བོད་མི་ཡོངས་རྫོགས་དགྲ་རུ་མ་འཛིན་རོགས།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ལེ་ཅང་ལེན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ང་བོད་རང་སྐྱོང་ལྗོངས་ཉེ་འཁོར་གྱི་ཞིང་ཆེན་བཞིའི་བོད་ཀྱི་ས་ཁུལ་ཡོངས་ལ་སྐོར་བསྐྱོད་བྱས་རྗེས་རྒྱ་ནག་གཞུང་ལ་”བོད་མི་ཡོངས་རྫོགས་དགྲ་རུ་མ་འཛིན་རོགས་”ཞེས་པའི་བསམ་ཚུལ་འདི་ཕུལ་འདོད་བྱུང་། ཉེ་བའི་ལོ་གཅིག་གི་ནང་དུ་བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱས་པ་དང་། དེས་རྒྱ་ནག་གཞུང་ལ་གནོན་ཤུགས་ངེས་ཅན་ཞིག་བཟོས་ཡོད་ནའང་། འབྲེལ་ཡོད་ལས་ཁུངས་ཁག་དང་བོད་ཁུལ་བརྟན་ལྷིང་སྲུང་སྐྱོབ་དམག་དཔུང་དག་གིས་བོད་མི་ཚོས་རང་གི་སྲོག་ལ་མ་འཛེམས་པར་ངོ་རྒོལ་བྱེད་པའི་རྒྱུ་རྐྱེན་ངོ་མ་དེ་དབུས་གཞུང་གི་མཐོ་རིམ་མགོ་ཁྲིད་ཚོར་གསལ་བཤད་བྱེད་ཐུབ་ཀྱིན་མེད། ཁོང་ཚོས་རྒྱུ་རྐྱེན་ངོ་མ་མ་ཤེས་པའམ་ཡང་ན་ཤེས་བཞིན་དུ་ཡར་ཞུ་བྱེད་མ་ཕོད་པ་གང་ཡིན་ཀྱང་། གཙོ་བོ་བོད་ཀྱི་གནད་དོན་དེ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་རང་ཉིད་ནས་ཚོར་ཤེས་རྣོན་པོ་ཅན་དང་འཛེམ་དོགས་རང་བཞིན་གྱིས་ངོ་བོར་བསྒྱུར་པས། འོག་ནས་མི་སུ་ཞིག་གིས་ཀྱང་ད་ལྟ་བོད་མི་ཚོ་རྒྱ་ནག་གི་དབང་བསྒྱུར་ལ་འདོད་བློ་མ་ཁེངས་པའི་རྒྱུ་རྐྱེན་ངོ་མ་ནི་རྒྱ་གཞུང་གིས་བོད་མི་ཡོངས་རྫོགས་དགྲ་རུ་བཟུང་བའི་སྲིད་བྱུས་དེར་ཐུག་ཡོད་པ་གསལ་བཤད་བྱེད་མ་ཕོད་པ་རེད།

འབྲེལ་ཡོད་དཔོན་རིགས་རྣམས་ནས་ངེས་པར་དུ་སྦྱང་དགོས་པའི་ཐོག་མའི་སློབ་ཚན།
ངས་རྒྱ་ནག་གཞུང་གིས་བོད་མི་ཡོངས་རྫོགས་དགྲ་རུ་འཛིན་གྱིན་འདུག་ཟེར་དོན་ཅི་ཡིན་ཞེ་ན། རྒྱུ་མཚན་ཧ་ཅང་སླ་མོ་རེད། དེ་ནི་ཁོང་ཚོས་”གྲལ་རིམ་དབྱེ་ཞིབ་དང་གྲལ་རིམ་འཐབ་རྩོད་”ཞེས་པའི་སྨན་ཞིག་འཐུང་ལོག་བྱས་ཡོད་པ་དང་། འཐབ་རྩོད་ལ་བརྟེན་ནས་ཕན་ཚུན་གོང་བཀུར་བྱེད་ལུགས་གྱི་གོམས་གཤིས་ཤིག་ཆགས་ཡོད་པས། བོད་མི་རིགས་ནི་ནང་བསྟན་ཆོས་ལུགས་ལ་དད་པ་བརྟན་པོ་ཡོད་མཁན་ཞིག་དང་། ཏྰ་ལའི་བླ་མ་ནི་བོད་མི་རིགས་ཀྱི་དད་གུས་བྱེད་སའི་ཆོས་དང་བསམ་བློའི་དབུ་ཁྲིད་ཡིན་པའི་ཆེས་སྤྱིར་བཏང་གི་གནས་ལུགས་འདིའང་མ་ཤེས་པ་རེད། དོན་དངོས་ཐོག་རྒྱ་གཞུང་གིས་བཙན་ཤེད་ཀྱིས་ཏྰ་ལའི་བླ་མ་དགྲ་རུ་བཟུང་བ་དེ་ནི་བོད་མི་ཡོངས་རྫོགས་དགྲ་རུ་བཟུང་བ་དང་གཅིག་མཚུངས་རེད།

བོད་མི་ཚོང་བ་ཞིག་གིས་ང་ལ་འདི་ལྟར་བཤད་མྱོང་། ཚོང་ལས་གྲུབ་འབྲས་གཟེངས་སུ་ཐོན་པའི་ཁེ་ལས་བ་ཞིག་ལ་མཚོན་ན་ཚོང་འབྲེལ་གྱི་ཕྱིར་དུ་གཞུང་གི་དཔོན་རིགས་ཚོ་དང་འབྲེལ་ལམ་བཟང་པོ་འཛིན་དགོས་པས། ནམ་རྒྱུན་ཚོར་ཤེས་རྣོན་པོའི་གནད་དོན་རིགས་ལ་གཟབ་ནན་བྱེད་རྒྱུ་ནི་རྒྱུན་ལྡན་ལྟ་བུར་ཆགས་ཡོད་ཟེར། ཁོང་ནི་བོད་ཀྱི་ས་ཁུལ་དུ་མངོན་གསལ་འཛེམ་མེད་སྒོས་གཞུང་ལ་གུས་བརྩི་བྱེད་མཁན་གྱི་བོད་མི་ཞིག་ཡིན་པ་དང་། ཁོང་གིས་བཤད་རྒྱུར། ཐེངས་གཅིག་ཆང་གི་འདུ་འཛོམས་ཤིག་གི་སྟེང་དུ་རྒྱ་མིའི་དཔོན་པོ་ཞིག་གིས་ཁ་ཡར་གྲགས་ནས་”ཏྰ་ལའི་ཏྰ་ལའི་”ཞེས་བཤད་བྱུང་པས། ཁོས་བཟོད་སྒོམ་བྱེད་མ་ཐུབ་པར་ “ཏྰ་ལའི་ཞེས་པ་ནི་ཁྱོད་ལྟ་བུ་ཞིག་གིས་འབོད་རྒྱུ་རེད་དམ་”ཞེས་སྒྲོག་ཙེ་སྟེང་དུ་ཁུ་ཚུར་གཞུས་ནས་ཡར་ལངས་པ་ན། རྒྱ་དཔོན་དེ་མགོ་འཐོམ་ནས་ཅི་ཡིན་འདི་ཡིན་མེད་པར་གྱུར་སོང་། དེ་དང་བསྟུན་ནས་ཁོས་”ཁྱོད་ཀྱིས་ཆེས་མ་མཐའ་ཡང་ཏྰ་ལའི་བླ་མ་ཞེས་གུས་མིང་ཞིག་བེད་སྤྱོད་བྱས་ན་མི་ཆོག་གམ་”ཞེས་ཚོགས་གཏམ་བཏང་པ་ཡིན་ཟེར།

བོད་མི་ཚོང་བ་འདིས་བཤད་པའི་སྐད་ཆ་འདི་ནི་རྒྱ་གཞུང་གིས་བོད་ལ་བཟུང་པའི་སྲིད་བྱུས་ཀྱི་སློབ་ཚན་དང་པོ་ཡིན་ལ། ཏྰ་ལའི་བླ་མར་གུས་བརྩི་མ་བྱས་པ་ཡིན་ན་བོད་མི་ཡོངས་རྫོགས་མི་དགའ་བར་འགྱུར་སྲིད་པས། རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་དག་གིས་ངེས་པར་དུ་ཐོག་མའི་སློབ་ཚན་འདི་བློ་ལ་ངེས་པར་བྱས་ཏེ། ག་དུས་ཡིན་ཡང་ཏྰ་ལའི་བླ་མ་ཞེས་པའི་གུས་མིང་འདི་འབོད་དགོས་པ་དང་། དེ་མིན་ཕྱི་སྐད་བེད་སྤྱོད་བྱེད་དུས་ཀྱང་ངེས་པར་དུ་ཏྰ་ལའི་བླ་མའི་ཚིག་གི་སྔུན་ལ་”His Holiness”ཞེས་པའི་ཞེ་ཚིག་འདི་བཀོལ་དགོས།

བཙན་གནོན་སྲིད་བྱུས་ཀྱིས་རང་ཉིད་ཞ་ར་དང་འོན་པར་བཟོས་པ་རེད།
བོད་ཀྱི་རིག་གནས་ལ་མཚོན་ན་མི་དང་མིའི་བར་ཀྱི་འབྲེལ་བ་དང་དེ་བཞིན་འབོད་སྟངས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཚད་གཞི་ངེས་ཅན་ཡོད། དེ་བཞིན་ཏྰ་ལའི་བླ་མའི་མིང་ལའང་བོད་མི་ཚོར་་ཁོང་ཚོ་རང་ཉིད་ནས་གུས་མིང་གཞན་པ་འབོད་སྟངས་ཡོད་པ་རེད། དེང་སྐབས་བོད་ཀྱི་ས་ཁུལ་ཁག་ལ་མཚོན་ན་མི་རྣམས་ཀྱིས་ཕན་ཚུན་འབྲེལ་འདྲིས་བྱེད་སྐབས་ཏྰ་ལའི་བླ་མ་ཞེས་པ་ནི་འཛེམ་དོགས་བྱེད་དགོས་པའི་མིང་བརྡ་ཞིག་ཏུ་ཆགས་ཡོད་པ་དང་། མི་སུ་ཡིན་ལ་སེམས་ཀྱི་སྐད་ཆ་བཤད་པར་དོགས་སྣང་བྱེད་དགོས་པའི་ཚད་ལ་སླེབས་ཡོད། ང་བོད་ཀྱི་ས་ཁུལ་ཁག་ལ་ཡུལ་སྐོར་དུ་འགྲོ་སྐབས་ངས་ནམ་རྒྱུན་བོད་མི་རང་ཉིད་ནས་འབོད་ཀྱིན་པའི་ཏྰ་ལའི་བླ་མའི་གུས་མིང་བེད་སྤྱོད་བྱས་པས་ངོ་མི་ཤེས་པའི་བོད་མི་སྐྱ་སེར་ཀུན་གྱིས་དེ་མ་ཐག་ང་དང་སེམས་ཐག་ཉེ་རུ་བཅར་ནས། སྦ་གསང་མེད་པར་ཁོང་ཚོའི་གསང་བ་དང་ཉེས་འགེལ། སེམས་ཀྱི་སྡུག་བསྔལ་སོགས་གསལ་བོར་བཤད་ཀྱིན་འདུག

བོད་ལྗོངས་ཉེ་འཁོར་གྱི་ཞིང་ཆེན་ཁག་བཞིའི་བོད་ཀྱི་ས་ཁུལ་དག་གི་དགོན་པར་རྒྱ་གཞུང་གིས་ལྟ་ཞིབ་ཧ་ཅང་ནན་མོ་ཡིན་པ་དང་། དགོན་པའི་སྒོ་ཆེན་གྱི་འཁྲིས་སུ་སྤྱི་བདེ་མི་སྣ་བསྐོ་བཞག་བྱས་ཡོད་པ་མ་ཟད་ཐ་ན་དགོན་པའི་ནང་དུའང་བསྐོ་བཞག་བྱས་ཡོད། ཡིན་ནའང་། དགོན་པ་ཕལ་ཆེ་བའི་ནང་དུ་ཏྰ་ལའི་བླ་མའི་སྐུ་པར་བཤམས་ཡོད་ལ། མཚམས་མཚམས་སུ་ཧ་ཅང་ཆུང་བའི་སྐུ་པར་དེ་མི་རྣམས་ཀྱིས་མཉམ་འཇོག་མི་བྱེད་སའི་མཆོད་གཤོམ་ཤིག་གི་སྟེང་དུ་མཆོད་འབུལ་བྱས་ནས་བཞག་ཡོད། ཡང་ཅུང་ལམ་ཐག་རིང་བའི་ཁུག་ཀྱོག་གི་དགོན་པ་ཁ་ཤས་ནང་དུ་ཏྰ་ལའི་བླ་མའི་སྐུ་པར་ཧ་ཅང་ཆེན་པོ་རེ་ཀུན་གྱི་མཐོང་ལམ་དུ་མངོན་གསལ་འཛེམ་མེད་ཀྱིས་བཤམས་ནས་བཞག་ཡོད། དགོན་པ་ཁ་ཤས་ནང་དུ། ངས་བོད་མི་རང་ཉིད་ཀྱིས་འགྲོ་ལུགས་ལྟར་འདྲི་ཞིབ་བྱས་པས་གྲྭ་བ་ཚོས་རང་འགུལ་གྱིས་ང་ལ་སྒོ་ལྕགས་བརྒྱབས་ཡོད་པའི་མཆོད་ཁང་གི་སྒོ་ཕྱེས་ནས་དེའི་ནང་དུ་མཆོད་འབུལ་བྱས་པའི་ཏྰ་ལའི་བླ་མའི་སྐུ་པར་ཆེན་པོ་དེ་སྟོན་གྱིན་འདུག

དེ་བཞིན་འབྲོག་ཁྱིམ་དུའང་ངས་ཏྰ་ལའི་བླ་མའི་སྐུ་པར་ཆེན་པོ་རེ་ཁྱིམ་གྱི་མཐོ་སར་མཆོད་འབུལ་བྱས་ཡོད་པ་མཐོང་སོང་། དད་པ་དག་སྣང་གི་བོད་མི་ཚོས་ཏྰ་ལའི་བླ་མའི་སྐུ་པར་གང་ནས་མཐོང་ཚེ་ལག་གཉིས་ཐལ་མོ་སྦྱར་ནས་གུས་ཕྱལ་འཚལ་བ་དང་། ཏྰ་ལའི་བླ་མའི་སྐུ་པར་ཡོད་པའི་དངོས་པོ་གང་ཞིག་ལག་ཏུ་ཐོན་ཚེ་ལམ་སེང་ཐོད་པ་གཏུགས་ནས་གུས་ཞབས་བྱེད་བཞིན་འདུག
བོད་མའི་རྒྱུན་ལྡན་གྱི་འཚོ་བ་དང་བྱ་སྤྱོད་ཁྲོད་དུ་ཏྰ་ལའི་བླ་མར་གོང་བཀུར་བྱེད་པའི་སྣང་ཚུལ་དེ་དག་འབྲེལ་ཡོད་དཔོན་རིགས་ཚོས་ཞིབ་མོར་མཐོང་མི་ཐུབ་ལ། ཁོང་ཚོས་མཐོང་ཀྱང་གོང་རིམ་ལ་ཡར་ཞུ་བྱེད་མི་ཕོད་པའམ་ཡང་ན་ཁོང་ཚོས་དེ་ནི་བླུན་རྨོངས་དང་རྗེས་ལུས་གྱི་རྣམ་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། རྒྱ་ནག་གཞུང་གིས་རང་གི་བཙན་གནོན་སྲིད་བྱུས་ལ་བརྟེན་ནས་རང་ཉིད་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པའི་བརྒྱུད་ལམ་ཆ་ཚང་བཀག་སྟེ་རང་ཉིད་ཞ་ར་དང་འོན་པར་བཟོས་པ་རེད། དེའི་རྐྱེན་གྱིས་ལོ་ངོ་འདི་འདྲའི་མང་པོ་ཞིག་ལ་ཁོང་ཚོས་བོད་ཀྱི་གནད་དོན་ཐོག་ཏུ་བཟོས་པའི་ཚབས་ཆེན་རང་བཞིན་ཀྱི་ནོར་འཁྲུལ་ངོས་འཛིན་མ་ཐུབ་པར་ཏྰ་ལའི་བླ་མ་དགྲ་རུ་བཟུང་བ་རེད།

ངས་ད་ལྟ་ལས་ཀ་བྱེད་བཞིན་པའི་བོད་རིགས་གཞུང་ཞབས་པ་ནས་ས་ཆ་ཤོར་ནས་གྲོང་ཁྱེར་དུ་ཞོར་ལས་ལ་འགྲོ་བའི་ཞིང་པ་སོགས་ལས་རིགས་འདྲ་མིན་ཐོག་གི་བོད་མི་ཚོར་འབྲེལ་འདྲིས་བྱས་ཏེ། ད་ལྟའི་གནས་སྟངས་ལ་ལྟ་ཚུལ་ཅི་ཡོད་སྐད་ཆ་དྲིས་པ་ཡིན། ཁོང་ཚོའི་ད་ལྟའི་འཚོ་བའི་གནས་བབ་ཅི་འདྲ་ཡིན་ཀྱང་ཚང་མས་མཐའ་གཅིག་ཏུ་གནས་ཚུལ་ཛ་དྲག་ཡིན་ཚུལ་དང་གནོན་ཤུགས་ཆེ་རབས་སོགས་བརྗོད་པ་དང་། “ཁོང་ཚོས་ང་ཚོའི་སེམས་པ་རྟོག་གིན་མི་འདུག་”ཞེས་བཤད་པ་ལས་ད་ལྟའི་རྒྱ་གཞུང་གི་སྲིད་ཇུས་ལ་རེ་བ་བཟུང་མཁན་ཕལ་ཆེར་གཅིག་ཀྱང་མི་འདུག
རྒྱ་རིགས་དབང་འཛིན་པ་དག་གིས་ཅིའི་ཕྱིར་བོད་མིའི་སེམས་པ་མ་རྟོགས་པ་རེད།

དེས་ན་བོད་རིགས་ནང་ཁུལ་དུ་རྒྱ་གཞུང་ནང་བཞིན་ཏྰ་ལའི་བླ་མ་མཐའ་གཅིག་ཏུ་དགྲ་རུ་འཛིན་མཁན་ཡོད་དམ་ཞེ་ན། རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་དང་དྲིལ་བསྒྲགས་ལས་ཁུངས་སོགས་ན་འདི་ལྟ་བུའི་བཤད་ཚུལ་ཞིག་ཡོད་པ་གོ་མྱོང་། ཏྰ་ལའི་བླ་མ་ཕྱིར་ལྷ་སར་ཕེབས་མི་ཐུབ་པའི་འགག་རྡོ་གཙོ་བོ་ནི་དེང་སྐབས་དཔོན་གནས་གང་ཙམ་བཟུང་ཡོད་པའི་བོད་རིགས་ལས་བྱེད་དག་ཡིན་པ་དང་། ཁོང་ཚོས་ཐོབ་ཟིན་པའི་རང་ཉིད་ཀྱི་ཁེ་ཕན་བསམ་ནས་བོད་ཀྱི་གནད་དོན་ཐག་གཅོད་ལ་ལམ་ལྷོང་མི་ཡོང་བའི་རེ་བ་བྱེད་བཞིན་ཡོད་རབས་བཤད་ཀྱིན་འདུག དེ་བས་ངས་ཆེད་དུ་འདིའི་སྐོར་གྲྭ་བ་ཞིག་ལ་སྐད་ཆ་དྲིས་པ་ཡིན། ཁོང་ནི་རིན་པོ་ཆེ་ཞིག་རེད། ཁོང་གད་མོ་དགོད་ཞོར་དུ་བཤད་རྒྱུར” དེ་ལྟ་བུའི་མི་ཧ་ཅང་ཉུང་་ཉུང་”རེད་ཟེར།

ངས་རྒྱུ་མཚན་ཅི་ཡིན་མུ་མཐུད་ནས་འདྲི་སྐབས། ཁོའི་སེམས་རྣལ་ལ་ཕབ་ནས་བཤད་རྒྱུར་”གཅིག་ནས་ང་ཚོ་ཚང་མ་བོད་པ་ཡིན་པ་དང། གཉིས་ནས་བོད་མི་རིགས་ནི་རྒྱ་མི་རིགས་དང་མི་འདྲ་བར་ང་ཚོའི་འཚོ་བ་དད་པ་དང་ཁ་འབྲལ་ཐབས་ཡོད་པ་མ་རེད། ཏྰ་ལའི་བླ་མ་ནི་བོད་མི་རིགས་ཀྱིས་ཐུན་མོང་གི་དད་པ་བྱེད་ཡུལ་ཡིན། རྒྱ་མི་རིགས་ཀྱིས་དེ་ལ་བསམ་ཤེས་བྱེད་མ་ཐུབ་ཚེ་ཁྱོད་ཚོས་ནམ་ཡང་བོད་མི་ཚོའི་སེམས་པ་རྟོགས་ཐབས་ཡོད་པ་མ་རེད། ” ཁོས་ད་རུང་བཤད་རྒྱུར་བོད་མི་ནང་དུའང་མི་ངན་པ་དང་ཀུན་སྤྱོད་ལོག་པའི་མི་འདྲ་མིན་ཡོད་མོད། ཡིན་ནའང་ད་ལྟའི་གནས་བབ་ལ་བསྟོད་གླུ་ལེན་མཁན་དང་རྒྱ་གཞུང་གིས་ལག་བསྟར་བྱེད་པའི་མིག་སྔར་གྱི་སྲིད་བྱུས་ལ་དགའ་མོས་བྱེད་མཁན་གྱི་བོད་རིགས་དེ་དག་ལས་མང་ཆེ་ཤོས་ཀྱིས་ང་ཚོའི་ཐུན་མོང་གི་དད་མོས་ལ་སེམས་གཏིང་ནས་རྒྱབ་འགལ་བྱེད་ཀྱི་ཡོད་པ་མ་རེད། རྒྱ་གཞུང་གི་ཡིད་ཆེས་ཐོབ་ཕྱིར་རང་གི་སྤུན་ཟླར་རྒྱ་རིགས་དམག་མི་ལས་ཀྱང་མ་རབས་ཐ་ཤལ་བྱེད་མཁན་གྱི་བོད་མི་སྔོན་ཐོན་པ་ཁ་ཤས་ཡོད་སྲིད་ནའང་། བོད་རིགས་ལས་བྱེད་མང་ཆེ་བར་འདས་པའི་མི་ལོ་ལྔ་བཅུ་རིང་གི་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པ་དང་། མི་ལོ་ལྔ་བཅུའི་རིང་གི་ཆོས་ལུགས་བཅོས་བསྒྱུར་ཁྲོད་དུ་བོད་མི་སྔོན་ཐོན་པ་དེ་དག་གི་བྱེད་ལུགས་བྱེད་སྟངས་ཆ་ཚང་ལ་བསམ་ཞིབ་བྱེད་བཞིན་ཡོད་པ་རེད། མིག་སྔར་ཁོང་ཚོ་ཁ་ཁུ་སིམ་མེར་འདུག་པ་ནི་ད་ལྟའི་འཚོ་བའི་དགོས་དབང་དང་གནོད་པར་གཡོལ་ཐབས་བྱེད་པ་ཙམ་རེད། ནམ་ཞིག་གནས་བབ་འདི་ལ་འགྱུར་ལྡོག་བྱུང་ཚེ་ཁོང་ཚོས་ནང་སེམས་ཀྱི་བསམ་ཚུལ་ངོ་མ་གསལ་སྟོན་བྱེད་ངེས་ལ། དེའི་དུས་ཏྰ་ལའི་བླ་མ་ནི་གཞན་སུ་ལས་ཀྱང་ཁོང་ཚོས་དགའ་མོས་བྱེད་ཡུལ་ཡིན་ངེས་རེད། དོན་དངོས་སུ་རྒྱ་གཞུང་གིས་ཀྱང་གནས་ཚུལ་འདི་སྔོན་དཔག་བྱས་ཟིན་པས། ད་བར་དུ་གཞུང་གི་སྒྲིག་གཞིའི་ནང་དུ་བོད་མི་ཚོར་ཡིད་ཆེས་བྱེད་ཐུབ་ཀྱིན་ཡོད་པ་མ་རེད། འདི་ནི་ལྡོག་ཕྱོགས་ཀྱི་ཁུངས་སྐྱེལ་རེད།

ད་ལྟ། རྒྱ་ནག་ས་ཁྱོན་གྱི་བཞི་ཆའི་གཅིག་ཟིན་པའི་བོད་ཀྱི་ས་ཁུལ་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པ་དང་། རྒྱ་གཞུང་གིས་ནུས་ཤུགས་ཡོད་དགུ་བཏོན་ཏེ་བཙན་གནོན་འོག་གི་ལྷིང་འཇགས་བརྟན་སྲུང་བྱེད་བཞིན་ཡོད་ནའང་། དུས་དང་རྣམ་པ་ཀུན་ཏུ་ས་ཁུལ་འདི་ནས་དོན་དག་འབྱུང་སྲིད་པ་ཚང་མས་ཤེས་གསལ་རེད། བོད་མི་ས་ཡ་དྲུག་པོ་རྒྱ་གཞུང་གི་དབང་བསྒྱུར་ལ་འདོད་བློ་ཁེངས་ཀྱིན་མེད་པ་ནི་ཁོང་ཚོ་རང་ཉིད་ཀྱིས་ཀྱང་རང་ཉིད་ལ་མགོ་སྐོར་གཏོང་ཐབས་མེད་པའི་དོན་དངོས་ཤིག་རེད། རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་ཏྰ་ལའི་བླ་མ་དགྲ་རུ་བཟུང་བ་ནི་བོད་མི་ཡོངས་རྫོགས་དགྲ་རུ་བཟུང་བ་དང་གཅིག་མཚུངས་རེད། གལ་ཏེ་འདི་ལ་འགྱུར་བ་མ་བཏང་བ་ཡིན་ན་བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་མེད་པ་དང། དེ་ལས་ལྡོག་ཚེ་ཡོད་ཚད་ལ་བཟང་ཕྱོགས་ཀྱི་ འགྱུར་བ་འགྲོ་ངེས་པ་དེ་རེད།

(བསྒྱུར་རྩོམ་འདིའི་བདག་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to བོད་མི་ཡོངས་རྫོགས་དགྲ་རུ་མ་འཛིན་རོགས།

  1. སྐར་ཁུང་ཚང་ལ་ཙུང་ལི་ཝུན་སྐོར་གྱི་རྩོམ་ཡིག་ཅིག་འདུག་ཟེར། འདིར་སླེབས་དུས་རྙེད་མ་བྱུང། གང་དུ་ཡོད་པ་རེད་དམ།

  2. ཤར་ཕྱོགས་ཁུག་རྟ་ལགས།

    ང་ཚོས་རྩོམ་དེ་བསྒྱུར་བཞིན་ཡོད། མི་འགྱངས་བར་བསྒྱུར་ཚར་ནས་དྲ་ངོས་སུ་འགོད་གི་ཡིན། དེ་དོན་མཁྱེན་པ་གནང་རོགས།

    སྐར་ཁུང་རྩོམ་སྒྲིག་པས།
    http://www.karkhung.com
    karkhungeditor@gmail.com

Write a Reply or Comment

Your email address will not be published. Required fields are marked *

*