བོད་མིའི་རྨི་ལམ་ནི་རང་བཙན་ཡིན། (སྔ་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
རྩོམ་པ་པོ་ཚོའོ་ཁྲང་ཆིན་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ལོ་བཅོ་ལྔའི་ཡར་སྔོན་(༡༩༩༤ལོར)དུ། ངས་ < པེ་ཅིན་གྱི་དཔྱིད་ཀ་>ཟེར་བའི་དུས་དེབ་དེའི་སྟེང་དུ་ < རང་བཙན། བོད་མིའི་ཁེ་དབང་རེད>་ཟེར་བའི་ཆེད་བརྗོད་རིང་མོ་ཞིག་སྤེལ་ཤིང་། དེའི་ནང་དུ་ལོ་རྒྱུས་ལ་བརྩི་འཇོག་དང་། དོན་དངོས་ལ་ཁ་གཏད་པ། རང་དབང་དང་རང་སྐྱོང་རྩོད་པའི་མིའི་ཁེ་དབང་སོགས་གཞིར་བཟུང་ནས་བོད་མི་རིགས་ཀྱིས་རང་བཙན་རྩོད་པ་ནི་ཁྲིམས་མཐུན་ལུགས་མཐུན་ཡིན་ཚུལ་ཞིབ་མོར་བརྗོད་ཡོད། ལོ་བཅོ་ལྔའི་ནང་ཚུན་དུ། བོད་ལ་དོ་སྣང་བྱེད་མཁན་གྱི་རྒྱ་ནག་གི་ཤེས་ཡོན་པ་ཇེ་མང་ནས་ཇེ་མང་དུ་སོང་ཏེ། ཁོང་ཚོས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་འབོད་སྐུལ་ཞུ་བ་དང་། བོད་རང་བཙན་ལ་རྒྱབ་སྐྱོར་ཞུ་མཁན་ཡང་གང་འཚམ་བྱུང་བ་རེད། ཡིན་ཡང་ཉེ་བའི་ལོ་འདི་དག་གི་ནང་དུ་བོད་ཀྱི་བསམ་བློའི་དབུ་ཁྲིད་ཏྰ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གིས་ག་དུས་ཡིན་ཡང་དབུ་མའི་ལམ་ཤུགས་ཆེར་བརྗོད་དེ། ཕྱོགས་གཉིས་སུ་མ་ལྷུང་བའི་སྒོ་ནས་རང་བཙན་བློས་གཏོང་བྱས་པ་དང་། རྒྱ་གཞུང་གིས་མི་སེར་སྤེལ་བའི་དབང་སྒྱུར་ལའང་ངོས་ལེན་མ་བྱས་པར་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱས་ཐོག་ཚད་མཐོའི་རང་སྐྱོང་ལ་རེ་བ་བརྒྱབས་པ་རེད། ( དམངས་གཙོའི་འདེམས་བསྐོ་ཡང་ནང་དུ་འདུས། )

ཉེ་ལམ་རི་ནེ་བར་ (日内瓦 )བོད་རྒྱའི་ཚོགས་འདུ་ཞིག་སྐོང་འཚོགས་བྱས་པ་དང་། ཏྰ་ལའི་བླ་མས་ཚོགས་ཐོག་ཏུ་གསུང་བཤད་གནང་ནས་སྔར་བཞིན་དབུ་མའི་ལམ་ལ་རྒྱུན་འཁྱོངས་བྱས། དེ་བཞིན་བཙན་བྱོལ་བོད་གཞུང་གི་དམངས་འདེམས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་དེ་དང་གཅིག་མཚུངས་ཀྱིས་གཏམ་བཤད་སྤེལ་ནས། སྔར་བཞིན་རྒྱ་གཞུང་དང་གྲོས་མོལ་བྱས་ཏེ་བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་རེག་ཐབས་ལ་འབད་པ་བྱེད་བཞིན་འདུག སྔར་དང་མི་འདྲ་ས་ཞིག་ཡོད་པ་ནི་བཙན་བྱོལ་བོད་གཞུང་གིས་སྔོན་ཆད་ནུབ་ཕྱོགས་གལ་ཆེན་ཏུ་བཟུང་ཤིང་རྒྱ་གཞུང་གནད་འགག་ལ་རྩི་བའི་ ( པེ་ཅིན་དང་གྲོས་མོལ་བྱེད་པའི་)སྲིད་ཇུས་དེར་འགྱུར་བ་ཐེབས་ནས་རྒྱ་ནག་གི་དམངས་ཁྲོད་ལ་ཁ་ཕྱོགས་པ་དང་། ལྷག་པར་ཏུ་ཕྱི་སྡོད་རྒྱ་རིགས་ཤེས་ཡོན་པ་ཚོར་མཐོང་ཆེན་བྱས་ཏེ་ཁོང་ཚོ་བརྒྱུད་ནས་བོད་ཀྱི་བདེན་དོན་བརྒྱུད་སྒྲོག་བྱེད་རྒྱུ་དེ་རེད།

དམངས་གཙོ་དང་སྲིད་དབང་སྒེར་གཅོད་གཉིས་མཉམ་གནས་ཡོང་ཐུབ་བམ།

ཐེངས་འདིར་ རི་ནེ་བར་(日内瓦)འཚོགས་པའི་བོད་རྒྱའི་ཚོགས་འདུ་སྟེང་ངའང་འཛུལ་ཞུགས་བྱས་པ་ཡིན། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཁོང་གི་ཤིས་ཚིག་རྗེས་ནས་རང་མོས་ཀྱི་དྲི་བ་དྲིས་ལན་དང་ལེན་བྱས། དེའི་དུས་ངས་ཏྰ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་དང་གཉིས་ཕན་གྱི་ཐབས་ལམ་སྐོར་ལ་དྲི་བ་གཉིས་དྲིས་པ་ཡིན།

དང་པོ། མིའི་རིགས་ཀྱི་ལོ་རྒྱུས་སྟེང་དུ། ལམ་ལུགས་གཅིག་གི་འོག་ནས་དམངས་གཙོ་དང་སྲིད་དབང་སྒེར་གཅོད་ཀྱི་ལྟ་བ་གཉིས་མཉམ་ཏུ་ལག་ལེན་ལ་བསྟར་བའམ་ཡང་ན་གཉིས་ཕན་ཀྱི་ལམ་ཁ་ཞིག་བྱུང་མྱོང་ཡོད་དམ་མེད། གལ་ཏེ་མེད་ཚེ་ཟམ་གདོང་རིན་པོ་ཆེའི་གཞུང་གིས་ཅིའི་ཕྱིར་དངོས་ཡོད་དང་མི་མཐུན་པའི་ལམ་ཁ་འདི་ལྟ་བུ་ཞིག་ལ་འབད་བརྩོན་བྱས་པ་ཡིན། གཉིས་པ། དབུ་མའི་ལམ་ལ་དུས་བཅད་ཚད་བཀག་ཡོད་དམ་མེད། བཙན་བྱོལ་བོད་གཞུང་གིས་རང་བཙན་བློས་གཏོང་བྱས་པ་དེ་ནི་བོད་མི་ས་ཡ་དྲུག་དང་ཁོང་ཚོའི་རྗེས་རབས་པའི་རང་གི་རྒྱལ་ཁབ་ཀྱི་མདུན་ལམ་འདེམ་གསེས་བྱེད་པའི་དབང་ཆ་འཕྲོག་པ་རེད་དམ་མ་རེད།

ཟམ་གདོང་རིན་པོ་ཆེས་བཤད་ཚུལ་ལྟར་ན་ཁོང་ཚོས་“ཀྲུང་གོའི་རྩ་ཁྲིམས་ཀྱི་དགོངས་གཞི་འོག་གི་མིང་དོན་མཚུངས་བའི་རང་སྐྱོང་”ལ་འབད་བརྩོན་བྱེད་བཞིན་ཡོད་ཟེར། དེ་ན་“ཀྲུང་གོའི་རྩ་ཁྲིམས་ཀྱི་དགོངས་གཞི”་ནི་ན་ནིང་ལོ་མཇུག་ཏུ་རྒྱ་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཀྲོའུ་བེ་ཁྱུང་(朱维群)གིས་པེ་ཅིན་གྱི་གསར་འགོད་གསར་བསྒྲགས་ཞིག་གི་སྟེང་དུ་གསལ་བཤད་བྱས་ཟིན་པ་ལྟར། ཀྲུང་གོའི་རྩ་ཁྲིམས་ཀྱི་དགོངས་གཞི་ནི་རྒྱུན་འཁྱོངས་གསུམ་(三个坚持)སྟེ ། གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ། བོད་ཀྱི་གནད་དོན་ལ་དམིགས་ནས་མི་རིགས་ས་ཁུལ་གྱི་རང་སྐྱོང་རྒྱུན་འཁྱོངས་བྱེད་པ་བཅས་རེད། དེ་ན་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཚང་མས་ཤེས་གསལ་ལྟར་སྲིད་དབང་སྒེར་གཅོད་པའི་དབང་བསྒྱུར་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱང་དེ་བཞིན་དུ་དཔལ་འབྱོར་ཀྱི་འཁོར་ཕྱོགས་ཡོད་ཚད་གུང་ཁྲན་ཏང་ཁོ་ནས་ཐག་གཅོད་བྱེད་པ་དེ་རེད། དེ་བཞིན་མི་རིགས་ས་ཁུལ་རང་སྐྱོང་སྐོར་ནས་ཀྲོའུ་བེ་ཁྱུང་གིས་བཤད་ན་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་(联邦制)མིན་པ་དང་རྒྱལ་ཁག་མཉམ་འབྲེལ(邦联制)་ལམ་ལུགས་ཀྱང་མིན་པ། ཞང་ཀང་ནང་བཞིན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འགྲོ་སྟངས་ཡང་མིན་པ། ཏྰ་ལའི་བླ་མའི་མིང་དོན་མཚུངས་བའི་རང་སྐྱོང་དེ་བས་ཀྱང་མ་ཡིན་པར་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ནས་དེང་སྐབས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་ལམ་ལུགས་ཡིན་ཚུལ་བཤད་པ་དང་། ཁོས་ད་དུང་“ཀྲུང་གོའི་མི་རིགས་རང་སྐྱོང་བསྐྲུན་ཐབས་ནི་འདི་ལས་གཞན་མིང་དོན་མཚུངས་བའི་རང་སྐྱོང་ཟེར་བ་ཞིག་གཏན་ནས་མེད་། ”ཅེས་ཧམ་བཤད་བྱས།
བྱང་སེམས་ཅན་གྱི་སྤྱང་ཀི་ཞིག་ལ་རེ་སྒུག་བྱེད་རྒྱུ་མེད།

ཀྲོའུ་བེ་ཁྱུང་གིས་ད་དུང་བཤད་རྒྱུར། ང་ཚོས་ཏྰ་ལའི་བླ་མ་སྒེར་གྱི་འཐུས་མི་དང་འབྲེལ་མོལ་བྱས་པ་ལས་བཙན་བྱོལ་བོད་གཞུང་ཟེར་བ་ཞིག་གཏན་ནས་ངོས་ལེན་བྱས་མྱོང་མེད། དེ་བཞིན་འབྲེལ་མོལ་ཁྲོད་ནས་ཀྱང་ཏྰ་ལའི་བླ་མས་རང་གི་སྐྱོན་ཆ་ཅི་ལྟར་ཡོ་བསྲང་བྱས་ཏེ་ང་ཚོས་བསམ་ཤེས་བྱེད་ཐབས་ལ་འབད་བརྩོན་བྱེད་པ་དེ་ཡིན། གལ་ཏེ་རྣམ་འགྱུར་བཟང་ན་ཁོ་རང་ཉིད་ཕྱིར་ལོག་ཏུ་བཞག་ཆོག་ལ། དེ་ལས་མང་ན་ཁོའི་ཉེ་འཁོར་གྱི་མི་ཁ་ཤས་ཤིག་ཕྱིར་ལོག་ཏུ་བཞག་ཆོག་པར་བཤད། ཕྱི་རྒྱལ་གྱི་གསར་འགོད་པ་དེ་འདྲའི་མང་པོ་ཞིག་དང་ཁ་གཏད་དེ། ཀྲོའུ་བེ་ཁྱུང་གིས་ཆེས་མ་མཐའི་ཕྱི་འབྲེལ་གྱི་གུས་ལུགས་ཤིག་ཀྱང་མེད་པར་“འདས་པའི་ལོ་འགའི་ནང་དུ། དབུས་གཞུང་གིས་ཏྰ་ལའི་བླ་མའི་འཐུས་མི་དང་གྲོས་མོལ་འདི་དག་བྱས་པ་ཡིན་ལ། མ་འོང་པར་ཡང་དེ་བཞིན་ཡིན་པ་ལས་འགྱུར་བ་གཏན་ནས་འགྲོ་མི་སྲིད”ཟེར། བྱེད་སྟངས་དེས་མི་ཚང་མའི་མགོ་འཐོམ་པར་བྱས་པ་རེད།

ངས་ཟམ་གདོང་རིན་པོ་ཆེར་བཀའ་འདྲི་ཞུ་རྒྱུར། དམར་ཕྱོགས་ཚོགས་པས་ཁ་གསལ་བོ་སྒོ་ནས་བཤད་ཟིན་པས། བཙན་བྱོལ་བོད་གཞུང་གིས་པེ་ཅིན་གཞུང་དང་ད་དུང་གྲོས་མོལ་ཅི་ཞིག་བྱེད་པར་སྒུག་ཡོད། གུང་ཁྲན་ཏང་ལྟ་བུའི་སྒེར་གཅོད་གཞུང་དང་མིང་དོན་མཚུངས་བའི་རང་སྐྱོང་ལ་རེ་བ་ཞུ་བ་དེ་ནི་བྱང་སེམས་ཅན་གྱི་སྤྱང་ཀི་ཞིག་ལ་སྒུག་པ་དང་གཅིག་མཚུངས་རེད། ལུག་དང་སྤྱང་ཀི་མཉམ་གནས་ཀྱི་སྔོན་དཔེ་ཞིག་ཡོད་དམ་མེད།

ཟམ་གདོང་རིན་པོ་ཆེས་བཤད་རྒྱུར། དབུ་མའི་ལམ་ལ་བཙན་བྱོལ་བོད་མི་ཡོངས་ཀྱིས་འོས་ཤོག་ལམ་ནས་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་ལ། ཉེ་སྔོན་བཙན་བྱོལ་བོད་མིའི་འཐུས་མི་ཚོགས་ཆེན་སྟེང་དུ་ཡང་སྔར་བཞིན་དབུ་མའི་ལམ་ལ་རྒྱབ་སྐྱོར་མང་ཤོས་ཐོབ་པས། དེ་ནི་མི་དམངས་གི་བསམ་ཚུལ་ཡིན་ཟེར། ངས་བསྐྱར་དུ་བཙན་བྱོལ་བོད་མིའི་མི་འབོར་ནི་འབུམ་གཅིག་དང་ཁྲི་གསུམ་ཡས་མས་རེད། གལ་ཏེ་བཙན་བྱོལ་བོད་མི་ཡོངས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཐོབ་ཀྱང་དེས་བོད་མི་ས་ཡ་དྲུག་གི་ཚབ་བྱེད་མི་ཐུབ་པས། བཙན་བྱོལ་བོད་གཞུང་གིས་འདི་ལྟར་ཐག་གཅོད་བྱས་ན་དེ་ནི་མ་འོང་པར་བོད་མི་དམངས་ཀྱིས་རང་གི་རྒྱལ་ཁབ་བདམ་གསེས་བྱེད་པའི་དབང་ཆ་འཕྲོག་པ་མ་ཡིན་ནམ་ཞེས་དྲིས་པ་ཡིན།

བོད་ཀྱི་རྩ་བའི་གནད་དོན་ནི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱེད་རྒྱུ་དེ་མ་རེད།

ལོ་རྒྱུས་ཐོག་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། དེ་ལ་རང་གི་རྒྱལ་མིང་དང་རྒྱལ་དར། འགོ་ཁྲིད། རྒྱལ་ས། དངུལ་སྒོར། ལམ་ཡིག དམག་མི། དཔྱ་ཁྲལ་སོགས་ཀྱང་ཡོད། ཐ་ན་བོད་ནི་ཆིན་རྒྱལ་རབས་ཀྱི་མཇུག་དང་ཅང་ཅེ་ཧྲིའི་གོ་མིན་ཏང་གི་སྐབས་སུའང་ཁོང་ཚོའི་མངའ་ཁོངས་ཀྱི་ཞིང་ཆེན་ཞིག་མ་ཡིན་པར ། ལོ་རབས་ལྔ་བཅུ་པའི་དུས་འགོར་གཞི་ནས་དམར་ཕྱོགས་དམག་མིས་བཙན་བཟུང་བྱས་པ་ཞིག་རེད། དེ་རིང་གི་བོད་ཀྱི་གནད་དོན་ནི་ཆོས་དང་རིག་གཞུང་། ཁོར་ཡུག་ཁོ་ནའི་གནད་དོན་མ་ཡིན་པར། དེ་ནི་རྒྱལ་ཁབ་ཅིག་གི་ཆགས་འཇིག་གི་གནད་དོན་རེད། ཏྰ་ལའི་བླ་མ་ནི་བོད་མི་དམངས་ཀྱི་བསམ་བློའི་དབུ་ཁྲིད་དང་དད་གུས་བྱེད་ས་རེད། ཡིན་ཡང་དམངས་གཙོའི་རྩ་དོན་ལྟར་ན། གོ་གནས་ཇི་ཙམ་ཡོད་ཀྱང་མི་དམངས་ཀྱིས་རང་གི་རྒྱལ་ཁབ་གདམ་ག་བྱེད་པའི་དབང་ཆ་ཐག་གཅོད་བྱེད་རྒྱུའི་དབང་ཚད་སུ་ལའང་ཡོད་པ་མ་རེད། བོད་ཀྱི་མདུན་ལམ་ནི་བོད་མི་ས་ཡ་དྲུག་གི་མང་མོས་ཀྱི་འོས་ཤོག་ལམ་ནས་ཐག་གཅོད་བྱེད་པ་ལས་བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་གང་རུང་ཞིག་གིས་ཐག་གཅོད་བྱེད་ག་ལ་རུང་། བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཞོན་ཀརྨ་ཡེ་ཤེས་དང་དང་ཚོགས་མི་ཀརྨ་ཆོས་འཕེལ་སོགས་ཀྱིས་སྔོན་ཆད་བཤད་པ་ལྟར། “ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཁ་ཤས་ལ་ལོ་རྒྱུས་ཐོག་རང་བཙན་ཡིན་པའི་བོད་རྒྱལ་ཁབ་སླར་གསོ་བྱེད་པའི་དབང་ཆ་རྩིས་མེད་དུ་གཏོང་བའི་དབང་ཚད་ཡོད་པ་མ་རེད། ང་ཚོའི་གནད་དོན་ནི་མི་རིགས་དང་རྒྱལ་ཁབ་ཀྱི་རང་དབང་དང་རང་བཙན་ཡིན་པ་ལས། ཆོས་དང་རིག་གཞུང་ཁོར་ཡུག་སོགས་ཀྱི་གནད་དོན་མ་རེད”ཞེས་པ་ལྟ་བུ་རེད།

དེང་སྐབས་བོད་མི་ས་ཡ་དྲུག་པོ་དམར་པོ་གཞུང་གི་ཆབ་སྲིད་སྒེར་གཅོད་དང་མི་སེར་སྤེལ་བའི་དབང་སྒྱུར་འོག་གནས་ཡོད་པས་ཁོ་ཚོའི་ནང་སེམས་ཀྱི་རེ་འདུན་ངོ་མ་དེ་ཕྱིར་ལ་མངོན་ཐབས་མེད། ཡིན་ཡང་བོད་ནང་གི་བོད་མི་ཚོས་ངོ་རྒོལ་སྐད་འབོད་ལ་བལྟས་ན་བོད་མི་མང་ཤོས་ཀྱི་དགོས་འདུན་ནི་བོད་རང་བཙན་རེད། འདས་བའི་ལོ་འདི་དག་གི་ནང་དུ་ངས་རྒྱ་གར་དང། ཡོ་རོབ། ཨ་རི་སོགས་ཀྱི་བོད་མི་བརྒྱ་ལྷག་ལ་ཐད་ཀར་བཅར་འདྲི་བྱས་པ་ཡིན། (བོད་མི་ཚོགས་སྤྱི་ཁག་ལ་འབྲེལ་གཏུགས་བྱས་པ་དེ་ལས་ཀྱང་ལྡབ་འགྱུར་གྱིས་མང་།)ངས་ཁོ་ཚོ་ཚང་མར་རང་སྐྱོང་དང་རང་བཙན་གྱི་དྲི་བ་གཅིག་མཚུངས་དྲིས་པ་ཡིན། རྒྱལ་བ་རིན་པོ་ཆེ་ཕུད་པའི་གཞན་དག་ཚང་མས་རང་བཙན་དགོས་རབས་ཟེར། སྔོན་ཆད་ངས་ཏྰ་ལའི་བླ་མར་གདོང་ཐུག་ནས་“ངས་བཅར་འདྲི་བྱས་པའི་བོད་མི་ཡོངས་ལས་མི་གཅིག་མ་གཏོགས་ཚང་མས་རང་བཙན་དགོས་རབས་བཤད་ཀྱིན་འདུག”ཞེས་བཤད་དུས། ཁོང་གིས་“མི་དེ་སུ་རེད་”ཞེས་དྲིས་བྱུང་། ངས་“ཁྱེད་རང་རེད་”ཞེས་ལན་བཏབ་པ་ན་ཏྰ་ལའི་བླ་མས་ཁོང་གི་ཡིད་དབང་འགུག་པའི་དགོད་སྒྲ་ཁོ་ནས་ང་ལ་ལན་འདེབས་བྱས་པ་ལས་ཅི་ཡང་གསུངས་མ་སོང་།

མུ་འགོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*