མཆོད་སྦྱིན་གྱི་འོད་སྣང་།

(ཨི་རན་རྒྱལ་ས་ཏེ་རན་གྱི་ཏཱཇ་རིཤ་ཐང་དཀྱིལ་དུ་རང་ལུས་ཞུགས་འབུལ་བྱས་པ)
སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
རྩོམ་པ་པོ། མཱར་ཐཱ། ཤེ་ལེ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

“ངའི་སྲིང་མོས་ཁ་ཆེའི་སྲིད་གཞུང་གིས་ཨི་རན་གྱི་བུད་མེད་སྤྱི་དང་ཁྱད་པར་དུ་བུད་མེད་ཤེས་ཡོན་ཅན་གྱི་ཐོག་འཛིན་པའི་ལྟ་སྟངས་ལ་ངོ་རྒོལ་གྱིས་རང་སྲོག་དོར་སོང་།” ཞེས་པཱར་ཝིན་དཱ་རཱ་བི་(Parvin Darabi)ཡིས་ངག་གཉོམ་པོའི་སྒོ་ནས་པེར་ཤི་ཡའི་སྐད་གདངས་ལས་ཨིན་སྐད་དག་ལ་མི་དག་གིས་བརྗོད་བྱུང་། འོན་ཀྱང་ཁོ་མོས་རང་གི་ཕ་ཡུལ་གྱི་གནས་སྟངས་སྐོར་གླེང་སྐབས་སྐད་གདངས་ལ་ངར་ཤུགས་ལྡན་འདུག “གནས་སྟངས་དེ་ཆེས་ངོ་གནོང་བ་དང་། སྡུག་བསྔལ་བ། འཇིགས་ཡེར་བ་ཞིག་ཡིན་པས། བུད་མེད་མང་པོ་ཞིག་ལ་ཐར་ལམ་ཞིག་ཡོད་པའི་སྣང་བ་ཡེ་ནས་སྐྱེ་ཡི་མེད། དེར་བརྟེན་ཨི་རན་བུད་མེད་ཚོས་བཟོད་ཐབས་བྲལ་བའི་ཚོར་ཤུགས་ཇེ་ཆེར་སོང་སྟེ། རང་སྲོག་འདོར་བའི་གྲངས་འབོར་གྱི་འཕར་ཚད་བློ་ཡིད་ལས་འདས་བ་ཞིག་ཏུ་གྱུར།”

པཱ་ཝིན་གྱི་སྲིང་མོ་ཧོ་མཱ་དཱ་རཱ་བི་ནི་སློབ་ཕྲུག་གི་དུས་ནས་སྲིད་དོན་ལས་རིགས་ནང་ཞུགས་རྒྱུར་སྤྲོ་སྣང་ཡོད་མཁན་ཞིག་ཡིན། ཕྱི་ལོ་༡༩༦༠ ལོར་ཤཱཧ་(Shah)ཡི་སྲིད་དབང་ལ་ངོ་རྒོལ་བྱས་སྟབས་རེ་ཞིག་ཁོ་མོ་བཙོན་ཁང་དུ་བཅུག་མྱོང་ཡོད། ཕྱི་ལོ་༡༩༦༣ ལོར་ཁོ་མོས་སློབ་གྲོགས་ཤིག་མཉམ་དུ་གཉེན་བསྒྲིགས་ཤིང་། ཏེ་རན་སྨན་པའི་གཙུག་ལག་སློབ་གྲྭ་ཆེན་མོ་(University of Tehran Medical School)མཐར་ཕྱིན་རྗེས་གྲོང་གསེབ་ཞིག་ཏུ་སྨན་བཅོས་ལག་ལེན་གྱི་གནད་ལ་གཞོལ་གྱིན་བསྡད།

སྨན་པ་དཱ་རཱ་བི་ལ་ཨ་རིའི་ཡུལ་གྱི་བྱིས་ནད་ཚན་ཁག་ཅིག་ཏུ་བྱ་བ་རེག་པས། ལོ་ངོ་དགུའི་རིང་དེར་བསྡད་པ་དང་། ཨ་རིའི་མི་སེར་གྱི་ལག་འཁྱེར་ཐོབ། འོན་ཀྱང་ཁྱིམ་མི་ཚོས་རང་གི་རྒྱལ་ཁབ་ལ་ཞབས་འདེགས་ཞུ་དགོས་པའི་རེ་སྐུལ་ཞུས་པ་དང་། རང་ཉིད་ལ་ད་ལྟ་བར་སློབ་ཡོན་སོགས་སྦྱར་བའི་གུན་གསབ་ཏུ་ཁོ་མོ་ཕྱིར་རང་ཁྱིམ་ལ་ལོག ཁོ་མོ་ནི་ཨི་རན་རྒྱལ་ཁབ་ཏུ་བྱིས་ནད་སྨན་པ་ཉུང་ཤས་ཤིག་ཡོད་པའི་ནང་གི་གཅིག་པ་དང་། ཏེ་རན་གཙུག་ལག་སློབ་ཆེན་གྱི་བྱིས་ནད་ཚ་ཁག་གི་འགོ་ཁྲིད་དུ་བསྐོས།

སྨན་པ་དཱ་རཱ་བི་ལ་རྒྱལ་ཞེན་གྱི་འདུ་ཤེས་ཧ་ཅང་ཆེ་བས། ཐོག་མར་ཕྱི་ལོ་༡༩༧༨ ལོའི་གསར་བརྗེ་ལ་རྒྱབ་སྐྱོར་བྱས། ཁོ་མོ་ནི་སྲིད་བློན་གསར་པ་ཨ་བོ་ལྷ་སཱན་བཱ་ནི་སཱདར་(Abolhasan Banisadr)ལ་ཐུག་འཕྲད་ཀྱིས་བུད་མེད་ཚོའི་མངོན་འདོད་བསྟར་འབུར་ཞུ་མཁན་བུད་མེད་གཉིས་བྱུང་བའི་ནང་གི་གཅིག་ཡིན་པ་རེད། ཨི་རན་གྱི་མང་ཚོགས་ཀྱིས་ཡིད་ཆེས་བྱེད་པ་ལྟར། ཁོ་མོས་ཀྱང་ཁོ་མེ་ནི་(Khomeini)ཡིས་ཤཱཧ་སྲིད་སྟེགས་ལས་གནས་དབྱུང་བཏང་རྗེས། སྐྱབས་བཅོལ་དུ་གྱར་བའི་སེར་མོ་བ་ཚོ་ཕྱིར་ཁོམ་(Qom)གྲོང་ཁྱེར་དུ་ལོག་ཏེ། སྲིད་གཞུང་གི་བདག་དབང་ཆོས་ལུགས་རེས་མེད་དུ་འཛིན་པའི་མི་སྐྱ་ཚོའི་ལག་ཏུ་གཏོད་རྒྱུ་ཡིན་ཚུལ་གྱི་ཁས་ལེན་དམ་བཅའ་ལ་ཡིད་ཆེས་བྱས། འོན་ཀྱང་ཁོང་གིས་རང་ཉིད་ཀྱི་ཁས་ལེན་དམ་བཅའ་ལས་ལྡོག་ཏེ། ཁ་ཆེའི་སྤྱི་མཐུན་སྲིད་གཞུང་བཙུགས་ཤིང་། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ལོངས་སུ་སྤྱད་པའི་བུད་མེད་ཚོའི་ཐོབ་ཐང་བཙན་འཕྲོག་བྱས།

ཕྱི་ལོ་༡༩༧༩ ལོར་ཁོ་མེ་ནི་ཡིས་བུད་མེད་ཚང་མས་ལས་ཀ་ལས་སར་མགོ་དང་ངོ་གདོང་གཡོག་པའི་ཁ་ཆེའི་སྲོལ་རྒྱུན་གྱི་ཆས་གོས་(Hijab)གྱོན་དགོས་པའི་བཀའ་རྒྱ་བསྒྲགས། འོན་ཀྱང་སྨན་པ་དཱ་རཱ་བི་ཡིས་བཀའ་རྒྱ་དང་ལེན་མ་བྱས་ཤིང་། དུས་ཡུན་རིང་པོ་ཞིག་ལ་ཁོ་མོའི་ཐུན་མིན་གནས་བབ་ཀྱིས་བར་ཆད་གང་ཡང་མ་འཕྲད། ཕྱི་ལོ་༡༩༩༠ ལོར་སྲིད་གཞུང་གིས་ཁོ་མོའི་ལས་གནས་ཨི་མཱན་ཧུ་སེན་སྨན་ཁང་(Iman Hussein Hospital)དུ་བསྒྱུར། སྨན་པ་དཱ་རཱ་བི་ཡི་སྲིང་མོས་བཤད་པ་ལྟར་ན། སྨན་ཁང་དེའི་འགོ་ཁྲིད་ནི་དེ་སྔ་དཱ་རཱ་བི་ཡི་སློབ་མ་ཞིག་ཡིན་པ་དང་། ཁོང་ནི་ཆོས་ལུགས་ཀྱི་ལྟ་བ་མཁྲེག་འཛིན་མཁན་ཞིག་ཡིན་པས། དཱ་རཱ་བི་ལ་ཁ་ཆེའི་སྲོལ་རྒྱུན་ཆས་གོས་གྱོན་དགོས་པའི་ཨུ་ཚུགས་བྱས་འདུག་ལ། ཁོ་མོས་མགོ་དང་ངོ་གདོང་ཡོངས་རྫོགས་བཏུམས་ཏེ་ནད་པར་བརྟག་དཔྱད་བྱེད་རྒྱུ་སྟབས་བདེ་མིན་ཚུལ་བརྗོད་ནས་དང་ལེན་མ་བྱས་སྟབས། ལས་ཀ་ནས་གནས་དབྱུང་བཏང་། དེ་རྗེས་ཁོ་མོས་གྱོད་གཞི་འདི་ཁྲིམས་ཁང་དུ་ཞུ་གཏུག་བྱས། འོན་ཀྱང་དུས་རྒྱུན་སྐར་མ་ཁ་ཤས་རིང་སྲོག་ཐོག་གཏོང་བའི་གྱོད་གཞི་ཆེ་ཁག་ཐག་གཅོད་ཐུབ་པའི་ཁྲིམས་རྩོད་པ་ཚོས་ཀྱང་གྱོད་གཞི་འདི་ཐག་མ་ཆོད་པར་ལོ་ངོ་བཞི་འགོར།

ཨི་རན་གྱི་སྨན་པ་མང་ཆེ་བ་ལྟར། སྨན་པ་དཱ་རཱ་བི་ལའང་སྨན་ཁང་ལས་ལོགས་སུ་སྒེར་གྱི་སྨན་བཅོས་ཁང་ཞིག་ཡོད། འོན་ཀྱང་གསར་བརྗེ་འཇིགས་སྐུལ་བ་ཚོ་ཁོ་མོའི་སྒེར་གཉེར་ལས་ཁུངས་སུ་བཙན་འཛུལ་བྱས། ཕ་མ་མང་པོ་ཞིག་ཁོ་མོའི་སར་ཡོང་སྟེ་”ངའི་བུ་མོའི་ངོ་ལ་ཚོན་རྩི་བྱུག་པས། འཛིན་བཟུང་གིས་ལྕག་ཚན་བརྒྱ་དང་ལྔ་བཅུ་གཞུ་བའི་ཁྲིམས་ཆད་བཅད་སོང། ཁྱེད་ཀྱིས་ཁོ་མོ་སྨྱོན་པ་ཡིན་པའི་བདེན་དཔང་ཡི་གེ་རྫུན་མ་ཞིག་འབྲི་རོགས། སྨྱོན་ནད་ཡོད་པའི་བདེན་དཔང་ཡི་གེ་ཞིག་ཡོད་ན། ཁོ་ཚོས་ཉེས་ཆད་མི་གཅོད་པར་ཕན་ངེས།” ཞེས་ཞུ་བ་བྱེད་ཀྱི་ཡོད། ཁོ་མོས་བྲིས་པའི་དཔང་ཡིག་དེ་དག་གིས་བུ་མོ་མང་པོ་ཞིག་གཅར་རྡུང་འོག་མདུན་ལམ་མེད་པར་འགྱུར་བ་ལས་སྐྱོབ་ཐབས་བྱུང་ཡོད། གལ་ཏེ་བུ་མོ་ཚོར་ཉེས་ཆད་དུ་ལྕག་ཚན་གྲངས་དེ་འདྲའི་མང་པོ་ཞིག་གཞུས་ཚེ། དེས་ལུས་སེམས་ལ་མནར་གཅོད་ཚད་མེད་ཐེབས་ཏེ་འབྱུང་འགྱུར་གཉེན་སྒྲིག་གི་མདུན་ལམ་མེད་པར་འགྱུར་གྱི་ཡོད། སྨན་པ་དཱ་རཱ་བི་ལ་ཨ་རིའི་ཡུལ་དུ་བུ་མོ་གཉིས་ཡོད་པ་དང་། མིག་སྔའི་གནད་དོན་འདི་དག་གིས་ཁོ་མོའི་སེམས་སུ་མནར་གཅོད་ཚད་མེད་བཏང་ཡོད་སྐོར་ལ་སྲིང་མོ་དེས་དོ་སྣང་བྱུང་ཡོད་འདུག

སྲིད་གཞུང་གིས་འཇིགས་སྐུལ་གྱིས་སུན་པོ་བཟོ་བའི་འགོ་བརྩམས། སྲིད་གཞུང་གི་ལས་སྣེ་བ་ཚོ་སྨན་པ་བསྟེན་དུ་ཡོང་བ་ཡིན་ཁུལ་གྱིས། དཱ་རཱ་བི་ཡི་སྒེར་གཉེར་ལས་ཁུངས་ནང་ཡོང་སྟེ། ཁོ་མོར་ཁ་ཆེའི་སྲོལ་རྒྱུན་གྱི་ཆས་གོས་མི་གྱོན་པའི་རྒྱུ་མཚན་འདྲི་བ་དང་གཤེ་བ་སོགས་བྱས་ཏེ་དུས་ཚོད་མང་པོའི་རིང་སྡོད་པ་དང་། སྨན་པ་བསྟེན་པའི་ཡོན་ཡང་མི་སྤྲོད་པ་སོགས་བྱས་པས། དཱ་ཪཱ་བི་ཡི་བསམ་པར་ནད་པ་མང་པོ་ཞིག་ཀྱང་སྨན་བཅོས་བྱེད་དུ་ཡོང་མ་བཅུག་པས་འཇིགས་སྣང་ཁྲོད་ལུས་ཡོད་པར་སྙམ་གྱི་ཡོད། འདི་ལྟར་འཚོ་བ་སྐྱེལ་ཐབས་བྲལ་བའི་གནས་སུ་སྦྱར་བར་བརྟེན། ཁོ་མོས་སྨན་ཁང་ཆུང་ཆུང་དེ་གཉེར་མཚམས་འཇོག་དགོས་བྱུང་།

ལོ་དུ་མ་ཞིག་ལ་སྨན་པ་དཱ་རཱ་བི་ཡིས་ཁཱ་ལི་ཧྥོར་ནི་ཡ་རུ་བཟོ་བསྐྲུན་འཆར་འགོད་ཀྱི་ལས་རིགས་གཉེར་པའི་རང་ཉིད་ཀྱི་སྲིང་མོ་པཱར་ཝིན་ཕྱིར་ཁྱིམ་ལ་ལོག་ཏེ། རང་ཉིད་ཀྱི་ཕ་ཡུལ་བསྐྱར་བསྐྲུན་བྱ་བར་གཞོགས་འདེགས་བྱ་དགོས་པའི་རེ་སྐུལ་བྱས། སྐབས་འདིར་ཁོ་མོ་ས་ཆ་འདི་དང་ཁ་བྲལ་འདོད་ཡོད། ཕྱི་ལོ་༡༩༩༡ ལོར་པཱར་ཝིན་ཨི་རན་ལ་ཡོང་སྟེ། ཧོ་མཱ་ཡི་ཁྱོ་བོ་ལ་ཁོ་མོ་ཁྲིད་དེ་རྒྱལ་ཁབ་འདི་ལས་ཁ་བྲལ་ཚེ་འཚོ་བ་གསར་པ་ཞིག་གི་འགོ་འཛུགས་ཐུབ་རེ་ཡོད་པའི་བསམ་ཚུལ་དང་རེ་བ་བཏོན། ཁོ་མོས་བཤད་རྒྱུར་”ཁྱིམ་མི་ཚང་མ་ཡོད་སར། ཁོ་ཡིད་མ་འཐད་པར་གྱུར་ཏེ། ཁོང་གིས་ཨི་རན་ནི་ཁ་ཆེའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་པས། གནད་དོན་འདི་ང་ལ་རག་ལས་པ་ཞིག་དང་། ངའི་ཨ་མར་རག་ལས་པ་ཞིག་མ་རེད། ང་ཚོ་སུ་ལའང་ཐབས་ཤེས་ཡོད་པ་མ་རེད་ཟེར། ཁོང་བདེན་པ་རེད། བུད་མེད་འདི་ཁོང་ལ་བདག་པ་རེད། ཁ་ཆེའི་དབང་བསྒྱུར་འོག་བུད་མེད་སུ་ལའང་ཐོབ་ཐང་མེད། འདི་ནི་ངའི་སེམས་ཀྱི་དཀའ་ངལ་དང་ང་ཅི་བྱ་གཏོད་མེད་དུ་གྱུར་བའི་རྒྱུ་རྐྱེན་རེད།”

ཕྱི་ལོ་༡༩༩༤ ཟླ་༡ ནང་སྨན་པ་དཱ་རཱ་བི་ཡི་མཛུབ་སྟོན་དང་འཆར་འགོད་འོག་བྱིས་ནད་སྨན་ཁང་ཞིག་གསར་བསྐྲུན་གྱི་ལས་གཞི་ལེགས་འགྲུབ་བྱུང་། འབྲེལ་ཡོད་ཚོས་ཁོ་མོས་སྒྲིག་སྲོལ་བརྩི་འཇོག་གནང་ཚེ་ཕྱིར་ལས་གནས་ལ་ཡོང་ནས་འགན་འཛིན་གྱི་ལས་ཁུར་བཞེས་ཆོག་པར་བཤད་ཀྱང་། ཁོ་མོས་དང་ལེན་མ་བྱས།

ཁ་ཆེའི་སྨྱུང་གནས་དུས་ཆེན་(Ramadan)གྱི་ཉིན་བཅུ་པ་སྟེ། ཕྱི་ལོ་༡༩༩༤ ཟླ་༢ ཚེས་༢༡ ཉིན། དུས་རྒྱུན་ཁྱིམ་ནས་ཕྱི་རོལ་དུ་སྐོར་གཡེང་བྱེད་པར་ཡེ་ནས་མི་འགྲོ་བའི་སྨན་པ་དཱ་རཱ་བི་ཡིས་ཕྱི་རོལ་དུ་བསྐྱོད་པའི་ལྭ་བ་གྱོན་སོང་། ཁོ་མོས་ཁ་ཆེ་བུད་མེད་ཚོས་ཕྱི་གོས་ལྭ་བ་ནག་པོ་དེའི་ཚབ་ཏུ་གྱོན་པའི་ལྭ་རིང་དེ་མནབས་ཤིང་། མགོ་དཀྲུས་ཀྱིས་མགོ་ཡོངས་རྫོགས་སྐྲ་སྣེ་གཅིག་ཀྱང་མི་མཐོང་བར་དཀྲུས་ཏེ་རླངས་འཁོར་ལ་བསྡད། ཉིན་མོ་དེར་ཁོ་མོའི་སྟེང་ན་གསར་བརྗེའི་དམག་ལ་ཐུག་ཀྱང་རང་ཉིད་འགྲོ་སའི་ཡུལ་དུ་མ་སླེབས་པར་འགོག་ཐབས་བྲལ་བའི་ཆོད་སེམས་ཀྱི་རྣམ་པ་ཞིག་མངོན་འདུག སྨན་པ་དཱ་རཱ་བིས་རླངས་འཁོར་བསྐོར་ཏེ་སྣུམ་བླུགས་སའི་ས་ཚུགས་སུ་སོང་ནས་རླངས་འཁོར་ལ་སྣུམ་བླུགས་རྗེས། སྣོད་ཆས་སྟོང་པ་ཞིག་གི་ནང་དུའང་སྣུམ་གང་བླུགས་ནས་གྲལ་རིམ་མཐོན་པོ་ཚོ་གནས་སྡོད་བྱ་སའི་ཏེ་རན་བྱང་ཕྱོགས་ཀྱི་ལམ་ཆེན་རྒྱུད་དུ་སོང་།

དེ་ནི་ཁ་ཆེའི་སྨྱུང་གནས་དུས་ཆེན་གྱི་ཉིན་ཞིག་ཡིན་ནའང། ཏཱཇ་རིཤ་ཐང་(Tajrish Square)དུ་མི་ཚོགས་ཇེ་མང་དང་སྐད་གསེང་ཇེ་མཐོ་རེད། གཞུང་ལམ་གྱི་ཕྱོགས་ཀུན་བཅའ་སྡོད་དུད་ཁྱིམ་མང་པོས་བསྐོར་ནས་ཡོད་ལ། ཐང་འགྲམ་གཡས་གཡོན་ཀུན་དུ་གཞུང་གི་ལས་ཁུངས་དང་། ཚོང་ཁང་། ཤིང་ཏོག་བཙོང་ས་སོགས་ཡོད། ཐག་ཉེར་ཡོད་པའི་ཁ་ཆེའི་ཆོས་ཁང་དེ་ལས་ཆོས་འདོན་པའི་སྐད་སྒྲ་སྒམ་བརྒྱུད་གསེང་མཐོན་པོའི་ངང་རྒྱང་སྲིང་བྱེད་ཀྱི་ཡོད། སྤྱི་སྤྱོད་རླངས་འཁོར་མང་པོ་ཞིག་ཀྱང་གཞུང་ལམ་འདི་བརྒྱུད་ནས་འགྲོ་བཞིན་ཡོད། འབབ་ཚུགས་རེ་རེར་མི་རྣམས་གྲལ་བསྟར་གཉིས་བསྒྲིགས་ནས་ཡོད་པ་ལས་གཅིག་སྐྱེས་པ་དང་ཅིག་ཤོས་དེ་བུད་མེད་ཡིན་པ་རེད། སྤྱི་སྤྱོད་རླངས་འཁོར་ཆེན་པོ་དག་གི་ནང་སྐྱེས་པ་ཚོ་མདུན་དང་བུད་མེད་ཚོ་རྒྱབ་ལ་བསྡད་དེ་འགྲོ་བ་ལས། སྤྱིར་བཏང་སྐྱེས་པ་དང་བུད་མེད་རྣམས་འགྲོ་སའི་འགྲུལ་འཁོར་མི་གཅིག

ཡུལ་འདིའི་མི་རྣམས་ནི་སྨན་པ་དཱ་རཱ་བི་ལ་རྒྱུས་མངའ་ཡོད། ཁོ་མོའི་སྙིད་པོའང་འདིར་སྡོད་ཀྱི་ཡོད། རིང་པོ་མ་སོང་བའི་སྔོན་དུ་ལོ་ན་༡༦-༡༧ ཡས་མས་ཡིན་པའི་བུ་མོ་ཞིག་གིས་ཁ་ལ་ཚོན་རྩི་བྱུག་པར་དམག་མིས་བཀག་འགོག་བྱས་ཏེ་རྩོད་རྙོག་ཆུང་ཆུང་ཞིག་ཤོར་ནས་ཐང་འདིར་བསད་པ་རེད། སྨན་པ་དཱ་རཱ་བི་རླངས་འཁོར་ལས་བབས་ཏེ་ཐང་དཀྱིལ་དུ་སོང་། སྐབས་དེར་ཕྱི་དྲོ་ཆུ་ཚོད་3:00 ཏག་ཏག་ཡིན་པ་དང་། དེར་འགྲོ་བའི་མི་ཚང་མས་འགྲོ་མཚམས་བཞག་ཏེ་ཧད་ནས་བསྡད། ཁོ་མོས་མགོ་དཀྲུས་ཕུད་དེ་སྣོད་དུ་ཡོད་པའི་རྡོ་སྣུམ་ཡོངས་རྫོགས་རང་ཉིད་ཀྱི་ལུས་སྟེང་དུ་བླུགས་ནས། སྐད་གསེང་མཐོན་པོས་”བཙན་གནོན་འཁུར་བ་ལས་ཤི་ན་དགའ། རང་དབང་ཁྲི་ལོ་བརྟན་པར་ཤོག” ཅེས་གཞུང་ལམ་ཡོད་རྒུ་སྐད་ཀྱིས་ཆོད་པའི་འབོད་ཚིག་སྒྲོག་བཞིན་མུ་ཟི་ཞིག་ལ་མེ་བསྒྲོན་སོང་།

ཉིན་དེའི་ཕྱི་ཉིན་གྱི་ཞོགས་པ་ཆུ་ཚོད་1:00 ཙམ་གྱི་ཐོག་ཧོ་མཱ་དཱ་རཱ་བི་སྐུ་གྲོངས། དེ་ནི་ཨི་རན་མི་མང་ལ་མཁོ་བའི་སྨན་པའི་གྲངས་གཅིག་གིས་ཇེ་ཉུང་དུ་སོང་བ་ཡིན་ལ། ཁོ་མོའི་སྲིང་མོས་བཤད་པ་ལྟར་ན་མྱ་ངན་མཆོད་འབུལ་གྱི་ཉིན་མོར་མི་གྲངས་༡༠༠༠༠ ཙམ་འདུ་འཛོམས་བྱུང་ཡོད་འདུག གསར་འགྱུར་འདི་ཐོག་མར་ཨི་ཟི་རལ་གྱི་ཧྥར་སི་སྐད་ཀྱིས་རྒྱང་སྲིང་བྱེད་པའི་རླུང་འཕྲིན་བརྒྱུད་ཕྱིར་སྒྲོག་བྱས་པ་དང་། དེ་རྗེས་བི་བི་སི་(BBC) གསར་ཁང་གིས་བརྒྱུད་སྒྲོག་བྱས། ཕྱིས་སུ་སྲིད་གཞུང་གིས་སྨན་པ་དཱ་རཱ་བི་ལ་རིག་ཚོ་མི་ཟིན་པའི་ན་ཚ་ཡོད་སྐོར་གྱི་དྲིལ་བསྒྲགས་མ་བྱས་བར་ཨི་རན་གྱི་གསར་ལམ་ཁག་དུས་ཡུན་རིང་པོ་ཞིག་ལ་གྲགས་འགུལ་མེད་པར་བསྡད། (ཨི་རན་རྒྱལ་ཁབ་ནང་དུ་རང་ལུས་ཞུགས་འབུལ་བྱེད་པ་འདི་རྒྱུན་གཏན་མིན་པའི་ལས་ཤིག་མ་ཡིན་ཏེ། སྨན་པ་དཱ་རཱ་བིས་རང་ལུས་ཞུགས་འབུལ་བྱས་པའི་ཉིན་དེར། ལོ་ན་༡༤ ལ་སོན་པའི་བུ་མོ་ཞིག་གིས་ཀྱང་རང་ཉིད་ལོ་ན་༤༤ ཡིན་པའི་རྒན་པོ་ཞིག་ལ་མནའ་མར་འགྲོ་རྒྱུ་དང་ལེན་བྱེད་མ་འདོད་པར། རང་ལུས་མེ་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་ཡོད། )

པཱར་ཝིན་གྱིས་ཁཱ་ལི་ཧྥོར་ནི་ཡ་རུ་གནས་ཚུལ་དེ་ཐོས་མ་ཐག་ཨ་རིའི་བརྙན་འཕྲིན་བརྒྱུད་ལམ་ཁག་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཐབས་བྱས། འོན་ཀྱང་བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་དེའི་སྐོར་གྱི་གནས་ཚུལ་ཅི་ཡང་མ་ཐོན། “ངས་ཁོང་ཚོར་ཁ་པར་བཏང་སྟེ། བརྙན་འཕྲིན་བརྒྱུད་ལམ་དུ་གནས་ཚུལ་འཁོད་མེད་དོན་དྲིས་པར། ཁོང་ཚོས་ང་ལ་རང་ཉིད་ཀྱི་སྲིང་མོ་མེ་རུ་སྲེག་བཞིན་པའི་པར་རིས་སོགས་དཔང་རྟགས་ཚད་ལྡན་མེད་པས་གནས་ཚུལ་འདི་འགོད་ཐབས་མ་བྱུང་ཟེར། སྐབས་དེར་ང་ལ་ཧང་སང་བ་དང་ངོ་གནོང་བའི་ཚོར་སྣང་ཞིག་སྐྱེས་བྱུང་། ”

ཧྥར་སི་སྐད་ཡིག་ཐོག་སྤེལ་བའི་དུས་དེབ་ཅིག་གི་སྟེང་། ཨ་རི་དང་ཡོ་རོབ་ཀྱི་གྲོང་ཁྱེར་མང་པོའི་ནང་སྨན་པ་དཱ་རཱ་བིའི་འདས་དོན་ལ་རྗེས་དྲན་བྱེད་ཀྱི་ཡོད་ཚུལ་འཁོད་པ་དང་། དེ་ནི་ལྷོ་ཨ་ཧྥེ་རི་ཁའི་ནང་མི་རིགས་དབྱེ་འབྱེད་མཇུག་མ་བསྒྲིལ་གོང་སྲིད་དོན་གྱི་འདུ་འཛོམས་སུ་གྱུར་བའི་རྗེས་དྲན་གྱི་འདས་མཆོད་བྱེད་སྟངས་དང་འདྲ་བར། ཧོ་མཱ་དཱ་རཱ་བི་ཡི་འདས་དོན་ལ་ངག་བཅད་དེ་མྱ་ངན་ཞུ་བའི་ཚབ་ཏུ། ཁོ་མོའི་མི་ཚེར་བསྔགས་བརྗོད་ཀྱི་ཐལ་མོ་རྡེབ་ཀྱིན་མྱ་ངན་གུས་འདུད་ཞུས།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*