བོད་མིའི་རྨི་ལམ་ནི་རང་བཙན་ཡིན། (ཕྱི་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
རྩོམ་པ་པོ་ཚོའོ་ཁྲང་ཆིན་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

“འགྲུབ་དང་མི་འགྲུབ་”དང་“འོས་དང་མི་འོས་།”
ངས་ཏྰ་ལའི་བླ་མའི་སེམས་ཁྲལ་ལ་བསམ་ཤེས་བྱེད་ཐུབ་ཀྱིན་འདུག བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་དུ་འགྲོ་བཞིན་པའི་སྒང་ཡིན་ལ། རྒྱ་མི་འབོར་ཆེན་བོད་དུ་གནས་སྤོར་བྱས་ཏེ་རྒྱ་གཞུང་གིས་བོད་ལ་རྒྱ་འགྱུར་སྲིད་བྱུས་སྤེལ་བཞིན་ཡོད་པ་རེད། ཁོ་ཚོས་བོད་ཀྱི་གནད་དོན་དེའང་ནང་སོག་ནང་བཞིན་ཐག་གཅོད་བྱེད་པར་རེ་བ་བཅངས་འདུག (དེང་སྐབས་ནང་སོག་ལ་མི་འབོར་ཁྲི་༢༣༨༠ཡོད་པ་ལས་རྒྱ་མིས་80%ཟིན་པ་དང་། སོག་རིགས་གྲངས་ཉུང་ལ་མཚོན་ན་མི་བཞི་ལས་གསུམ་རྒྱ་འགྱུར་བྱས་ཚར་བར་བཤད།)དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་པའི་བོད་མི་ཁ་ཤས་ཀྱིས་བཤད་ན་རྒྱ་གཞུང་སྟོབས་ཆེ་དྲགས་པས་རང་བཙན་ལ་རེ་བ་མེད་ཚུལ་ཟེར། འདིས་ཁོ་ཚོ་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་རྒྱ་འགྱུར་བྱས་ཚར་བ་གསལ་བཤད་བྱས་པ་རེད། རྒྱ་མི་ལ་མཚོན་ན་དོན་དག་གང་ལ་ཐུག་ཀྱང་ཐོག་དང་པོ་ནས་སྔོན་རྩིས་བརྒྱབས་ནས་དོན་དག་གང་ཡིན་འགྲུབ་མིན་ལ་བསམ་བློ་གཏོང་བ་རེད། ཡིན་ཡང་ནུབ་ཕྱོགས་པར་མཚོན་ན་དོན་དག་གང་ཞིག་སྒྲུབ་དུས་ཐོག་དང་པོར་འོས་མིན་འཚམ་མིན་ལ་བསམ་བློ་གཏོང་བཞིན་ཡོད་པ་རེད།

ངས་རྒྱ་མི་དང་ཕྱི་གླིང་བའི་བསམ་བློ་གཏོང་སྟངས་ཀྱི་རྩ་བའི་ཁྱད་པར་ཡང་བསྐྱར་འདི་ནས་ནན་བཤད་ཅིག་བྱེད། རྒྱ་མི་(ཀྲུང་གོའི་རིག་གནས་ཀྱིས་སྐྱེད་སྲིང་བྱས་པའི་མི)དོན་དག་ཞིག་ལ་ཐུག་ཚེ། ཐོག་དང་པོ་ནས་འགྲུབ་མིན་ལ་བསམ་བློ་གཏོང་བ་དང་། ནུབ་ཕྱོགས་རིག་གནས་ཀྱིས་སྐྱེད་སྲིང་བྱས་པའི་མི་ཞིག་ཡིན་ཚེ། ཐོག་དང་པོ་འོས་མིན་ལ་བསམ་བློ་གཏོང་བ་རེད། ཡང་གཅིག་བཤད་ན། ཁོ་ཚོས་ཐོག་དང་པོར་རྩ་དོན་དང་འདུ་ཤེས་ཐོག་ནས་བསམ་བློ་གཏོང་བ་རེད། དོན་དག་གང་ཡིན་ཀྱང་འདུ་ཤེས་ཡོད་པའི་ཐོག་ནས་རྩ་དོན་ལ་རྒྱུན་འཁྱོངས་བྱས་ཏེ་འབད་བརྩོན་བྱས་པ་ཡིན་ན་རྒྱལ་ཁའི་རེ་བ་ཡོད་པ་གསལ་བོ་ཡིན། དེའི་རྐྱེན་གྱིས་ནུབ་ཕྱོགས་པས་རྒྱ་མིའི་“གཟི་བརྗིད་ངང་ནས་ཤི་བ་ལས་གནས་སྐབས་སུ་གསོན་ཐབས་བྱས་ན་དགའ་”ཞེས་པའི་སྡོམ་ཚིག་འདི་ལས་ལྡོག་ཏེ་“རང་དབང་མེད་པར་གསོན་པ་ལས་ཤི་ན་དགའ་”ཞེས་པའི་སྡོམ་ཚིག་འདི་བཞག་ཡོད། ཁོང་ཚོས་དོན་དག་གང་ཡིན་ཀྱང་ཐོག་དང་པོར་འགྲུབ་མིན་ལ་མ་བལྟས་པར་འོས་མིན་ལ་བསམ་བློ་བཏང་བས། རང་དབང་དང་སྟོབས་འབྱོར་གྱི་མངའ་ཐང་རྒྱས་ས་ཐོག་མ་ནུབ་ཕྱོགས་ཆགས་པ་རེད།

རང་བཙན་དང་མི་རིགས་རང་ཐག་རང་གཅོད་ནི་འཛམ་གླིང་གི་འཕེལ་ཕྱོགས་རེད།

ཡུ་ཐེ་བས་(犹太人)རྒྱལ་ཁབ་སླར་གསོ་བྱས་པ་དེ་ནི་དཔེ་མཚོན་རེད། ཁོང་ཚོའང་བོད་པ་ནང་བཞིན་རང་གི་ཁྱིམ་གཞི་ཡོད་ཀྱང་་། རྒྱུན་རིང་པོར་འཛམ་གླིང་ས་ཕྱོགས་གང་སར་ཁ་འཐོར་ཏུ་གནས་ནས་ཆགས་ས་རྟེན་ས་མེད་པར་བསྡད་པ་རེད། ཡིན་ཡང་ཁོང་ཚོས་རང་ཉིད་ཀྱི་རྨི་ལམ་མངོན་འགྱུར་ཆེད་དུ་ལོ་མང་པོ་འཐབ་རྩོད་བྱས་ཤིང་། ཁྲག་གི་འགྲོ་གྲོན་གང་མང་བཏང་མཐར་རྒྱལ་ཁབ་སླར་གསོ་བྱས་ཏེ་དབྱི་སི་ལེན་(以色列)ལྟ་བུའི་རང་བཙན་རྒྱལ་ཁབ་ཅིག་བཙུགས ། འོན་ཀྱང་རྒྱལ་ཁབ་བཙུགས་པའི་ཉིན་མོ་དེར་ཉེ་འགྲམ་གྱི་ཨ་ལ་པོའི་(阿拉伯)རྒྱལ་ཁབ་ལྔས་མཉམ་འབྲེལ་ཐོག་བཙན་འཛུལ་བྱས་ཏེ་རྒྱལ་ཁབ་དེའི་འཚོ་གནས་ལ་འགོག་རྐྱེན་བཟོས། དེའི་དུས་རྒྱལ་ཁབ་དེ་དག་ལ་ཁྱོན་བསྡོམས་མི་འབོར་ཁྲི་༤༠༠༠ཡོད་པ་དང་དབྱི་སི་ལན་ལ་མི་འབོར་ཁྲི་༦༠ལས་མེད། དེ་མ་ཟད་རྒྱལ་ཁབ་བཙུགས་མ་ཐག་ཡིན་པ་དང་ཚད་ལྡན་གྱི་དམག་དཔུང་མེད་པས་ཁོང་ཚོ་རླུང་ཁའི་མར་མེ་ལྟ་བུའི་ཉེན་ཁར་ཐུག་ཡོད་པ་རེད། ཡིན་ཡང་དབྱི་སི་ལན་མི་དམངས་ཀྱིས་རྒྱལ་ཁབ་གནས་ཐུབ་མིན་ལ་བསམ་བློ་མ་བཏང་བར་རྒྱལ་ཁབ་བཙུགས་ན་འོས་མིན་ལ་བསམ་བློ་བཏང་ནས། དཔའ་མ་ཞུམ་པར་རང་གི་ཁྱིམ་གཞི་བརྟན་སྲུང་བྱས་མཐར་བཙལ་འཛུལ་ལས་རྣམ་པར་རྒྱལ་ཏེ་རྒྱལ་ཁབ་གསར་བ་སྲུང་སྐྱོབ་བྱེད་ཐུབ་པ་རེད།

དེ་བཞིན་ཉེ་བའི་ལོ་འདི་དག་གི་ནང་དུ་རང་བཙན་ཐོབ་པའི་ཏོན་ཏེ་བིན་(东帝汶)ལྟ་བུར་མཚོན་ནའང་ནུབ་ཕྱོགས་པའི་འདུ་ཤེས་འཛིན་སྟངས་དེ་ལ་བརྟེན་ནས་རྒྱལ་ཁ་ཐོབ་པ་རེད། ཏོན་ཏེ་བིན་ལ་མི་འབོར་ཁྲི་༨༠ལས་མེད་པ་དང་། དེས་ཧིན་རྡུ་ནེ་ཞི་ཡའི་མི་གྲངས་ཀྱི་0.5%ཡང་མི་ཟིན། སོ་ཧ་ཐོ་དམག་དོན་སྲིད་དབང་(苏哈托军事政权)གིས་ལོ་ངོ་སུམ་ཅུ་ལྷག་ལ་སྒེར་གཅོད་བྱས་པས། གལ་ཏེ་ཁོང་ཚོས་ཀྱང་དམིགས་ཡུལ་འགྲུབ་མིན་ལ་བསམ་བློ་བཏང་ཚེ་རང་བཙན་ནི་རྨི་ལམ་ལའང་འཁོར་ཐུབ་རྒྱུ་མ་རེད། ཡིན་ཡང་ཏོན་ཏེ་བིན་གྱི་འགོ་ཁྲིད་དང་མི་དམངས་ཀྱིས་སོ་སོའི་འདུ་ཤེས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་པ་ལས། ཐོག་དང་པོ་ནས་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་ཀྱིས་ལེགས་འགྲུབ་ཡོང་ཐབས་ཁོ་ནར་བསམ་བློ་མ་བཏང་བས་མཐར་རྒྱལ་ཁ་ཐོབ་པ་རེད།

ཁི་སོ་བོ་(科索沃)ཡང་དེ་བཞིན་ཡིན་ཏེ། ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་གཅིག་ལྷག་(སྔོན་ཆད་སེ་ཨར་བེ་ཡའི་(塞尔维亚)ཞིང་ཆེན་ཞིག་ཡིན །)དང་། མི་འབོར་ཁྲི་༢༠༠་ལས་མེད། སེ་ཨར་བེ་ཡའི་མི་འབོར་གྱི་ལྔ་ཆའི་གཅིག་ཀྱང་མི་ཟིན། ཡིན་ཡང་ཁི་སོ་བོའི་(科索沃)མི་རྣམས་ཀྱིས་ལོ་ངོ་མང་པོར་འཐབ་རྩོད་བྱས་ཏེ་རང་བཙན་རྒྱུན་འཁྱོངས་བྱས་མཐར་རྨི་ལམ་མངོན་འགྱུར་བྱས་ནས་རྒྱལ་ཁབ་བཙུགས་པ་དང་། དེ་ནས་བཟུང་སྟེ་ཟླ་སྔོན་མ་བར་དུ་རྒྱལ་སྤྱིའི་ཐོག་རྒྱལ་ཁབ་༦༢ཀྱིས་ཕྱི་འབྲེལ་ཐོག་ནས་ངོས་ལེན་བྱས། ཁོང་ཚོའི་ཐོག་མའི་དཀའ་སྡུག་དེ་ཡང་དྲང་མོར་བཤད་ན་རྒྱལ་ཁ་ཐོབ་མི་སྲིད་པའི་གནས་སྟངས་ཤིག་རེད།

མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་མ་ཐག། འཛམ་བུའི་གླིང་ན་རྒྱལ་ཁབ་༥༠ལྷག་ལས་མེད་ཀྱང་ད་ལྟ་ལྡབ་བཞིས་འཕར་ཏེ་ཕལ་ཆེར་རྒྱལ་ཁབ་༢༠༠ཙམ་ལ་ཟིན་ཡོད། འདིས་རང་བཙན་དང་ཁ་བྲལ། མི་རིགས་རང་ཐག་རང་གཅོད་ནི་འཛམ་བུ་གླིང་གི་འཕེལ་ཕྱོགས་ཡིན་པ་གསལ་བཤད་བྱས་ཡོད་པས། རང་བཙན་ནི་གཙོ་བོ་མི་རིགས་རང་ཉིད་ཀྱི་ཆོད་སེམས་དང་། ལྷག་པར་དུ་དེའི་དབུ་ཁྲིད་ལ་རྒྱལ་ཁབ་ཀྱི་མདུན་ལམ་ཐད་ངོས་ཟིན་གསལ་བོ་ཡོད་མེད་དང་བློ་རྩ་བརྟན་པོ་ཡོད་མེད་དེར་ཐུག་ཡོད།

ཁྲམ་པ་དང་མཉམ་དུ་གནས་ལུགས་བཤད་པ་ནི་སྐྱེས་བུ་དམ་པའི་ནོར་འཁྲུལ་རེད།

དེ་རིང་། གུང་ཁྲན་ཏང་དང་མཉམ་དུ་དམངས་གཙོ་དང་མིང་དོན་མཚུངས་བའི་རང་སྐྱོང་ལ་བརྩོན་མཁན་གང་ཡིན་ཀྱང་དེ་ནི་སྟག་ལ་སྟག་པགས་སློང་བའི་དཔེ་བཞིན་རེ་བ་ཅི་ཡང་ཡོད་པ་མ་རེད། དེ་བཞིན་དུ་རྒྱ་ནག་གི་རྩ་ཁྲིམས་ཀྱི་དགོངས་གཞི་ལྟར་སོང་བ་ཡིན་ཀྱང་འབྲས་བུ་ཅི་ཡང་འབྱུང་མི་སྲིད། རྒྱུ་མཚན་དམར་ཕྱོགས་ཚོགས་པ་རང་ཉིད་ཀྱིས་མ་གཞི་ནས་རྩ་ཁྲིམས་ལ་རྒྱབ་འགལ་བྱེད་བཞིན་ཡོད་ལ། ཁོ་ཚོར་མཚོན་ན་རྩ་ཁྲིམས་ནི་མེ་ཏོག་གི་རྫ་བུམ་ལྟ་བུ་ཞིག་ཡིན་པས། དེ་ལས་མེ་ཏོག་བཞད་པའི་དཔེ་ཞིག་ནམ་ཡང་ཡོད་མི་སྲིད།

ད་ལྟ་བཙན་བྱོལ་བོད་གཞུང་གིས་བསྒྲུབ་འོས་པའི་དོན་དག་ནི་དངོས་ཡོད་ལ་ངོས་འཛིན་གསལ་བོ་བྱེད་པ་དང་བདེན་པར་བརྩི་འཇོག་བྱེད་པ་དེ་ཡིན། འདིར་བཤད་པའི་དངོས་ཡོད་ནི་ཁྱོད་ཀྱིས་དམར་པོ་གཞུང་དང་ཅི་ལྟར་བསྟུན་ཐབས་བྱས་ནས་ཕྱིར་ནུར་བྱེད་པ། ཕྱག་འཚལ་བ། ཡང་ན་ཞུ་འབོད་བྱས་ཀྱང་དམར་པོ་གཞུང་གིས་དུས་ནམ་ཡང་བོད་མིར་ཚོར་མིང་དོན་མཚུངས་བའི་རང་སྐྱོང་སྤྲོད་མི་སྲིད་པ་དེ་རེད། དེ་ནི་སྲིད་དབང་སྒེར་གཅོད་པའི་རང་གཤིས་རེད། ཆེས་སྤྱིར་བཏང་གི་དཔེ་མཚོན་ཙམ་དྲངས་ན། ཏྰ་ལའི་བླ་མས་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་རང་བཙན་བློས་གཏོང་བྱས་ཏེ་ནུབ་ཕྱོགས་ཡུལ་གྲུ་ཁག་ནས་ཐེངས་སྟོང་ཕྲག་མང་པོར་རང་གི་ཐུགས་དགོངས་ངོ་མ་གསལ་བཤད་བྱས་ཤིང་། ད་དུང་ཁོང་གི་འཐུས་མི་བརྒྱུད་ནས་པེ་ཅིན་ལའང་ཐེངས་མང་པོ་གསལ་བཤད་བྱས་ཟིན་པ་རེད། ཡིན་ཡང་རྒྱ་གཞུང་གིས་ད་དུང་ཡང་བོད་རང་བཙན་ཞེས་པའི་ཞྭ་མོ་དེ་ཏྰ་ལའི་བླ་མའི་མགོ་ལ་བསྐོན་ནས། ཁོང་ཚོ་རང་ཉིད་ཀྱིས་བཀག་སྡོམ་བྱས་པའི་བརྒྱུད་ལམ་ཁག་ཏུ་ཏྰ་ལའི་བླ་མས་རང་བཙན་རྩོད་ཚུལ་ཁྱབ་བསྒྲགས་གང་ཐུབ་བྱས། དེ་བས་རྒྱ་མི་དུང་ཕྱུར་བཅུ་གསུམ་ལྷག་གིས་ཏྰ་ལའི་བླ་མ་ནི་བོད་རང་བཙན་རྩོད་མཁན་གྱི་གཏེ་བོ་ཡིན་པར་ངོས་འཛིན་བྱས་ནས་ཁོང་ལ་སྡང་སེམས་བཅངས་ཡོད་པ་རེད། ཁྲམ་པའི་རང་གཤིས་ལ་གོམས་པའི་དམར་ཕྱོགས་ཚོགས་པ་འདི་ལྟ་བུ་ཞིག་ལ་ཁྱོད་ཀྱིས་སྐྱེས་བུ་དམ་པ་ནང་བཞིན་ཁོ་དང་མཉམ་དུ་གནས་ལུགས་བཤད་པ་དེ་མ་གཞི་ནས་ཁྱོད་རང་ནོར་བ་རེད། ཕ་རོལ་པོས་ཧ་ཅང་གསལ་བོ་སྒོ་ནས་སྲིད་དབང་སྒེར་གཅོད་པའི་རྩ་དོན་ལྟར་དུ་ཁྱོད་དང་རྩོད་པ་བྱེད་དུས། ཁྱོད་ཀྱིས་ད་དུང་ཡང་རང་གི་རྩ་དོན་གཡུགས་ནས། འདུ་ཤེས་རབ་རིབ་ཀྱི་ངང་ཁོ་དང་འཐབ་རྩོད་བྱས་ན་རེ་བ་ཞིག་ཡོད་སྲིད་དམ།

དེས་ན་བཙན་བྱོལ་བོད་གཞུང་འདི་ལྟ་བུའི་སྲིད་དབང་སྒེར་གཅོད་པ་སྟོབས་ཆེན་ཞིག་དང་ཁ་གཏད་ནས་ ཅི་ཞིག་བསྒྲུབ་དགོས་སམ་ཞེ་ན། ད་ནི་དར་ཆ་མཐོན་པོར་བསྒྲེངས་ནས་ལོ་རྒྱུས་ཐོག་བོད་ནི་རང་བཙན་ཡིན་པ་དང་། ད་ལྟ་རྒྱ་ནག་གིས་བཙན་བཟུང་བྱས་པ་གསལ་བོར་བཤད་དགོས་ལ། མི་མང་པོ་མཉམ་འབྲེལ་ཐོག་ནས་དམར་ཕྱོགས་ཚོགས་པས་བོད་དང་རྒྱ་ནག་ལ་དབང་སྒྱུར་མཇུག་སྒྲིལ་བར་འབད་པ་བྱས་ཏེ་རྒྱ་ནག་དམངས་གཙོ་ཅན་ལ་བསྒྱུར་དགོས། དེ་ལྟར་མ་འོངས་བར་རྒྱ་ནག་དམངས་གཙོར་བསྒྱུར་རྗེས་བོད་མི་ས་ཡ་དྲུག་གིས་འོས་ཤོག་གི་ལམ་ནས་རང་གི་མདུན་ལམ་ཐག་གཅོད་བྱེད་དགོས་པ་དེ་རེད།
སྐབས་དེའི་དུས་རྒྱ་ནག་གིས་བོད་མི་དམངས་ཀྱི་འདེམ་གསེས་ལ་བརྩི་འཇོག་བྱས་ཏེ་བོད་ལ་འདྲ་མཉམ་གྱི་ལྟ་སྟངས་བཟུང་ཚེ། ཏྰ་ལའི་བླ་མས་གཞི་ནས་བོད་རྒྱ་ཁོངས་ནས་འདུག་མིན་དང་ཚད་མཐོའི་རང་སྐྱོང་(དེ་ཡང་བསམ་ཚུལ་ཁོ་ན་ཙམ་ལས་ཐག་གཅོད་བྱས་མི་ཆོག)གླེང་ཆོག་ལ། ཁོང་ཉིད་བོད་མིའི་སེམས་ནང་གི་ཆེས་བླ་ན་མེད་པའི་དབུ་ཁྲིད་ཡིན་པས་ཁོང་གི་བཀའ་དགོངས་ལ་བོད་མི་མང་ཤོས་ཀྱི་རྒྱབ་སྐྱོར་ཐོབ་ངེས་རེད། གལ་སྲིད་དེ་ལྟར་མིན་པའི་དབང་དུ་བཏང་ཡང་ངེས་པར་དུ་བོད་མི་རིགས་ཀྱི་གདམ་གར་བརྩི་འཇོག་བྱེད་དགོས།

བོད་ཀྱི་བདེན་དོན་གཉིས་གང་སར་ཁྱབ་སྤེལ་བྱེད་དགོས།

ཏྰ་ལའི་བླ་མ་ད་ལོ་དགོང་ལོ་༧༤རེད། ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་ཏྰ་ལའི་བླ་མའི་སྐུ་ཕྲེང་རིམ་བྱོན་ལས་སྐུ་ཚེ་ཆེས་རིང་བའི་སྐུ་ཕྲེང་དེ་ཡིན་ལ།(ཏྰ་ལའི་བླ་མའི་སྐུ་ཕྲེང་རིམ་བྱོན་༡༤ལས་སྐུ་ཕྲེང་༩དགུང་ལོ་༥༠ལའང་སླེབས་མེད།)དེ་ལས་ཀྱང་འཛམ་བུ་གླིང་ལ་ཁ་ཕྱོགས་ནས་ཀུན་གྱིས་ཆེས་དགའ་བསུ་ཐོབ་པའི་བསམ་བློ་དབུ་ཁྲིད་ཅིག་ཏུ་གྱུར་བ་རེད། འདས་བའི་ལོ་ཉི་ཤུའི་ནང་དུ་ཁོང་གིས་རྒྱ་གཞུང་དང་མཉམ་དུ་དབུ་མའི་ལམ་ལ་གྲོས་མོལ་འབད་བརྩོན་བྱས་ཀྱང་གྲུབ་འབྲས་གང་ཡང་མ་ཐོན་(མ་འོངས་བར་ཡང་གྲུབ་འབྲས་ཐོན་མི་སྲིད་)པས་ད་ནི་ཐབས་ཇུས་ལ་འགྱུར་བ་གཏོང་འོས་ཤིང་། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་དང་བོད་མི་མང་ཆེ་ཤོས་ཀྱིས་རང་བཙན་ལ་རེ་བ་བྱེད་པའི་བདེན་པ་འདི་གཉིས་འཛམ་བུ་གླིང་ལ་ཁྱབ་སྤེལ་བྱེད་རྒྱུ་དེ་གནད་འགག་ལ་བཟུང་སྟེ། རྒྱལ་སྤྱིའི་ཐོག་དོན་དངོས་ལ་རྒྱུས་ལོན་ཡོད་པའི་མི་རྣམས་ཀྱི་རྒྱབ་སྐྱོར་ཀྱི་ནུས་བ་གསོག་འཇོག་བྱེད་པ་དང་། ཞོར་དུ་བོད་ནང་གི་བོད་མི་ཚོའི་རྟོགས་སད་མཐོར་འདེགས་བྱེད་དགོས། དེ་ལྟར་རེ་བ་ཡོད་ཚད་རང་གི་མི་དམངས་ཀྱི་རྟོགས་སད་ལ་བཅོལ་བ་ལས་རྒྱ་ནག་དབང་སྒྱུར་བ་ཚོའི་དགོངས་སེལ་ལ་སྒུག་མི་རུང་། ཡང་གཅིག་བཤད་ན། དབང་སྒྱུར་བའི་འགྱུར་བ་ལ་རེ་སྒུག་མི་བྱེད་པར་མི་དམངས་རང་གིས་དངོས་ཡོད་ཤེས་རྟོགས་བྱུང་བའི་རྗེས་ཀྱི་ནུས་པ་དེར་ཤུགས་སྣོན་རྒྱག་དགོས།
ད་ལྟའི་དབུ་མའི་ལམ་ལ་ལམ་ཁ་མེད་པ་གསལ་བོ་རེད་ལ། འཛམ་བུ་གླིང་ལ་བོད་ཀྱི་བདེན་དོན་དེ་གཉིས་ཁྱབ་སྤེལ་བྱས་པ་དེས་ཀྱང་གང་མགྱོགས་ཀྱི་ནུས་པ་ཐོན་མི་སྲིད་པ་ཞིག་རེད། དེ་བས་འདི་གཉིས་ཀས་ནུས་པ་མངོན་གསལ་ཞིག་མི་ཐོན་པ་ཤེས་བཞིན་དུ་ཅིའི་ཕྱིར་བདེན་པའི་ལམ་ཁ་དེར་མ་ཞུགས་པ་རེད། དྲང་མོར་བཤད་ན་བདེན་པའི་ལམ་ཁར་ཞུགས་ཚེ་ད་གཟོད་མཇུག་འབྲས་གསལ་བོ་ཞིག་ཡོང་སྲིད་པ་རེད། མཐའ་གཅིག་ཏུ་པེ་ཅིན་དང་འབྲེལ་མོལ་བསྟུན་ཐབས་བྱེད་པ་དེ་ནི་རང་ཉིད་སྦྲིད་པར་བྱེད་པའམ་ཡང་ན་འཐབ་རྩོད་ཀྱི་ནུས་ཤུགས་ཉམས་དམས་སུ་གཏོང་བ་དང་གཅིག་མཚུངས་རེད། དེ་ལྟར་སྲིད་དབང་སྒེར་གཅོད་པའི་ཁྲིམས་མཐུན་གྱི་དཔེ་དེབ་བློ་ལ་བཟུང་བའི་གནས་སྟངས་འོག་ནས་བོད་ནང་གི་བོད་མི་ཚོ་ལོག་ལམ་ཏུ་ཁྲིད་དེ། ཁོ་ཚོ་རང་གི་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་གསལ་ཆ་མེད་པར་བཟོ་བ་དང་རང་བཙན་སྐོར་ལ་བསམ་བློའང་གཏོང་མི་ཐུབ་པའི་གནས་ལ་སྐྱེལ་ངེས་ཡིན། ཡང་ན་མི་ཁ་ཤས་ཀྱིས་རང་བཙན་འདོད་ཀྱང་བོད་ཕྱི་ནང་གི་མི་མང་པོས་རང་བཙན་མི་རྩོད་པའི་རྣམ་པ་དེ་མཐོང་ནས་རང་ཉིད་ཀྱི་བསམ་ཚུལ་ཡང་གསལ་སྟོན་བྱེད་མ་ཐུབ་པའི་གནས་སྟངས་ཆགས་སྲིད་པ་རེད །

བོད་མི་དམངས་ཀྱི་རྟོགས་སད་ནི་གནད་འགག་ཡིན།

བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་བླངས་ན་ད་གཟོད་རྒྱ་ནག་གི་ཤེས་ཡོན་པ་མང་པོས་རྒྱབ་སྐྱོར་ཐོབ་པར་འདོད་པའི་བཤད་ཚུལ་དེ་ནི་གཙོ་ཕལ་གོ་ལྡོག་བྱས་པའི་བསམ་བློ་རེད། བོད་ཀྱི་གནད་དོན་ནི་གཙོ་བོ་བོད་མི་དམངས་ཀྱི་རྟོགས་སད་ཀྱི་ཚད་གཞི་དང་འཐབ་རྩོད་ཀྱི་ནུས་ཤུགས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས། དབྱི་སི་ལན་(以色列)གྱི་རྒྱལ་ཁབ་སླར་གསོ་དང་། ཏོན་ཏེ་བིན་(东帝汶)གྱི་རང་བཙན། ཁི་སོ་བོའི་(科索沃)རྒྱལ་ཁབ་གསར་འཛུགས། ད་དུང་ཨ་རིས་དབྱིན་ཇི་དང་རང་བཙན་དམག་འཁྲུག་བྱས་པའི་ལོ་རྒྱུས། དེ་དག་ཚང་མ་མི་རིགས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་པ་ལས་མི་སེར་སྤེལ་མཁན་ནང་ཁུལ་གྱི་ཤེས་ཡོན་པ་དག་གི་རྟོགས་སད་ལ་བརྟེན་པ་མ་རེད། ཁ་གཏད་མི་རིགས་དེའི་ཤེས་ཡོན་པ་དག་གི་བསམ་ཤེས་དང་རྒྱབ་སྐྱོར་ནི་ཧ་ཅང་རྩ་ཆེན་ ཡིན་ཡང་དེ་ནི་གནད་འགག་མིན་ལ་སྔོན་འགྲོའི་ཆ་རྐྱེན་དེ་བས་ཀྱང་མིན།

དེང་སྐབས་ཏྰ་ལའི་བླ་མའི་འཛམ་གླིང་ཐོག་གི་མཚན་སྙན་ལ་བརྟེན་ནས་གོ་ལ་ཧྲིལ་བོར་བོད་ཀྱི་བདེན་དོན་དེ་གཉིས་ཁྱབ་སྤེལ་བྱེད་རྒྱུ་ནི་གོ་སྐབས་ཡག་ཤོས་ཤིག་རེད། གལ་ཏེ་ཁོང་ཉིད་ནམ་ཞིག་དགོངས་པ་རྫོགས་ནས་ཡང་སྲིད་རྙེད་པ་ཡིན་ཡང་། མ་མཐའ་ཡང་ལོ་ངོ་ཉི་ཤུའི་རྗེས་ནས་མ་གཏོགས་ཁོང་གི་ན་ཚོད་དར་མི་ཐུབ་པ་དང་། དེ་ལས་ཀྱང་སྐུ་ཕྲེང་འདི་བཞིན་འཛམ་གླིང་ཧྲིལ་བོར་མཚན་སྙན་རྒྱས་རྒྱུ་དེ་ཧ་ཅང་དཀའ་ཚོད་ཡིན་ལ། ཕལ་ཆེར་རྒྱས་མི་སྲིད་པ་རེད། རྒྱུ་མཚན་ཏྰ་ལའི་བླ་མ་སྐུ་ཕྲེང་འདིའི་ཐུགས་གཤིས་དང་། མི་ལ་ཁེངས་སྐྱུང་གུས་ཞབས་བྱེད་ལུགས། གཞན་ལ་ཐུགས་ཁུར་གནང་སྟངས། གཞུང་དྲང་ཟོལ་མེད། ཐུགས་དགོངས་ཡངས་ཤིང་སྤྲོ་སྣང་གིས་ཕྱུག་པ། ད་དུང་གཞན་དང་གསུང་བཤད་གནང་དུས་ཀྱི་འགུག་ཤུགས་སོགས་སུས་ཀྱང་ལད་ཟློས་བྱེད་མི་ཐུབ་པའི་ཐུན་མོང་མ་ཡིན་པ་ཤིག་ཡིན། འདི་ལྟ་བུའི་འཛམ་གླིང་ཧྲིལ་བོར་མཚན་སྙན་ཁྱབ་ཅིང་ཀུན་གྱིས་དད་མོས་བྱེད་པའི་ཏྰ་ལའི་བླ་མ་ཞིག་མ་འོངས་བར་ཡོང་མི་སྲིད་པས། ཁོང་ཉིད་ལྟ་བུའི་རྩ་ཆེ་བའི་མི་ཞིག་གིས་རང་གི་ཁྱད་ནུས་ཡོད་ཚད་དབུ་མའི་ལམ་ལ་སྟིམ་པ་ནི་ངོ་མ་ཡིད་ཕངས་པ་ཞིག་རེད།

བོད་མིའི་ནང་སེམས་ཀྱི་རེ་འབོད་ནི་རང་བཙན་རེད།

བོད་མི་མང་ཆེ་ཤོས་ཀྱི་ནང་སེམས་ཀྱི་རྨི་ལམ་ནི་རང་བཙན་ཡིན་པ་ངས་ཐེ་ཚོམ་མེད་པར་བཤད་ཐུབ། ཡིན་ཡང་རྒྱ་ནག་གི་གཏུམ་སྤྱོད་དང་གདུག་རྩུབ་ཅན་གྱི་སྲིད་དབང་འོག་ནས་ཁོ་ཚོའི་ནང་སེམས་ཀྱི་འབོད་སྒྲ་ངོ་མ་ཕྱིར་མངོན་མ་ཐུབ་པ་དང་། གཞན་ཡང་ཏྰ་ལའི་བླ་མར་དད་གུས་དང་གོང་བཀུར། ཆོས་ལུགས་ཀྱི་སེམས་ཁམས་སོགས་ཀྱིས་རྐྱེན་བྱས་ཏེ་ཁོང་གི་དགོངས་བཞེད་དང་བསྟུན་གྱིན་ཡོད་པ་མ་གཏོགས་རང་དབང་ནི་མི་ཚང་མའི་ནང་སེམས་ཀྱི་རེ་བ་ཡིན ། གནའ་ནས་ད་བར་དུ་འཛམ་བུ་གླིང་གི་མི་རིགས་ཡོད་ཚད་ཀྱིས་ཁྲག་སྦྱོར་དམག་འཁྲུག་ལ་བརྟེན་ནས་བཙན་དབང་གི་གཉའ་གནོན་ལས་ཐར་བར་བྱས་ཏེ་རང་གི་ཁྱིམ་གཞི་འཛུགས་སྐྲུན་བྱས་པ་ཡིན་པས། བོད་མི་རིགས་ཀྱང་དེ་ལས་མ་འདས།

གལ་ཏེ་ཏྰ་ལའི་བླ་མ་དང་ཕྱི་སྡོད་བོད་མི་རྣམས་ཀྱིས་བོད་མི་མང་པོ་རང་བཙན་གྱི་ལྟ་བར་ཁ་ཕྱོགས་པར་བྱས་ཏེ། བདེན་པའི་གནས་ཚུལ་འདི་གཉིས་འཛམ་གླིང་ལ་ཤེས་སུ་བཅུག་པ་དང་། ལྷག་པར་ཏུ་རང་བཙན་ནི་དེ་འདྲའི་གྲོགས་མེད་ཁེར་རྐྱང་ཞིག་མིན་པ་བོད་མི་རེ་རེར་ཤེས་སུ་བཅུག་ནས། ཁོ་ཚོའི་སེམས་ཁོང་གི་རྨི་ལམ་དེ་མེ་རུ་སྤར་ཚེ་ད་གཟོད་བོད་རྒྱལ་ཁབ་སླར་གསོ་བྱེད་པར་ལམ་ཁ་བསྐྲུན་པ་རེད། ལམ་ཁ་འདི་ཅི་འདྲའི་དཀའ་ཚེགས་ཆེ་ཞིང་མི་རབས་ཅི་ཙམ་གྱིས་འབད་པར་བརྟེན་དགོས་ཀྱང་སྔ་ཕྱི་མེད་པར་ལམ་དེར་ཞུགས་དགོས་བ་ཤ་སྟག་ཡིན་པས། ཅིའི་ཕྱིར་རང་གི་རྐང་འོག་ནས་འགོ་འཛུགས་མ་བྱས་པ་རེད། རྒྱལ་ཁབ་སླར་གསོ་བྱེད་པའི་ཀྱག་ཀྱོག་གི་ལམ་ཁ་རིང་པོ་དེ་ལ་མཚོན་ན་ཆེས་ཐོག་མའི་གོམ་པ་དང་པོ་དེ་ནི་ཇི་འདྲའི་ནུས་པ་ཆུང་ཤིང་གླེང་རིན་མེད་པ་ཞིག་རེད་ཨང་། ཡིན་ཡང་དེ་ནི་ནང་སེམས་ཀྱི་འབོད་པ་དང་རྨི་ལམ་ལ་ཁ་ཕྱོགས་པའི་འགྲོ་ལམ་ཡང་དག་ཅིག་ཡིན་པས། མགོ་འཁོར་སའི་ལམ་ཁ་དེ་ནས་ལམ་ཐག་རིང་བོར་འགྲོ་བ་ལས་རང་གི་རྨི་ལམ་ལ་ཕྱོགས་པའི་ལམ་ཁ་དེ་ནས་གོམ་གང་མདུན་དུ་སྤོས་ན་མི་ལེགས་སམ། མི་སུ་ཞིག་ཡིན་རུང་རང་གི་ནང་སེམས་ཀྱི་རྨི་ལམ་དེའི་ཆེད་དུ་ཕུལ་བའི་རྔུལ་ཆུའི་ཐིགས་པ་གཅིག་ཡིན་ཡང་དེ་ནི་མི་མངོན་པའི་གནས་སུ་ཡོད་པའི་ནུས་ཤུགས་བླ་མེད་ཅིག་ཡིན། གནའ་ནས་ད་བར་དུ་མིའི་རིགས་ཀྱིས་བླངས་བའི་རྒྱལ་ཁ་དང་གྲུབ་འབྲས་ཡོད་ཚད་རང་གི་རྨི་ལམ་ལ་ཁ་ཕྱོགས་པའི་མཇུག་འབྲས་མ་ཡིན་ནམ། དེ་བས་བོད་མི་རིགས་ཀྱི་རྨི་ལམ་ཡང་ནམ་ཞིག་མིའི་རིགས་ཀྱི་རྨི་ལམ་མངོན་འགྱུར་བྱུང་བའི་ཆ་ཤས་སུ་འགྱུར་ངེས་རེད།

༢༠༠༩ལོའི་ཟླ་༨པའི་ཚེས་༢༤ཉིན།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to བོད་མིའི་རྨི་ལམ་ནི་རང་བཙན་ཡིན། (ཕྱི་མ)

  1. ཡག་པོ་འདུག་དབུ་མའི་ལམ་གྱི་ལྡོག་ཕྱོགས་ནས་ཀྱང་བསམ་དགོས་པས་

Write a Reply or Comment

Your email address will not be published. Required fields are marked *

*