སྙན་ངག་གིས་སྤྱི་ཚོགས་ལ་འགན་ཅི་ཞིག་ཁུར་ཐུབ།

རབ་འབྱོར་གྱིས།

སྙན་ངག་གིས་སྤྱི་ཚོགས་ལ་འགན་འཁུར་དགོས་མིན་གྱི་དྲི་བའི་སྔོན་ལ། དེས་སྤྱི་ཚོགས་ལ་འགན་གང་ཞིག་འཁུར་ཐུབ་རྒྱུ་ཡིན་པ་འདི་འདྲི་འོས། སྤྱི་ཚོགས་ལ་འཁུར་རྒྱུའི་འགན་ཁོངས་ནི་ཧ་ཅང་རྒྱ་ཆེན་པོ་རེད། དང་པོ་སྤྱི་ཚོགས་ཀྱི་ཕོ་བ་རྒྱག་དགོས་པ་དང་རྒྱབ་དྲོ་དགོས་པ་དེ་རེད། དེ་ནི་མི་སྒེར་དང་རིམ་པ་སོ་སོའི་སྲིད་གཞུང་གི་འགན་འཁུར་རེད། དེ་ནས་སྤྱི་ཚོགས་ལ་རྐུན་ཇག་སོགས་ཀྱི་འཇིགས་པ་མེད་པའི་བདེ་འཇགས་རེད། དེ་ནི་སྤྱི་བདེ་དང་བདེ་འཇགས་ལས་ཁུངས་ཀྱི་ལས་འགན་རེད། དེ་ནས་སྤྱི་ཚོགས་ལ་ན་བ་ཚ་བ་ཉུང་ཞིང་བདེ་ཐང་ཡིན་དགོས་པ་དེ་རེད། དེ་ནི་འཕྲོད་བསྟེན་ལས་ཁུངས་དང་སྨན་ཁང་སོ་སོའི་ལས་འགན་རེད། དེ་ནས་སྤྱི་ཚོགས་ཀྱི་ཤེས་འཇོན་ཡར་རྒྱས་གཏོང་རྒྱུ་དེ་རེད། དེ་ནི་སློབ་གསོའི་ལས་ཁུངས་དང་སློབ་གྲྭ་རྣམས་ཀྱི་འགན་འཁུར་རེད། ད་དུང་སྤྱི་ཚོགས་ལ་དགོས་པ་ནི་དྲང་བདེན་དང་འདྲ་མཉམ་རེད། དེ་ནི་ཁྲིམས་ཁང་དང་ཁྲིམས་བཟོ་ལས་ཁུངས་སོགས་ཀྱི་འགན་འཁུར་རེད། འདི་དང་འདི་ལྟ་བུའི་སྤྱི་ཚོགས་ཀྱི་རྩ་བའི་དགོས་མཁོ་སྐོར་ཞིག་ཡོད་པ་ལས་སྙན་ངག་གི་འགན་དུ་འབབ་པ་དང་འགན་ལེན་ཐུབ་པ་གང་ཡོད་དམ།

ང་ཚོའི་རྩོམ་རིག་སྨྲ་བ་རྣམས་ཀྱིས་རྩོམ་རིག་གིས་སྤྱི་ཚོགས་ལ་གཤེགས་བཅོས་བྱེད་དགོས་ཞེས་ཏེ་སྤྱི་ཚོགས་མཚང་འབྱིན་གྱི་ལས་འགན་ཞིག་རྩོམ་རིག་གི་ཐོག་ལ་འགེལ་བ་ལ་ལོབས་ཡོད། གཅིག་བྱས་ན་དོན་གནད་འདི་འདྲ་ཞིག་གི་ཐོག་ནས་སྙན་ངག་གིས་སྤྱི་ཚོགས་ལ་འགན་འཁུར་མིན་གླེང་བ་ཡིན་ནམ། ཡིན་ན་ཡང་དམངས་གཙོའི་རྒྱལ་ཁབ་ཅིག་གི་ནང་དུ་འདི་ཡང་ཚགས་པར་དང་རླུང་འཕྲིན། བརྙན་འཕྲིན་བཅས་ཀྱི་འགན་འཁུར་རེད། རྒྱུད་ལམ་དེ་དག་གིས་རྟོག་བཟོའི་ཆ་ལ་གཡོལ་གང་ཐུབ་ཀྱིས་སྤྱི་ཚོགས་ཀྱི་ཆ་ཞིག་གི་སྐྱོན་ཇི་མ་ཇི་བཞིན་དུ་བཏོན་ཏེ་སྤྱི་ཚོགས་དང་འབྲེལ་ཡོད་སྡེ་ཚན་གྱི་དོ་སྣང་འདྲེན་ཐབས་བྱེད་ཀྱི་ཡོད་པ་རེད།
ཀྲུང་གོ་ལ་རྒྱུད་ལམ་རྣམས་ནི་གུང་ཁྲན་ཏང་གི་ཁ་ལྕེ་ཡིན་སྟབས་རང་དབང་གི་སྒོ་ནས་སྤྱི་ཚོགས་ཀྱི་སྐྱོན་འདོན་བྱེད་པའི་དབང་ཆ་མེད་པ་དེ་བདེན་པ་རེད། དེ་དུས་གཞུང་འཛིན་པའི་ཁ་ལྕེར་མ་གྱུར་བ་ཞིག་གིས་སྐྱོན་འདོན་བྱེད་དགོས་ཤིང་། ང་ཚོའི་བོད་ལ་མཚོན་ན་ལས་འགན་དེ་རྩོམ་རིག་གིས་ལེན་ཐབས་བྱེད་ཀྱི་ཡོད། ཡིན་ན་ཡང་། ཕངས་པ་ཞིག་ལ། ངས་བལྟས་ན་ང་ཚོས་རྩོམ་རིག་གི་འགན་འཁུར་མ་ཡིན་པ་ཞིག་རྩོམ་རིག་ལ་འགེལ་གྱི་ཡོད་པ་འདྲ། རྩོམ་རིག་ནི་ཇི་འདྲའི་དངོས་དོན་ཡིན་ཞེ་ན་ཡང་རྟོག་བཟོ་དང་མ་འདྲེས་པ་ཞིག་ཤིན་ཏུ་དཀའ་ལ། ང་ཚོས་རྩོམ་རིག་བརྩམས་ཆོས་ཤིག་གི་བཟང་ངན་བརྗོད་པ་ཡང་དོན་དངོས་སུ་རྩོམ་པ་པོའི་རྟོག་བཟོའི་ནུས་རྩལ་གྱི་བཟང་ངན་བརྗོད་པ་ཡིན། དོན་དག་གང་ཞིག་ཡིན་ཡང་རྩོམ་རིག་གི་བརྗོད་གཞིར་གྱུར་ཚར་རྗེས། དེ་ལ་དོན་དངོས་ཀྱི་ནུས་པ་ཤོར་ཚར་བ་རེད། སྐྱོན་འདོན་བྱས་པ་གཞིར་བཟུང་གིས་སྐྱོན་བཅོས་བྱེད་མཁན་གྱི་སྲིད་གཞུང་ཞིག་ཡོད་པའི་དབང་དུ་བཏང་ན་ཡང་། དེས་གསར་འགོད་ཀྱི་རྒྱུད་ལམ་འདྲ་མིན་ལས་ཐོན་པའི་གནས་ཚུལ་དང་། དོན་དག་གང་ཞིག་ལ་དམིགས་བསལ་གྱིས་བྱས་པའི་རྟོག་དཔྱོད་ཀྱི་ཡིག་རིགས་ལྟ་བུ་ལ་ཆ་འཇོག་གིས་སྐྱོན་སེལ་བྱེད་རྒྱུ་རེད་མ་གཏོགས་སྙན་རྩོམ་ལ་བརྟེན་ནས་སྐྱོན་སེལ་བྱེད་པ་ནི་ཡོང་མི་སྲིད་པ་ཞིག་རེད།

ངའི་གོང་གསལ་གྱི་བསམ་བློ་གཏོང་སྟངས་ལྟར་ན། རྩོམ་རིག་གིས་སྤྱི་ཚོགས་ལ་འགན་འཁུར་དགོས་མིན་གྱི་གཏམ་དེ་ནི་ཡོང་དོན་མེད་པ་ཞིག་རེད། ཡིན་ན་ཡང་བོད་ནང་གི་རྩོམ་པ་པོ་དང་རྩོམ་རིག་སྨྲ་བ་རྣམས་ཀྱི་ངག་ལ་བརྗོད་གཞི་འདི་ཁྱབ་རྒྱ་ཆེ། གཅིག་བྱས་ན་ངའི་གོང་གི་བསམ་བློ་གཏོང་སྟངས་དེ་སླ་དྲག་པ་དང་། ཁོང་ཚོ་ལ་དེ་ལས་ལྷག་པའི་གནས་ལུགས་རྣལ་མ་རེ་བཤད་རྒྱུ་ཡོད་ལས་ཆེ། ཡིན་ན་ཡང་ད་བར་དུ་གནས་ལུགས་རྣལ་མ་དེ་འདྲ་ཡིག་ཐོག་ནས་མཐོང་མ་བྱུང་ལ། སྤྱི་ཚོགས་ཀྱི་དངོས་དོན་གྱིས་ཀྱང་འདི་ལ་རྒྱབ་སྐྱོར་ཆུང་།

ལོ་རབས་བརྒྱད་ཅུའི་ནང་ལ་བོད་ཀྱི་རྩོམ་རིག་གསར་པའི་འགོ་ཚུགས་པ་ནས་བཟུང་། བོད་ཀྱི་རྩོམ་པ་པོ་གང་མང་ཞིག་གིས་བོད་རང་གི་སྤྱི་ཚོགས་ལ་བླང་དོར་སྟོན་པའི་འབད་བརྩོན་བྱས་ཡོད། དེ་ནི་ཁོང་ཚོས་རྗོད་བཞིན་པའི་སྤྱི་ཚོགས་ལ་འགན་འཁུར་བ་ཟེར་བ་དེ་ཡིན་རྒྱུ་རེད། ཁོང་ཚོས་འབྲོག་པས་རྩྭ་ས་རྩོད་པ་དང་། ཕ་མ་རྣམས་ཀྱིས་རང་རང་གི་བུ་ཕྲུག་སློབ་གྲྭར་མི་གཏོང་བ། གཉེན་སྒྲིག་གི་རང་དབང་མེད་པ་བཅས་ལ་སྐྱོན་བརྗོད་བྱེད་པའི་སྙན་རྩོམ་དང་སྒྲུང་རྩོམ་གང་མང་སྤེལ་ཡོད། ཡིན་ན་ཡང་། རྩོམ་རིག་གིས་སྐྱོན་བརྗོད་བྱས་པ་ལ་བརྟེན་ནས་རྩྭ་ས་རྩོད་གྲངས་ཇེ་ཉུང་དུ་སོང་བ་དང་། ཡང་རྩོད་མཚམས་ཆད་པའི་གཏམ་ཞིག་གོ་མྱོང་ངམ། ངས་གོ་ཚུལ་ལ། རྩྭ་ས་སྒེར་ལ་བགོས་པ་ནས་བཟུང་སྔར་གྱི་རྩྭ་ས་རྩོད་པའི་ཐོག་ལ་ཕ་མ་གཅིག་པའི་སྤུན་ཟླའི་བར་ལ་ཡང་རྩྭ་ས་རྩོད་གླེང་བྱུང་ཡོད་པ་རེད་ཟེར།
བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་ལོ་ངོ་བཅུ་ཕྲག་ལྷག་ལ་རྩྭ་ས་རྩོད་གླེང་ལ་སྐྱོན་བརྗོད་བྱས་བྱས་པའི་མཐར། ད་ལྟ་གཞི་ནས་རྩྭ་ས་རྩོད་གླེང་ཇེ་ཉུང་ངམ་རྩོད་མཚམས་ཆད་རྒྱུའི་རེ་བ་ཞིག་མངོན་ཡོང་གི་ཡོད་པ་འདྲ། ཕངས་པ་ཞིག་ལ་འདི་ནི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་བླང་དོར་བསྟན་པའི་འབྲས་བུ་མ་ཡིན་པར། རྩྭ་སའི་བདག་པོ་རྣམས་རྩྭ་ས་ནས་གྲོང་ལ་ཕབ་དང་འབེབས་བཞིན་པ་འདིས། རྩྭ་ས་རྩོད་འདོད་ཀྱང་རྩོད་རྒྱུ་མེད་པ་ཞིག་ཡོང་གི་ཡོད་པ་དེས་ཡིན་ནོ།།

( རབ་འབྱོར་ལགས་ནི་བོད་རིགས་མཁས་བ་རྒན་པ་ཞིག་ཡིན།)


མཆན་བུ་རྫོགས།

མཆན་སྒོ་བརྒྱབ་ཟིན།