བོད་བསྐྱོད་མཐོང་ཐོས། (སྔ་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཡུའུ་ཚུང་ཀྲིག

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

བོད་བསྐྱོད་ལམ་བར་དུ་མཐོང་བའི་མཛེས་ལྗོངས།

ནང་འབར་འཕྲུལ་འཁོར་གཉིས་ཀྱིས་འདྲུད་འཐེན་ལ་བརྟེན་ཏེ་ཨ་མདོ་ནས་དབུས་གཙང་གི་མཐོ་སྒང་བརྒྱུད་ཉིན་ཧྲིལ་བོ་གཅིག་ཏག་ཏག་ལ་ཤར་རྒྱུག་བྱས་རྗེས་ཀྱི་ས་སྲོད་ལ་ད་གཟོད་ལྷ་སའི་མེ་འཁོར་ས་ཚིགས་སུ་འབྱོར། མེ་འཁོར་ས་ཚིགས་ནི་ཧ་ཅང་བརྗིད་ཉམས་ཆེ་བ་ཞིག་བཟོས་འདུག་ལ། བོད་ཀྱི་བཟོ་བཀོད་ལྡན་པའི་ངུར་སྨྲིག་གི་ཞིང་ཁམས་སུ་འབྱོར་བའི་ཚོར་སྣང་བྱུང་བ་སྟེ། ཏག་ཏག་སྨྱུག་འཛིན་པར་མགོ་སྐོར་ཐེབས་སུ་འཇུག འཕྲལ་དུ་ས་ཚིགས་ཀྱི་ཕྱི་ལོགས་སུ་ཐོན་ཏེ་ས་ཚིགས་མདུན་ཐང་དུ་ལྷན་པར་ཞིག་བསྒྲོན་དགོས་བསམ་དུས། རོགས་པ་ཚོས་ཕན་ཚུན་ལ་འཛིན་བྱང་ཞིབ་བཤེར་གྱི་དྲན་སྐུལ་བསླངས། བསམ་ཡུལ་ལས་འདས་པ་ཞིག་ལ། ཞིབ་བཤེར་བྱ་རྒྱུ་ནི་འཛིན་བྱང་མ་ཡིན་པར་ཐོབ་ཐང་ལག་འཁྱེར་རེད། ཞིབ་བཤེར་བྱེད་མཁན་ཡང་ལྕགས་ལམ་དོ་དམ་པ་མ་ཡིན་པར་དྲག་ཆས་ཉེན་རྟོག་པ་རེད།

འབྲེལ་ཡོད་བརྗོད་སྙིང་།
* ཀཱན་སུའུ་བསང་ཆུ་རྫོང་དུ་ཡང་བསྐྱར་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་བ།
* ཀཱན་སུའུ་རུ་ཡང་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཁྱབ་པ།
* ཀཱན་སུའུ་རུ་ཡང་བསྐྱར་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་དོན་རྐྱེན་བྱུང་བ།
ད་དུང་འབྲེལ་ཡོད་ཀྱི་གཏམ་རྒྱུད་དེ་ལས་མང་པོ་ཡོད།
ལྷན་པར་ཡང་ཧམ་འདོད་ཙམ་རེད། ས་ཚིགས་མདུན་ཐང་ཡོངས་རྫོགས་བཀག་སྡོམ་བྱས་འདུག ཉེན་རྟོག་པས་འགོག་སྲུང་བྱས་འདུག ཐ་ན་རླངས་འཁོར་འདུག་སའི་ས་ཚིགས་ཀྱང་ཡོངས་སུ་བསྐོར་འདུག ང་ངུ་མ་དགོད་ཀྱི་བཤད་རྒྱུར། མེ་འཁོར་ས་ཚིགས་དང་ས་ཚིགས་མདུན་ཐང་དུ་ལས་མེད་གཅིག་ཀྱང་མི་འདུག་ག

ཐོབ་ཐང་ལག་འཁྱེར་མེད་པ་ཡིན་ན་འགྲུལ་སྐྱོད་བྱེད་དཀའ།

མཚོ་བོད་ལྕགས་ལམ་བརྒྱུད་ནས་འགྲོ་མཁན་གྱི་རྒྱ་ནག་གི་ཡུལ་བསྐོར་བ་ཀུན་གྱིས་མཚོ་སྔོན་ཞིང་ཆེན་དང་བྲལ་རྗེས་ད་གཟོད་བོད་ནང་དུ་འཛུལ་བ་རེད་སྙམ་གྱིན་ཡོད། དོན་དངོས་ཐོག་མེ་འཁོར་དུ་འཛུལ་བའི་སྐབས་དེ་ནས་བོད་ཀྱི་ས་ཐོག་ཏུ་མཚན་གཅིག་རྒྱུགས་ཟིན་པ་རེད།མཚོ་སྔོན་༼བོད་མིས་ཨ་མདོ་ཟེར།༽གྱི་ཟི་ལིང་ནས་འགོ་བཙུགས་ཏེ་ཐོབ་ཐང་ལག་འཁྱེར་ཞིབ་བསྡུར་བྱེད་ལ། བཀག་སྡོམ་འདི་ཡིས་ཐུ་བྷོད་ཀྱི་ལོ་རྒྱུས་ཀྱི་མངའ་ཁོངས་མ་བསྡུས་གཅིག་གྱུར་བཟོས་པ་རེད།

ང་ཚོས་གནས་ཚང་གཡར་སའི་མགྲོན་ཁང་ནི་གཙུག་ལག་ཁང་གི་མདུན་ཐད་ཀྱི་བགྲོད་ལམ་སྟེང་དུ་ཡོད། དེ་ནས་གཙུག་ལག་ཁང་གི་མདུན་ཐང་བར་དུ་རྨིད་༥༠ཙམ་ལས་མེད། དེར་ཡང་ཉེན་རྟོག་པའི་དམག་མིའི་རླངས་འཁོར་གཅིག་དང་། མེ་གསོད་རླངས་འཁོར་གཅིག སྤྱི་བདེ་ཉེན་སྲུང་རླངས་འཁོར་གཉིས་བཅས་ཡོད། རྒྱུན་དུ་ས་སྲོད་ཀྱི་དུས་སུ་སྤྱི་བདེ་ཉེན་སྲུང་རླངས་འཁོར་བསྐོར་ནས་བུད་འགྲོ། སྣེ་བཤམས་པར་སྔོན་ལ་ཉེན་བརྡ་གཏོང་བ་སྟེ། དམག་མི་དང་ཉེན་རྟོག་པ་པར་བརྒྱབ་མི་ཆོག དེ་མ་གཏོགས་སྤྱིན་ཤོག་རལ་བ་དང་འདྲ་པར་མེད་པར་བཟོ་བ་མ་ཟད། ཆག་སྒོ་ཡང་འབྱུང་ངེས།
བར་བསྐོར་ནི་བོད་མིའི་ཆོས་དད་བྱེད་སའི་གནས་འགངས་ཆེན་ཞིག་ཡིན་པ་སྔོན་མ་ནས་ཤེས་ཡོད། འོན་ཀྱང་དངོས་སུ་བསང་གསོལ་གཏོང་བ་༼བསང་བཏང་ནས་སྐྱབས་འཇུག་ཞུ་བ།༽་དང་། བསྐོར་བ་འགྲོ་བའི་གོམས་སྲོལ་འདི་མཐོང་དུས། དེ་ནི་མི་ལ་བཀུར་བསྟི་དང་སྐྲག་སྣང་སློང་བའི་ལས་སུ་གྱུར་ཡོད།

བར་བསྐོར་དུ་སྐར་མ་འགའ་རེའི་ནང་དྲག་ཆས་ཉེན་རྟོག་སྐོར་ཞིབ་རུ་ཁག་རེ་བསྐྱོད་ཀྱི་ཡོད། འཕྲལ་དུ་རྟོགས་ཐུབ་པ་ཞིག་ལ། བར་སྐོར་གྱི་བསྐོར་ལམ་གྱི་གྲུ་ཁ་རེ་ན་རྟོག་ཞིབ་ཁང་རེ་ཡོད་ལ། ཆེད་དུ་ཐོབ་ཐང་ལག་འཁྱེར་ལ་ཞིབ་བཤེར་བྱེད་ཀྱི་ཡོད། ཕལ་ཆེ་བ་ ༡༡༠་གྱི་ཉེན་རྟོག་སྡེ་ཁག་རེད། ཚད་གཞི་དང་ལྡན་པ་རེད། བོད་པར་ཞིབ་བཤེར་བྱེད་པ་རྒྱ་རིགས་ལས་དམ་པོ་ཡིན་པ་དང་། དགོས་མཁོའི་ལག་འཁྱེར་ཡང་རྒྱ་རིགས་ལས་མང་བ་དགོས་པ་གྲོགས་པོས་དོ་སྣང་བྱས་འདུག སྣེ་བཤམས་པས་བཤད་རྒྱུར། ལྷ་ས་རུ་ཆང་ཁང་གསུམ་འབའ་ཞིག་གི་ནང་དུ་བོད་མི་སྣེ་ལེན་བྱས་ཆོག དེ་གསུམ་ག་ཅུང་ཐག་རིང་ན་ཡོད། ནང་གསེས་ཁོང་གིས་ཀྱང་ཤེས་ཀྱི་མི་འདུག ཕྱི་ལོགས་ཀྱི་བོད་མི་ལ་ལག་འཁྱེར་ཅི་ཞིག་ཡོད་ན་ད་གཟོད་འགག་སྒོ་ལས་བརྒལ་ཐུབ་བམ། དེ་དག་ཐོས་རྗེས་ཁྱད་མཚར་པོ་ཞིག་ཏུ་ཚོར། དེ་སྔོན་ང་ཚོ་སྡོད་སའི་ཆང་ཁང་གི་ཁཱ་ཧྥི་(coffee)འཐུང་ས་རུ་རྒྱ་ནག་གི་ཡུལ་བསྐོར་བ་ཨང་རྟགས་༩༥ ཅན་གྱི་ཚོགས་སྡེ་དེའི་གྲོགས་པོ་ཆུང་ཆུང་ཞིག་གིས་བོད་མོ་ཞབས་ཞུ་མ་ཞིག་ལ་ཁོང་ཁྲོ་ལངས་སོང་། རྩེད་མོ་རྩེ་བ་ཧ་ཅང་སྤྲོ་སྣང་ལྡན། སྐབས་དེར་སྤྲོ་དགའི་ཚོར་སྣང་ཙམ་ཞིག་སྐྱེས་སོང་། མགྲོན་ཁང་འདིའི་སྐོར་ལ་བསམ་བློ་མ་འཁོར། བོད་མིས་ལས་ཀ་བྱས་ཆོག འོན་ཀྱང་རྒྱ་རིགས་ནང་བཞིན་མགྲོན་ཁང་དུ་བསྡད་མི་ཆོག རང་དབང་མེད་པར་འཁྲབ་ཁྲིད་པ་kenBurns་ཡི་ཟིན་ཐོ་༼jazz༽ནང་གི་ Duke Ellington གིས་མི་རིགས་དབྱེ་འབྱེད་དུས་སྐབས་ཀྱི་རྙོག་ཟིང་དེ་ཡིད་ལ་འཁོར་སོང་། ཉིན་མཚན་དུས་དྲུག་ཏུ་བྱ་ཐབས་ཟད་པ་ཞིག་ཏུ་གྱུར།

ལྷ་ས་རུ་ཕྱི་ལོགས་ཀྱི་མགྲོན་པོ་མེད།

ཟླ་བདུན་པ་ནི་བོད་ལྗོངས་ཡུལ་བསྐོར་གྱི་དུས་ཚིགས་ཤིག་ཡིན་མོད། འོན་ཀྱང་ཡུལ་བསྐོར་གྱི་འགྲུལ་ལམ་ཁྲོད་དུ་མཐོང་བའི་ཕྱི་རྒྱལ་ཡུལ་བསྐོར་བའི་གྲངས་ནི་མཛུབ་མོས་བགྲང་ཐུབ་པ་ཞིག་རེད། མེ་འཁོར་ནང་དུ་མཐོང་བའི་ཌན་མག་གི་མི་ཁ་ཤས་དང་ཆང་ཁང་ནང་གི་ཉི་ཧོང་གི་ཡུལ་བསྐོར་བ་ཁ་ཤས་མ་གཏོགས་བར་སྐོར་ནས་ཉིན་ཕྱེད་ཅིག་ལ་བསྐོར་བ་བྱས་ཀྱང་ནུབ་ཕྱོགས་ཡུལ་བསྐོར་བའི་བཟོ་འདྲ་གཅིག་ཀྱང་མཐོང་རྒྱུ་མ་བྱུང་། སྣེ་བཤམས་པས་བཤད་རྒྱུར། ཕྱི་རྒྱལ་གྱི་མི་བོད་དུ་འགྲོ་ཆོག་པའི་ཆོག་མཆན་དེ་༥།༢༥་ཉིན་གྱི་རང་བསྲེགས་ཀྱི་གནས་ཚུལ་དེ་ནས་བཟུང་བཀག་ཟིན་པ་རེད། གློ་བུར་དུ་མཐོང་བའི་ཕྱི་རྒྱལ་བ་དེ་དག་གིས་ཡིག་ཆ་རྙིང་བ་བེད་སྤྱོད་བྱས་པས་རེད། ངས་ཕྱི་རྒྱལ་གྱི་ཡུལ་བསྐོར་བར་བཀག་འགོག་ཐེབས་ན་ཡང་ཧ་ལས་མི་དགོས། ཞེས་བཤད་པ་ཡིན། རྒྱལ་ནང་ནས་ཡུལ་བསྐོར་བ་བསྐོང་འགུག་གིས་ཁ་སྣོན་བྱས་ཡོད། མཇུག་འབྲས། སྣེ་བཤམས་པས་བཤད་རྒྱུར། ཏག་ཏག་ལྡོག་འདུག ལྕགས་ལམ་གྱི་ཁ་གྲངས་ཀྱང་ཉུང་དུ་བཏང་ཞིང་། མེ་འཁོར་རེ་རེ་ལ་སྒམ་ཁ་ཤས་ཤིག་ལས་མེད།འདི་འདྲ་བྱས་པ་ཡིན་ན་འཛིན་བྱང་ག་ལ་ཉོ་ཐུབ།

འདི་ལྟར་ཡུལ་བསྐོར་ལས་གནས་ཀྱི་ཡོང་འབབ་མར་ཆག་པ་མ་ཟད། ཐ་ན་བར་སྐོར་སྲང་ལམ་ཡང་སྟོང་བར་ལུས་སོང་། སྣེ་བཤམས་པས་བཤད་རྒྱུར། ཁོ་རང་ཉིད་ཀྱི་ཡོང་འབབ་ཀྱང་ལོ་སྔོན་མ་དང་བསྡུར་ན་གསུམ་ཆའི་གཅིག་ཙམ་རེད། དེ་ལྟ་ན་ཡང་ཁོང་གིས་བོད་མི་ཚོར་ལེ་བདའ་མི་བྱེད་ལ་སྲིད་གཞུང་ལ་ཡང་སྐྱོན་བརྗོད་མི་བྱེད། བསྐྱར་དུ་བཤད་རྒྱུར། དངོས་གནས་ཡང་བསྐྱར་རང་ལུས་མེར་བསྲེགས་མི་གཏོང་བར་ཤོག གླེང་མོལ་གཏིང་ཟབ་ཅིག་བྱས་རྗེས་ད་གཟོད་སྣེ་བཤམས་པས་བཤད་པའི་རང་བསྲེགས་ཀྱི་གནས་ཚུལ་དེ་ཕྱི་ཟླ་༥བའི་ནང་གཙུག་ལག་ཁང་གི་མདུན་ཐང་དུ་བྱུང་བ་དེ་འབའ་ཞིག་རེད་ལ། དེའི་སྔོན་ལ་བོད་མི་བཞི་བཅུ་ལྷག་གི་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་སྤུ་ཙམ་ཡང་ཤེས་མེད། ལྷ་སའི་གྲོང་ཁྱེར་དུ་གཙུག་ལག་ཁང་གི་མདུན་ཐང་ནས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དེ་ཁྱབ་ཡོད། བོད་མི་དེ་གཉིས་ཀ་སི་ཁྲོན་༼དོན་དངོས་ཐོག་གཅིག་ཀཱན་སུའུ་ཡི་ཡིན་པ་དང་གཅིག་སི་ཁྲོན་གྱི་རེད།༽གྱི་ཡིན་པ་དང་གཉིས་ཀ་གྲྭ་བ་རེད། ༼དོན་ངོ་མར་དེ་ཚང་མ་མ་རེད།༽ འོན་ཀྱང་། སྤྱིར་བཏང་གི་མི་སུ་ལ་ཡང་ཡོང་ཁུངས་ཀྱི་གནས་ཚུལ་གཞན་མེད་པར། ཚང་མ་བོད་ཕྱི་ལོགས་ཀྱི་གནད་དོན་ཞིག་ཏུ་སེམས།

ང་ཚོ་ཡང་ན་ཁོང་ཚོ།

སྣེ་བཤམས་པ་མང་ཆེ་བ་སི་ཁྲོན་ནས་བསླེབས་ཀྱི་ཡོད་མོད། ཁྲུང་ཆིན་གྱི་སྣེ་བཤམས་པ་དང་མི་འདྲ། ང་ཚོའི་སྣེ་བཤམས་པ་ཤའོ་ཡཱང་ཧུའུ་ནན་ནས་ཡོང་བ་རེད། འདི་རུ་ཁྲོན་ཡུའུ་ཕྱོགས་ཀྱི་མི་ཧ་ཅང་མང་། ངའི་ཧུའུ་ནན་གྱི་སྐད་ཀྱང་འདྲེས་མར་གྱུར་འདུག ཤའོ་ཡཱང་ནི་ཚད་ལྡན་སྦྱོར་བརྡར་གྱི་ཁྲོད་ནས་འཚར་ལོངས་བྱུང་བའི་ཆེད་ལས་སྣེ་བཤམས་པ་ཞིག་རེད། མཐོ་འབྲིང་གི་སྐབས་ནས་དགའ་ཕྱོགས་ས་ཁམས་ཡིན་པ་དང་། སློབ་གྲྭ་ཆེན་མོ་ཐོན་རྗེས་ཀྲང་ཅཱ་ས་མཚམས་སུ་ཐཱེ་ཝན་རུ་ཁག་ལ་སྣེ་ལེན་བྱས་ནས་བསྡད། རྗེས་ནས་བོད་དུ་བསླེབས་པ་རེད། ༢༠༠༨ ལོའི་ལྷ་སའི་རྙོག་ཟིང་གི་སྐབས་མ་རེད་དམ། ང་དེ་དུས་བསླེབས་ཡོད། ཕྱི་རོལ་ལ་རླུང་སྒྲ་ཙམ་ཡང་འགྲོ་མི་ཐུབ། བོད་ཀྱི་གྲོགས་པོར་ཁ་པར་བཏང་ནས་ཟ་མ་སྐྱེལ་དུ་བཅུག ལྷ་སའི་བོད་ཀྱི་གྲོགས་པོར་མཛའ་བརྩེ་ཆེ་བས་གནད་འགག་ཅི་ཡང་མེད།

གཙུག་ལག་ཁང་གི་ཐང་ཆེན་གྱི་བསིལ་གཡབ་རེ་རེའི་འོག་ཏུ་སོ་བལྟ་བྱེད་པའི་དམག་མི་དང་ཉེན་རྟོག་པ་འདུག ཡུལ་བསྐོར་བས་འདྲ་པར་རྩ་བ་ནས་བརྒྱབ་མི་ཆོག ཤའོ་ཡཱང་ནི་རང་ཉིད་ཀྱི་ལས་ཀ་ལ་ལྷག་བསམ་རྣམ་དག་ཡིན་པ་རྟོགས་ཐུབ། སྤྱིར་ཁོང་ནི་མཚོ་ངོས་ཀྱི་མཐོ་ཚད་དང་སྤྱི་ལོ་ལོ་རབས་བཅས་ལ་རང་ཁྱིམ་གྱི་རྒྱུ་ནོར་བགྲང་བ་བཞིན་རྒྱུས་མངའ་ཆེ། ཁོ་ཁྱོད་ཀྱིས་ཀྱང་བརྗེད་མེད་པའི་དོན་དེ་བརྗེད་པ་ཡིན་ན་རེ་ཐག་ཆད་ལ། གནད་འགག་དེ་དེ་བས་ཀྱང་མི་འདོན། པོ་ཏཱ་ལའི་ཐང་ཆེན་དུ་ཤའོ་ཡཱང་གིས་སྤྲོ་སེམས་ཁོལ་བའི་ངང་ང་ཚོ་བོད་ཞི་བའི་བཅིངས་འགྲོལ་གྱི་དྲན་རྟེན་རྡོ་རིང་ལ་ལྟ་རུ་འཁྲིད། ང་དངོས་གནས་འགྲོ་འདོད་མི་འདུག འདིའི་བཟོ་ལྟ་ནི་མེ་མདའི་བཟོ་ལྟ་མ་ཡིན་ནམ། ཞི་བ་ཟེར་བ་ཞིག་གང་ན་ཡོད་དམ། ཞེས་གང་དྲན་དུ་བཤད་པ་ཡིན། ཤཱའོ་ཡཱང་གིས་བཤད་རྒྱུར། མེ་མདའ་ཞིག་རེད། མེ་མདའ་ཡོད་པས་ད་གཟོད་ཞི་བདེ་བྱུང་བ་རེད་ཨང་། མེ་མདའི་ནང་དུ་སྲིད་ཀྱི་དབང་ཆ་འབྱུང་གི་ཡོད་ཟེར་ཏེ་ང་ལ་ཁ་གཏད་བཅགས་སོང་། ཡུད་ཙམ་ཞིག་ལ་ཁོང་གིས་དངོས་གནས་བཤད་ཀྱི་ཡོད་དམ་ཡང་ན་ལྡོག་སྟེ་བཤད་ཀྱི་ཡོད་རྟོགས་མ་སོང་།

ཡར་ཀླུང་རྒྱལ་རབས་ཀྱི་རྒྱལ་པོ་ངོ་སྤྲོད་བྱེད་སྐབས། ཤཱའོ་ཡཱང་གིས་ང་ཚོ་ཞེས་བཤད་སོང་། དཔེར་ན། ང་ཚོའི་སྲོང་བཙན་སྒམ་པོ། ཉིན་དེར་ངས་བཤད་རྒྱུར། སྟག་དགྲ་ཀླུ་གོང་གི་དྲན་རྟེན་རྡོ་རིང་ལ་ལྟ་འདོད།༼དོ་སྣང་། ཐུ་བྷོད་བཙན་རྒྱལ་གྱིས་ཐང་རྒྱལ་རབས་ཕམ་པར་བརྒྱབ་པའི་དྲན་རྟེན་རྡོ་རིང་སྟེ། ཕྱི་ལོ་༧༦༣ལོར་ཁྲང་ཨན་བཅོམ་པ།༽ གང་དུ་ཡོད་མེད་མི་ཤེས། ཤཱའོ་ཡཱང་གིས་བཤད་རྒྱུར། ཟུར་དེ་མཐོང་ཐུབ། དྲན་རྟེན་རྡོ་རིང་དེ་ནི་ཐུ་བྷོད་ཀྱིས་ཁྲང་ཨན་བཅོམ་པའི་དྲན་རྟེན་རྡོ་རིང་རེད། དེ་ནི་ང་ཚོ་རྒྱལ་ཁབ་ཀྱི་ངོ་ཚ་རེད། དེང་སང་མཐའ་བསྐོར་ནས་ལྟ་ཆོག་གི་མེད། སྣེ་བཤམས་པས་ཀྱང་ཡུལ་བསྐོར་བར་ངོ་སྤྲོད་བྱས་མི་ཆོག
བདག་གི་སེམས་སུ། ཐ་ན་བཙན་པོ་ཆ་ཚང་ང་ཚོ་མ་རེད་དམ། ཁྱིམ་ཚང་གཅིག་རེད། ཡང་ཁོང་ཚོར་ཇི་ལྟར་གྱུར་བ་རེད་དམ། བལྟས་ཡོང་ན་འདི་ནི་ང་ཚོ་དང་ཁོང་ཚོའི་གནད་དོན་རེད། བོད་མི་དང་གྲོགས་བསྒྲིགས་པའི་ཤཱའོ་ཡཱང་ད་དུང་ཅུང་ཟད་བློ་རྩེ་གཉིས་ཤིག་རེད།

རྒྱ་ནག་པ་གཞན་དང་བསྡུར་ནས་བཤད་ན་འདི་ལྟ་བུའི་བློ་རྩེ་གཉིས་ཤིག་མེད། ང་ཚོ་དང་ཁོང་ཚོ། ཕྱོགས་གཉིས་ཀའི་དབྱེ་མཚམས་གསལ་གསལ་ཐིང་ཐིང་ཡིན་པ་མ་ཟད་ལས་སླ་བོར་མཉམ་བསྲེས་མི་ཐུབ། རྒྱུན་དུ་བྱང་ཕྱོགས་ནས་ཡོང་བའི་ཡུལ་བསྐོར་བས་སྐད་ཤུགས་ཆེན་པོས་བཤད་རྒྱུར། ་་་་་་མི་འགྲིགས་ན་དྲག་གནོན་བྱོས། སུ་ལ་སྐྲག་དགོས་སམ། སུ་ལ་དྲག་གནོན་བྱ་དགོས་སམ། ཕལ་ཆེར་ཁོང་ཚོ་ཡིན་ངེས། ཧཱི་ནན་ནས་ཡོང་བའི་གླ་བྱེད་རླངས་འཁོར་ཁ་ལོ་བས་ང་ཚོ་མཐོང་མ་ཐག་ནས་ང་ཚོ་ང་ཚོ་རུ་བརྩིས་སོང་། བོད་མིས་འཛམ་གླིང་ཡོངས་ཀྱི་ཆེས་ལེགས་པའི་ཕན་བདེ་ལེན་པ་སྟེ། བསྐོར་བ་རེ་བྱེད་པ་དང་། ཇ་མངར་མོ་རེ་བཏུང་བཞིན། ད་དུང་རང་བཙན་གྱི་སྐད་འབོད་བྱེད། ངས་ཉིན་གཅིག་ལ་ལས་ཀ་མ་བྱས་ན་སྒོར་མོ་མེད། འདི་ལ་ད་དུང་གནས་ལུགས་ཤིག་ཡོད་དམ།

ཁོམ་གཏམ་བཤད་ཐེངས་ཤིག་ལ་ཤཱའོ་ཡང་གིས་གླེང་རྒྱུར།དེང་སྐབས་བོད་དུ་ལམ་ཡིག་བཟོ་བར་མཚམས་འཇོག་བྱས་འདུག མ་ཟད་བོད་མིའི་ལམ་ཡིག་འདིས་མི་ཚང་མར་ལམ་ཡིག་བཟོ་བར་བཀག་རྒྱ་ཐེབས་ཡོད། ཁྲུང་ཆིན་གྱི་ཁ་ལོ་བས་མུ་མཐུད་ནས་བཤད་རྒྱུར། ལོ་མང་པོའི་སྔོན་ལ་ལྷ་སར་ཡོང་བའི་ཁྲུང་ཆིན་གྱི་མཐོ་སློབ་ལ་རྒྱུགས་སྤྲོད་པའི་གནས་སྤོས་ཡུལ་མི་ཞིག་སྟེ། སྔོན་མ་ནས་ཕྲུ་གུ་ཡང་སྐྱེས་ཟིན། ཉེ་ལམ་ལམ་ཡིག་བཟོ་མ་ཐུབ་པར་ཡང་བསྐྱར་ཁྲུང་ཆིན་ལ་ཁྱིམ་ཐོ་བསྐྱར་གསོ་བྱེད་དུ་ཕྱིན། འོན་ཀྱང་། འདི་ནི་དེ་བས་ཀྱང་བཟོ་དཀའ་བ་སྟེ། སྡུག་གི་སྟེང་དུ་སྡུག་བརྩེགས་པ་རེད། བལྟས་ཡོང་ན་མཐོང་ཡུལ་དུ་གྱུར་བའི་ལམ་ཡིག་བཟོ་མཚམས་བཞག་པའི་གནད་དོན་སྟེང་། ཏན་ཏན་ང་ཚོ་དང་ཁོང་ཚོའི་དབྱེ་བ་མི་འདུག ཚང་མས་དཀའ་སྡུག་མཉམ་དུ་མྱོང་གི་འདུག

མུ་འགོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 3 བཀོད་འདུག

3 Responses to བོད་བསྐྱོད་མཐོང་ཐོས། (སྔ་མ)

  1. ༼གྲོགས་པོ་ཆུང་ཆུང་ཞིག་གིས་བོད་མོ་ཞབས་ཞུ་མ་ཞིག་ལ་ཁོང་ཁྲོ་ལངས་སོང་།༽
    ལངས་ནི་བྱེད་མེད་ལས་ཚིག་དང་བྱེད་འབྲེལ་ལ་བསླངས་འབྲི་དགོས་པ་རེད།

  2. བློ་བཟང་ཀླུ་སྒྲུབ་ ནས།

    སྣེ་བཤམས་པ་ཟེར་བ་དེར སྣེ་ཤན་པ་ཟེར་བ་ཡིན་

  3. གཡང་འབུམ་ ནས།

    རྣམ་པ་གཉིས་ཀྱིས་ཡིག་ནོར་དག་བཅོས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ།
    རྗེས་མར་མུ་མཐུད་ནས་མཛུབ་སྟོན་དང་རྒྱབ་སྐྱོར་གནང་བའི་རེ་བ་ཡོད།

Write a Reply or Comment

Your email address will not be published. Required fields are marked *

*