞག་པའི་རང་འགུལ་ཞིག་ཡིན་དགོས་པ་ལས་སྡིགས་སྐུལ་དང་རང་དཔྱད་དག་འཛིན་གྱི་ཉེས་འཛུགས་དག་དང་གཏོར་རྒོལ་གྱི་སེམས་ཚོར་དྲག་པོའི་སྒང་ལ་གཞི་འཇོག་མི་རུང་། གཅིག་བྱས་ན་ང་ཚོས་ད་དུང་ཆོས་ལུགས་འདིའི་རང་ཉིད་ཀྱི་མཐར་ཐུག་གི་ཉེས་འཛུགས་ཏེ་ཁུངས་སྐྱེལ་ཐུབ་པའི་འགྲོ་བ་མིའི་རིགས་ཀྱི་དགྲ་བོ་དག་གི་རིམ་པའི་ནང་ལ་དམག་ཁྲལ་དེབ་སྐྱེལ་གྱི་ཉེས་འཛུགས་ལས་སྐྱོབ་སྲིད་པ་རེད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 3 བཀོད་འདུག

3 Responses to ཆོས་ལུགས་ཀྱིས་འགྲོ་བ་མིའི་རིགས་ལ་གནོད།

  1. བསྟན་ནོར་བུ།(མངའ་རིས་ཕོ་ཉ།) ནས།

    སྐར་ཁུང་རྩོམ་རིག་ཚོགས་ཆུང་ཚོགས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་རྩོམ་ཡིག་ཧ་ཅང་ཡག་པོ་བཀོད་འདུག་རྗེས་སུ་ཡིང་རང་ཡོད་ད་དུང་མུ་མཐུད་ནས་བཀོད་རོགས།

  2. ཁ་ཚ་དགོས་གཏུགས་ཀྱི་ཕན་རླབས་ཅན་གྱི་ཤེས་བྱ་མང་མང་ཞིག་སྒྱུན་བཞུན་འདུག་པས་་་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་་་་་་་་

  3. ཨ་རིག་དགེ་མཐོང་ ནས།

    ཁྱེད་ཅག་གི་རླབས་ཆེ་བའི་ལས་འགུལ་འདི་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་ལས་མེད། ཁོ་བོ་དུས་དེབ་ཅིག་གི་རྩོམ་སྒྲིག་པ་ཡིན་པའི་ཆ་ནས་རྩོམ་ཡིག་རེ་གནང་ན་ཆོག་གམ། འདི་ལྟ་བུའི་བསྒྱུར་རྩོམ་མ་གཏོགས་སྤྱི་ཚོགས་ལ་དེང་གི་དུས་མི་མཁོ་བས་སློང་བ་ཡིན།

Write a Reply or Comment

Your email address will not be published. Required fields are marked *

*