རྩོམ་པ་པོ་ནི་སྤྱི་ཚོགས་ལ་སྣེ་འཁྲིད་མཁན་ཡིན་ནམ།

བཅར་འདྲི་ཞུ་ཡུལ། ཆབ་བྲག་ལྷ་མོ་སྐྱབས།
བཅར་འདྲི་ཞུ་མཁན། སྐར་ཁུང་དྲ་བ།

༡) དེ་རིང་སང་ཉིན། བོད་ཡིག་གི་རྩོམ་འབྲི་མཁན་ཚོའི་ཁྲོད་དུ། རྩོམ་པ་པོ་ནི་སྤྱི་ཚོགས་ཀྱི་སྣེ་འཁྲིད་མཁན་ཡིན་ཟེར་བ་དང་སྤྱི་ཚོགས་ལ་གཤག་བཅོས་གཏོང་མཁན་ཡིན་ཟེར་མཁན་འདུག སྐད་ཆ་འདི་དག་ཁ་གཡང་ལྟ་བུ་ཞིག་རེད་དམ་ཡང་ན་དོན་དངོས་སུ་འདི་དག་རྩོམ་པ་པོས་བྱེད་ཐུབ་པ་ཞིག་རེད།

ལན། ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན་ཤེས་ཡོན་ཅན་ནམ་རྩོམ་པ་པོས་མིའི་རིགས་ལ་ལེགས་སྐྱེས་གྱ་ནོམ་པ་ཞིག་ཕུལ་འདུག་པ་ཚང་མས་མཐོང་གསལ་རེད། ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ནག་གཉིས་ལ་མཚོན་ན་ཡང་མཁས་དབང་ཉི་དབང་མགོན་པོ་དང་སྐུ་ཞབས་ལུའུ་ཞུན་ལྟ་བུས་སྤྱི་ཚོགས་ཀྱི་ཁ་ལོ་བ་ལྟ་བུའི་ནུས་པ་ཐོན་ཡོད་པར་བཤད། བོད་རང་ལ་མཚོན་ན་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་དང་སྐུ་ཞབས་དོན་གྲུབ་རྒྱལ་རྣམ་པ་གཉིས་ཀྱིས་དམིགས་བསལ་གྱི་ཕན་ནུས་ཐོན་ཡོད། བྱེ་བྲག་ཏུ་བཤད་ན་རྩོམ་པ་པོ་སོ་སོའི་ཤེས་ཚད་དང་བསམ་བློ་མི་འདྲ་བ་དང་བརྩམས་ཆོས་ཀྱང་མི་འདྲ་བ་ལ་བསྟེན་ནས་དེས་ཕན་ནུས་ཐོན་ས་ཡང་མི་འདྲ་བ་ཡོད་པ་རེད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ནས་དམིགས་བསལ་འབུར་ཐོན་གྱི་རྩོམ་པ་པོ་དེ་འདྲ་མེད་ན་ཡང་བསམ་བློ་གསར་བ་དང་མིག་རྒྱང་ཅུང་རིང་བའི་ཤེས་ཡོན་ཅན་མི་ཉུང་བ་ཞིག་ཐོན་གྱིན་ཡོད་ལ་བརྩམས་ཆོས་ཀྱང་ལེགས་པོ་མི་ཉུང་བ་རེ་ཐོན་གྱིན་ཡོད། འོན་ཀྱང་རྩོམ་ཡིག་གིས་ཕན་ནུས་ཐོན་མིན་དེ་ཀློག་པ་པོའི་གྲངས་ཚད་དང་ཤེས་ཚད་ལ་ཡང་རག་ལས་ཡོད། ངའི་བསམ་ཚུལ་ལ་༸རྒྱལ་བ་ཡིད་བཞིན་ནོར་བུ་དང་མཁས་དབང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཀྱི་གསུང་བཤད་གང་མང་ཞིག་ནི་རྩོམ་ཡིག་ལས་ལྷག་པའི་རིན་ཐང་ཅན་དང་ཁྱབ་ཚད་མཐོ་བ་ཡིན། དེ་བས་སྤྱི་ཚོགས་ལ་སྣེ་ཁྲིད་ཀྱི་ཕན་ནུས་ཀྱང་ཆེན་པོ་ཐོན་ཡོད། དེས་ན་དེ་ནི་ཁ་གཡང་སྟོང་༷པ་རང་མིན་པར་འདོད།

༢) སྐུ་ཉིད་ཀྱི་རྩོམ་ཁ་ཤས་ཀྱི་ནང་དུ། རྩོམ་པ་པོ་ནི་དྲང་བདེན་སྐྱོང་མཁན་ཡིན་ཟེར་བ་ལྟ་བུ་བྲིས་འདུག དེ་ལྟར་བདེན་ན། རྩོམ་པ་པོས་དྲང་བདེན་ཇི་ལྟར་སྐྱོང་དགོས་སམ།

ལན། རྩོམ་པ་པོས་སྤྱི་ཚོགས་ལ་སྣེ་ཁྲིད་ཀྱི་ཕན་ནུས་ཐོན་རྒྱུར་བརྩམས་ཆོས་ཁོ་ན་ཙམ་ཡང་མིན་པར་རྩོམ་པ་པོ་རང་ཉིད་ཀྱི་བསམ་སྤྱོད་ལ་ཡང་རག་ལས་ཡོད་པར་འདོད། དེ་ནི་འདས་པའི་ལོ་རྒྱུས་ལ་གཟིགས་ན་རྟོགས་ཐུབ་པ་ཞིག་རེད་ལ། ཁ་སང་དེ་རིང་གི་སྤྱི་ཚོགས་འདིས་ཀྱང་གསལ་བཤད་ཐུབ་པ་ཞིག་རེད། འདི་ནི་རྩོམ་པ་པོ་ཁོ་ན་ཙམ་མིན་པར་དབུ་ཁྲིད་མཁན་དང་ཆོས་གསུང་མཁན་སོགས་ལ་ཡང་ངེས་པར་ལྡན་དགོས་པའི་ཆ་རྐྱེན་ཞིག་རེད།

རྩོམ་པ་པོས་དྲང་བདེན་ཇི་ལྟར་སྐྱོང་དགོས་པར་བསམ་ཚུལ་མི་འདྲ་བ་ཡོང་རྒྱུ་རེད། ངའི་བསམ་ཚུལ་ལ་བདེན་དོན་གང་ཡིན་ལ་བརྩི་སྲུང་བྱེད་དགོས། མཁས་པ་སྔ་རབས་པའི་གསུང་སྟངས་ལྟར་ན་གཟུར་གནས་བློ་ལྡན་ཞིག་ཡིན་དགོས། འདི་ནི་སྒེར་དང་ཚོགས་སྡེ་སོགས་ཀྱི་ཞེན་ཕྱོགས་མེད་པ་དངོས་ཡོད་གནས་ཚུལ་གང་ཡིན་པ་དེའི་ཕྱོགས་སུ་ལངས་ཐུབ་རྒྱུ་དེ་རེད། དཔེར་ན་ང་རང་ཚོའི་ལོ་རྒྱུས་ཉམས་ཞིབ་པ་ཞིག་ལ་མཚོན་ན་བོད་རང་བཙན་ཞེས་པ་འདི་དུས་ནམ་ཞིག་ནས་བྱུང་བ་དང་དུས་ནམ་ཞིག་བར་ལ་གནས་ཐུབ་ཡོད་པ། དེ་ཡང་ཐོག་མཐའ་བར་གྱི་རང་བཙན་གྱི་བདག་དབང་དང་མངའ་ཐང་དར་རྒུད་ཅི་འདྲ་ཡིན་པ་དེ་ལོ་རྒྱུས་ཡིག་ཆ་ཁུངས་བཙུན་དག་གཞིར་བཟུང་གིས་བརྟག་ཞིབ་བྱས་ནས་གྲུབ་དོན་གང་ཡིན་དེར་གནས་རྒྱུ་ལས་ཐོག་མ་ནས་དམ་བཅའ་ཞིག་བཟུང་ནས་དེ་སྒྲུབ་བྱེད་དུ་ཆེད་རྩོམ་སྤེལ་ན་མ་འོས་པ་རེད་ལ། ཡང་ལོ་རྒྱུས་ཇི་བཞིན་མ་རྟོགས་པར་ཞེན་ཁོག་གི་སྐད་ཆ་བཤད་ན་ཡང་མ་འོས་པ་རེད། གཞན་ཡང། སྤྱི་ཚོགས་ཁྲོད་ནས་མི་སུ་ཞིག་ལ་སྐྱོན་བརྗོད་དང་སུ་ཞིག་ལ་རྒྱབ་སྐྱོར་བྱེད་དགོས་དུས་གང་ཟག་ཉིད་ཀྱི་ཕྱོགས་འཛིན་ལྟ་བ་སྤངས་ཏེ་དེས་གང་བཤད་པ་དང་གང་བྱས་པ་ལ་བལྟས་ནས་ཡིན་མིན་དང་འོས་མིན་གྱི་སྐད་ཆ་བཤད་དགོས། ང་རང་ཉིད་ལ་མཚོན་ན་ངེས་པར་དེ་ལྟར་ཡིན། སྤྱིར་བཏང་སེམས་ཅན་གྱི་ཁ་སངས་རྒྱས་ཀྱིས་ཀྱང་མི་ཆོད་གསུངས་པ་བཞིན་མཁས་བཙུན་བཟང་གསུམ་གྱི་དམ་པ་དག་ལ་ཡང་ཁ་གཏོང་མཁན་ཡོང་བས། གཙོ་བོ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས་རང་སེམས་དྲང་མིན་རང་གིས་ཤེས་རྒྱུ་དེ་གཙོ་བོ་ཡིན། བདེན་པ་སྐྱོང་མཁན་ཞིག་ཡིན་ན་གནས་སྐབས་རིང་མ་ཉེས་ཁག་གཡོག་གང་ཞིག་བྱུང་ན་ཡང་ནམ་ཞིག་དཀར་དག་གི་ཉི་མ་འཆར་ངེས་ཡིན། འདི་ཉིད་བདེན་པའི་རྒྱལ་ཁ་ཡིན། ཐ་ན་རྒྱ་དམར་གཞུང་གིས་ཀྱང་སྔར་བྱས་མང་པོ་ཞིག་ལ་དཀར་དག་བྱས་མྱོང་། རྩོམ་པ་པོའམ་ཤེས་ཡོན་ཅན་ཞིག་ཡིན་ན་རང་གི་ནོར་འཁྲུལ་གང་བྱས་ལ་ངོས་ལེན་དང་ཡོ་བསྲང་གནང་ཐུབ་དགོས། ཤེས་བཞིན་དུའང་རང་ལྟ་ནོར་བ་མཁྲེགས་འཛིན་དང་རང་ཁེ་ཁོ་ན་ཧུར་སྒྲུབ་མཁན་གྱི་སྲིད་དོན་པ་ཐ་ཤལ་ལྟ་བུའི་རྗེས་འབྲང་གཏན་ནས་བྱེད་རྒྱུ་མེད།

༣) སྤྱིར་བཏང་ནས། བོད་ཡིག་ཐོག་རྩོམ་པ་པོ་ཞིག་བྱེད་པ་ལ་མ་མཐའི་ཆ་རྐྱེན་གང་དག་རེད་དམ།

ལན། དང་པོ། བོད་ཀྱི་སྐད་དང་ཡི་གེར་རང་རྐྱ་ཐུབ་པའམ་བྱང་ཆ་ལྡན་དགོས། རྩོམ་འབྲི་བ་མི་ཉུང་བ་ཞིག་ལ་མ་མཐའི་ཆ་རྐྱེན་འདི་ཡང་ཚང་གི་མེད། བྲིས་ན་དག་མི་ཐོན་པ་དང་བཤད་ན་གནད་འབྱིན་མི་ཐུབ་པའི་གསར་སློབ་པ་མང་པོ་ཞིག་གིས་ང་རང་ཐང་ཆད་དུ་འཇུག་མྱོངལ་སྙན་ངག་མེ་ལོང་མ་ཡང་ངོ་ཚ་མྱོང། གལ་ཏེ་ཆ་རྐྱེན་དེ་མི་ཚང་ན་ཨུ་ཚུགས་ཀྱིས་རྩོམ་ཡིག་སྦྱོང་དགོས་དོན་མེད།

གཉིས་པ། ཁ་སང་དེ་རིང་གི་འཚོ་བ་ལ་མྱོང་རྒྱུས་ཡོད་དགོས། འཚོ་བའི་མྱོང་གོམས་དང་འཚོ་བར་དོ་སྣང་མེད་ན་ཁྱོད་ལ་སེམས་ཚོར་འགའ་རེ་ལས་འཚོ་བ་དངོས་ཀྱི་རྩོམ་ཡིག་ཡག་པོ་ཞིག་འབྲི་རྒྱུ་མི་རྙེད། རྩོམ་ཡིག་གི་ཕྱིའི་རྒྱུ་ནི་སྐད་ཡིག་དང་ནང་གི་རྒྱུ་ནི་འཚོ་བ་ཡིན། དེ་བས་འདི་གཉིས་མེད་ཐབས་མེད་པ་ཡིན་ལ། འདི་གཉིས་ཡར་རྒྱས་བཏང་ནས་མཐར་ཕྱིན་རྒྱུ་ཡང་མེད་པ་ཞིག་ཡིན།

གསུམ་པ། རྩོམ་འབྲིའི་སྦྱོང་བརྡར་གང་ལེགས་བྱེད་དགོས། གཅིག་ནས་སློབ་དེབ་དང་དགེ་རྒན་ལ་བསྟེན་རྒྱུ་དང་གཉིས་ནས་རང་ངོས་ནས་རྩོམ་རིག་ལ་ལྟ་ཀློག་དང་འབྲི་སྦྱོང་གང་མང་བྱེད་དགོས། འདི་ལྟར་བྱས་ན་ཁྱོད་ཀྱི་རྩོམ་འབྲིའི་ཤེས་ཚད་ཟླ་རེ་དང་ལོ་རེ་བཞིན་ཡར་རྒྱས་ཆེན་པོ་འགྲོ་ངེས་ཡིན། ང་རང་རྩོམ་དགེ་བྱེད་པའི་སྐབས་སུ་སློབ་མ་མང་པོ་ཞིག་ལ་རྒྱུ་དང་པོ་གཉིས་མི་ཚང་བའི་ཐོག མཐུན་རྐྱེན་གསུམ་པ་འདི་ཡང་ལག་ལེན་བྱེད་མཁན་ཧ་ཅང་ཉུང་བས་ང་རྦད་དེ་ཁོ་ཆད་མྱོང། ངས་ཁོ་ཚོར་ཅིའི་ཕྱིར་རྩོམ་རིག་སློབ་ཁྲིད་བྱེད་དགོས་སམ། ཁོ་རང་ཚོས་ཀྱང་ཅིའི་ཕྱིར་ཨུ་ཚུགས་ཀྱིས་རྩོམ་རིག་སྦྱོང་དགོས་སམ་སྙམ། སྐབས་དེར་གལ་ཏེ་ང་ལ་དམིགས་བསལ་གྱི་དབང་ཚད་ཅིག་ཡོད་ན་ངས་རྩོམ་རིག་སྡེ་ཚན་དང་ལོ་རྒྱུས་སྡེ་ཚན། སྐད་ཡིག་སྡེ་ཚན་སོགས་ཀྱི་འཛིན་གྲྭ་ལོགས་སུ་བཟོས་ཚར་ཡོད། ཡིན་ན་ཡང་་་་་

ད་ངས་ལན་འདེབས་མཚམས་འཇོག འདི་ལན་ལ་འབྲེལ་བ་མེད་ཀྱང་སྲིད། གང་ལྟར་ཁྱེད་རང་གི་དྲི་བ་འདི་དག་གིས་ང་རང་ཕྱིར་ཁོར་ཡུག་རྙིང་པ་ཞིག་ལ་ཡང་ཁྲིད་སོང། ངས་ཡོད་ཀྱང་རུང་ལ་མེད་ཀྱང་རུང་བའི་རང་གི་ལས་གནས་རྙིང་བ་དེ་ཡང་དྲན་བྱུང། དེ་རིང་ང་ཁོར་ཡུག་གསར་བ་ཞིག་ན་ཡོད། ང་སྔར་བཞིན་རྩོམ་དགེ་ཡང་ཡིན། ངའི་སློབ་མ་ཚོའི་བོད་ཀྱི་སྐད་ཡིག་གི་ཤེས་ཚད་སྔར་ལས་ཞན་ན་ཡང་ང་ལ་དེ་སྔ་བཞིན་གྱི་སེམས་ཁྲལ་མི་འདུག རྒྱུ་མཚན་ནི་ཁོ་རང་ཚོ་སྐད་ཡིག་གཞན་དག་གི་བདག་པོ་དང་ཤེས་བྱ་སྣ་མང་གི་བང་མཛོད་རེད་འདུག ཡང་ན་ཁོང་ཚོས་གཞུང་ལམ་ཞིག་གི་ཟུར་ནས་རྐང་ལམ་རེ་བཟོ་བཞིན་པ་རེད།

ངས་སླར་ཡང་བཤད་འདོད་པ་ནི། རྩོམ་རིག་ལ་མི་དགའ་བའམ་རྩོམ་རིག་མི་འཁྱོངས་པའི་སློབ་མ་ཚོས་ཨུ་ཚུགས་མ་བྱེད། ཡང་ན་ཨུ་ཚུགས་བྱེད་དུ་མ་འཇུག རྐང་ལམ་གཞན་ཞིག་འཚོལ་རོགས། རྩོམ་པ་པོ་མང་མི་དགོས། བརྩམས་ཆོས་མང་དགོས། སྒྱུར་རྩོམ་མང་དགོས། གང་ལེགས་ལེགས་དེ་ཚོ་མང་ཙམ་མཁོ་ཨང།

(རྩོམ་པ་པོ་ཆབ་བྲག་ལྷ་མོ་སྐྱབས་ནི། ས་ར་མཐོ་སློབ་ཀྱི་རྩོམ་དགེ་ཟུར་བ་དང་རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་པ་མ་ཟད་། ཁོང་ནས་བོད་ཡིག་ཐོག་བརྩམས་ཆོས་གང་མང་དཔར་བསྐྲུན་གནང་ཡོད། ད་ལྟ་ཧྤ་རན་སིའི་མཐོ་སློབ་ཞིག་ཏུ་བོད་ཀྱི་སྐད་ཡིག་གི་དགེ་རྒན་ཡིན།)


རྩོམ་འདིའི་ནང་མཆན་ 4 བཀོད་འདུག

4 Responses to རྩོམ་པ་པོ་ནི་སྤྱི་ཚོགས་ལ་སྣེ་འཁྲིད་མཁན་ཡིན་ནམ།

  1. སྦྲ་དཔལ་ལྡན་ ནས།

    ཡ་ཡ་ ཆབ་བྲག་ཡང་སྐར་ཁུང་ཚང་གིས་ཁོར་ཡུག་རྙིང་པ་ཞིག་ལ་ཁྲིད་འདུག་ཟེར། ཁོར་ཡུག་གསར་བ་ཟེར་ན་ག་འདྲ་ཞིག་ཡོད་རེད། ངས་འདི་ནས་ཆབ་བྲག་ལ་འདི་འདོད་པ་ཁོར་ཡུག་གསར་བ་ཟེར་ན་གང་འདྲ་ཞིག་ལ་བཤད་ཀྱི་ཡོད་དམ། ལན་ཞིག་བསྐྱོན་རོགས།

  2. འཛུམ་ཆུང་བཀྲ་ཤིས་(གཅན་འོད་འབར།) ནས།

    བཀླགས་ཁུལ་བྱས་ཡོད། དོན་གནད་འགའ་ལ་རྒྱབ་སྐྱོར་ཡོད།

  3. རྒན་ལྷ་མོའི་ཉམས་མྱོང་གི་སྐད་ཆར་ཏན་ཏན་ཉན་རྒྱུ་ཡོད་ཀི་བསམ་བྱུང་། རྩོམ་མཁན་མང་བའི་སྐྱོན་དང་རྩོམ་ཡིག་ཉུང་བའི་སྐྱོན་ཞིག་ཏན་ཏན་ང་ཚོའི་བོད་ཕྱི་ནང་གཉིས་ཆར་འདུག ལྷག་དོན་ལོ་རབས་དགུ་ཅུ་བའི་ནང་གི་རྩོམ་པ་པོ་ཚོ་ནང་བཞིན་གྱི་འབད་བརྩོན་མེད་པར་ཆང་དང་ཐ་མག ཀུ་རེ་དང་རྩེད་མཚར་གྱི་བར་རྩོམ་མཁན་དུ་འཚང་བའི་གསར་སྐྱེས་མང་བོས་ཁྱེད་ལ་ཁག་མེད། ང་ལའང་ཐང་ཆད་དུ་བཅུག་སོང་།

  4. ཆབ་བྲག་ལྷ་མོ་སྐྱབས་ ནས།

    སྦྲ་དཔལ་ལྡན་ལགས། ད་ལྟ་ང་ཡོད་ས་འདི་དེ་སྔའི་ང་རང་བསྡད་སར་བསྡུར་ན་རང་བྱུང་དང་སྤྱི་ཚོགས་ཁོར་ཡུག་གཉིས་ཀ་མི་འདྲ་བས་ང་ལ་མཚོན་ན་གསར་བའོ།
    འཛུམ་ཆུང་བཀྲ་ཤིས་ལགས། ངའི་འདིར་རྒྱབ་སྐྱོར་གནང་སའི་དོན་གནད་རེ་འགའ་ཡོད་ན་ཡང་དགའ་ནི་ཡིན། འགའ་བོ་གང་དག་ཡིན་ནམ། ལྷག་པར་དུ་ཡང་དགོངས་ཚུལ་མི་མཐུན་ས་རེ་ཡོད་ན་གསུང་རོགས།
    ལྷ་ཆབ་སྦྱིན་པ་ངེད་གཉིས་ལྷ་རིགས་མཐུན་པས་མཐུན་སྣང་མང་ཡང་སྲིད། ཧ་ཧ་ཧ་་་ཁོང་ནི་སྙན་ངག་པ་བསམ་ཤེས་ཤིག་ཡིན། འདིར་མཆན་འདེབས་གནང་བར་བཀའ་དྲིན་ཆེ་ཞུ།

Write a Reply or Comment

Your email address will not be published. Required fields are marked *

*