བོད་ལ་རེ་བ་བཅང་ཆོག་པའི་རྒྱུ་མཚན་ལྔ།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
རྩོམ་པ་པོ་བསྟན་རྡོར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

བདུན་ཕྲག་སྔོན་མར་ཕེ་རུའུ་ས་ཆ་ནས་མང་གཙོའི་ཚོགས་འདུ་ཞིག་ལ་ཞུགས་སྐབས་ང་རང་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་ལས་འགུལ་བ་དང་གསར་འགོད་པ། གྲོས་ཚོགས་ཀྱི་འཐུས་མི། ཆབ་སྲིད་བཙོན་པ་བཅས་ལ་ཐུག་པ་ཡིན། ངས་སྐད་ཆ་བཤད་སའི་ཁྲོད་ཀྱི་ཁོ་ཚོ་མང་ཆེ་ཤོས་ཀྱིས་བོད་ཀྱི་སྐོར་ལ་གནད་དོན་གཅིག་ཤེས་འདོད་འདུག དེ་ནི་ཐོན་ལ་ཉེ་བའི་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་གྱིས་བོད་ལ་འགྱུར་བ་གཏང་གི་རེད་དམ། ཧའོ་ཅིན་ཐོ་ཡིས་འགྱུར་བ་མ་བཏང་བ་ཞིག་ཞི་ཅིན་ཕིན་གྱིས་འགྱུར་བ་གཏོང་གི་རེད་དམ་ཞེས་པ་འདི་རེད། “སྲིད་དབང་སྒེར་འཛིན་པ་ཚོས་འགྱུར་བ་གཏོང་གི་མ་རེད།” ངས་ཁོང་ཚོ་ལ་འདི་ལྟར་དྲན་སྐུལ་བྱས་པ་ཡིན། “འགྱུར་བ་གཏོང་མཁན་ནི་མི་དམངས་རེད། ཁོང་ཚོས་སྲིད་དབང་སྒེར་འཛིན་པ་ཚོའི་ལག་པ་དག་བཙན་སྐུལ་བྱས་ཏེ་འགྱུར་བ་གཏོང་གི་ཡོད།”

བསམ་ཚུལ་འདིའི་ཐོག་ནས་བཤད་ན། བོད་ལ་སྔ་ས་ནས་འགྱུར་བ་ཐེབས་ཡོད། ཡིན་ནའང་། སྐབས་འདིར་འགྱུར་བ་འདི་དོ་སྣང་བྱེད་ཁག་པོ་ཡིན་སྲིད། གང་ཡིན་ཞེ་ན། རྒྱ་ནག་གི་དྲག་གནོན་འཕར་མ་འདིས་རང་ལུས་མེར་བསྲེགས་ཀྱི་ངར་ཤུགས་ཇེ་ཆེར་གཏོང་གི་ཡོད་པ་ལ་བརྟེན་བོད་འདི་མེ་ལྕེའི་ནང་ལ་འཐིམ་སྡོད་ཡོད་པས་རེད། འདས་པའི་བདུན་ཕྲག་འདི་གཅིག་པུའི་ནང་བོད་མི་བདུན་གྱིས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱེད་ཆེད་རང་ལུས་གཞོམ་བསྲེགས་བྱས་སོང་། འདས་ཟིན་པའི་ཟླ་བ་བཅུ་གཉིས་ནང་རོབ་རྩིས་བྱས་ན་བོད་མི་དྲུག་ཅུས་རང་དབང་གི་དོན་དུ་རང་ལུས་མེར་བསྲེགས་བྱས་ཡོད་པ་རེད། ༼༡༽ འདི་ཡི་དོན་ནི་ཉིན་དྲུག་རེའི་ནང་བོད་མི་རེ་མེ་ལ་སྦར་ཡོད་པ་རེད།

རང་ལུས་མེར་བསྲེགས་ཀྱི་རླབས་རྒྱུན་འདི་ཡིད་སྐྱོ་བ་ཞིག་ཡིན་ནའང་། ང་ཚོས་ངེས་པར་དུ་གསར་གནས་འགོ་བརྗོད་དག་ལས་བརྒལ་བའི་བརྗོད་གཞི་དག་ལ་བལྟས་ཏེ་བློ་སྟོབས་ཧ་ཅང་རྒྱས་པར་བྱེད་པའི་མཉམ་འབྲེལ་མི་བྱེད་པའི་གསར་གནས་དང་རིག་གཞུང་གི་རིག་གནས་བསྐྱར་དར། གསར་སྐྲུན་རང་བཞིན་གྱི་འགོག་རྒོལ་བཅས་ཀྱི་བྱུང་རབས་དག་ལ་ཉན་དགོས། འདི་དག་གིས་བོད་ཀྱི་འཐབ་རྩོད་རིང་ལུགས་ཀྱི་བྱ་གཞག་འདི་འགྱུར་ལྡོག་བཏང་སྟེ་བོད་འདི་ཕྱིར་སློག་མི་ཐུབ་པའི་འགྱུར་བ་ཞིག་བཏང་ཡོད། བོད་པའི་འགོག་རྒོལ་གྱི་གཞི་དབྱིབས་ཆེན་པོའི་ནང་དུ་རྒྱ་ནག་གིས་སྔ་ས་ནས་བོད་འདི་ཤོར་ཡོད། དེའི་བོད་ཀྱི་དབང་སྒྱུར་ད་དུང་ཡང་མཐའ་གཅིག་ཏུ་དམག་དོན་གྱི་ངོ་བོར་གནས་ཡོད་ཅིང་། དམག་དོན་གྱི་ངོ་བོ་དེ་ཧ་ཅང་ཚད་ལས་བརྒལ་བར་ཆགས་ཡོད། བོད་ཀྱི་ལོ་རྒྱུས་ནང་གི་དཀའ་ཚེགས་ཆེ་བའི་ལེའུ་འདིའི་ཁྲོད་ནས་མ་འོངས་བོད་ཀྱི་སྐོར་ལ་རེ་བ་བཅང་ཆོག་པའི་རྒྱུ་མཚན་མང་པོ་ཡོད་པ་དྲན་དགོས་པ་ཧ་ཅང་གལ་ཆེན་པོ་རེད། རྒྱུ་མཚན་དེ་ཚོ་ལས་ལྔ་གཤམ་གསལ་ལྟར།

རྒྱུ་མཚན་དང་པོ། རང་དབང་ནི་ཁྱབ་གདལ་ཆེ་བ་ཞིག་ཡིན།

འབར་མ་ནས་ཊོ་ནི་ཤི་ཡཱ། ཊོ་ནི་ཤི་ཡཱ་ནས་ཡེ་མན། ཡེ་མན་ནས་ཨེ་ཇིབ་བར་དམངས་གཙོའི་རང་ལུགས་གྱི་སྟོབས་ཤུགས་དག་ལ་རྒྱལ་ཁ་ཐོབ་ཀྱིན་ཡོད། སྲིད་དབང་སྒེར་འཛིན་ནས་དམངས་གཙོ་ལ་འཕོ་འགྱུར་གནང་སྐབས་སམ་བདག་བཟུང་ནས་རང་དབང་གི་ཕྱོགས་སུ་འཕོ་འགྱུར་གཏོང་དུས་དེ་ལ་དེ་ཡི་ཁ་གཏད་དག་ཡོད་པ་བརྗོད་མ་དགོས་བ་ཞིག་རེད། ཡིན་ནའང་། བོད་པ་ཚོ་ཁ་གཏད་འདི་དག་ལ་རྩོད་ལེན་བྱེད་པར་འདོད་པ་ཆེན་པོ་ཡོད་པ་རེད། འཛམ་གླིང་གི་ཡུལ་གྲུ་གང་སར་རང་དབང་དར་ཁྱབ་འགྲོ་བཞིན་ཡོད་དུས་སྲིད་དབང་སྒེར་འཛིན་དག་གི་སྤུན་གྲོགས་འབྲེལ་བ་དེ་གྲོགས་མེད་ཁེར་རྐྱང་ལ་འཕེལ་བཞིན་ཡོད། འཛམ་གླིང་གང་སར་རང་དབང་དང་དམངས་གཙོའི་སྐྱེ་སྟོབས་འཚར་ལོངས་འགྲོ་བཞིན་ཡོད་པ་འདི་ཡིས་རྒྱ་ནག་དང་བོད། ད་དུང་ཤུལ་དུ་ལྷག་ཡོད་པའི་རིམ་པ་རེ་རེའི་ཉེན་རྟོག་པའི་རྒྱལ་ཁབ་དག་སྟེ་སེམས་ཁམས་རིག་པ་དང་སྤྱི་ཚོགས། རིག་གཞུང་དང་ཆབ་སྲིད་ཀྱི་རིམ་པ་སོ་སོ་ལ་ཤུགས་རྐྱེན་འཇོག་གི་རེད། རྒྱ་ནག་གིས་རང་དབང་མེད་པའི་འཇིག་རྟེན་གྱི་འགོ་ཁྲིད་ཀྱི་ཡོད། ཡིན་ཡང་། འཇིག་རྟེན་འདི་ད་ལྟ་འཁུམ་ནས་འགྲོ་བཞིན་ཡོད། འདིས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ནང་གི་སྟངས་འཛིན་དང་རྒྱ་ནག་གི་རྒྱལ་སྤྱིའི་ཁྲིམས་མཐུན་གྱི་རང་བཞིན་དེ་རིམ་པའི་ཟད་ནས་འགྲོ་བའི་རྐྱེན་བྱེད་ཀྱི་ཡོད།

རྒྱུ་མཚན་གཉིས་པ། བོད་ནང་གི་མཉམ་འབྲེལ་མི་བྱེད་པའི་ལས་འགུལ།

སྲོལ་རྒྱུན་ལྟར་ཉེན་ཁ་ཧ་ཅང་ཆེ་བའི་ངོ་རྒོལ་ཐབས་ཇུས་དག་ལ་བརྟེན་མཁན་གྱི་བོད་མི་ལས་འགུལ་བ་ཚོས་ད་ལྟ་ཁོང་ཚོའི་གོ་མཛོད་ནང་ཉེན་ཁ་ཆུང་ཡང་ནུས་ཤུགས་ཆེ་བའི་མཉམ་འབྲེལ་མི་བྱེད་པའི་བྱ་སྤྱོད་དང་ཁར་ཐུག་གིས་བར་ཆད་བཟོ་བའི་ཐབས་ལམ་དག་ཁ་སྣོན་བྱེད་ཀྱི་ཡོད་དེ། ཁོང་ཚོས་རྒྱ་ནག་གི་ཚོང་ལས་དང་བསྟི་གནས་དག་ལ་འབྲེལ་ཐག་གཅོད་པའི་ངོ་རྒོལ་གནང་གི་ཡོད། དཀར་མཛེས་དང་རྔ་བ་རུ་བོད་མི་ཚོས་རྒྱ་མིའི་ཟ་ཁང་དག་ལ་མི་འགྲོ་བར་བོད་པའི་ཟ་ཁང་དག་ལ་རྒྱབ་སྐྱོར་བྱེད་པར་འདེམས་ཀྱི་ཡོད། འདི་ནི་གནྡྷིའི་དཔལ་འབྱོར་མཉམ་འབྲེལ་མི་བྱེད་པའི་དཔེ་མཚོན་ཞིག་རེད། བོད་ཤར་ཕྱོགས་ཀྱི་ཁ་བ་དཀར་པོ་རུ་རྒྱ་མིའི་གཏེར་ཁ་སྔོག་འདོན་གྱི་མཉམ་འདུས་ཁེ་ལས་དག་ལ་ཐང་ཆད་དེ་བོད་མི་གྲོང་གསེབ་པ་ཚོས་ཨ་སྒོར་འབུམ་གསུམ་ཅན་གྱི་གཏེར་ཁ་སྔོན་འདོན་གྱི་ཡོ་ཆས་ཤིག་གཙང་བོའི་ནང་ལ་གཡུགས་འདུག འདི་ནི་ཁར་ཐུག་བར་ཆད་ཀྱི་དཔེ་མཚོན་ཞིག་རེད། འཚེ་མེད་ཞི་བའི་ཐབས་ཇུས་ཡོད་ཚད་དག་གི་ཁྲོད་ནས་མཉམ་འབྲེལ་མི་བྱེད་པའི་བྱ་སྤྱོད་དང་ཁར་ཐུག་བར་ཆད་གཏོང་བའི་བྱ་སྤྱོད་གཉིས་ལ་གཉའ་གནོན་གྱི་ག་བ་དུམ་བུར་གཏོང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་ཡག་ཤོས་དེ་ཡོད་པ་རེད།

རྒྱུ་མཚན་གསུམ་པ། ལྷག་དཀར་ལས་འགུལ་གྱིས་རིག་གཞུང་ནི་མཚོན་ཆ་རུ་སྒྱུར་བཞིན་ཡོད།

ལྷག་དཀར་ནི་གཞི་རིམ་སྤྱི་ཚོགས་ནས་རིག་གཞུང་སྤྱད་དེ་རང་དབང་གོང་འཕེལ་དུ་གཏོང་བའི་ལས་འགུལ་ཞིག་ཡིན་ཞིང་། དེ་ཡིས་རྒྱ་ནག་དབང་སྒྱུར་པ་ཚོ་ལས་དབང་ཆ་བརྗེ་ལེན་གྱིས་བོད་མི་རེ་རེའི་ལག་ལ་མཁོ་སྤྲོད་གནང་གི་ཡོད། ལྷག་དཀར་གྱིས་རྒྱ་ནག་གིས་བོད་ཀྱི་རིག་གཞུང་གཙང་སེལ་བཟོ་བར་ལོ་ངོ་ལྔ་བཅུའི་རིང་ལས་འགུལ་སྤེལ་བ་ཁ་ཕྱོགས་བརྗེས་ཡོད། བོད་མི་ཚོས་སྤོབས་པ་ཆེན་པོའི་ཐོག་ནས་ཁོང་ཚོའི་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་ཞིང་། བོད་སྐད་བཤད་ཅིང་བོད་ཡིག་ནང་ལ་འབྲི་གིན་ཡོད། སྒྱུ་རྩལ་དང་རྩོམ་རིག སྙན་ངག རོལ་དབྱངས་བཅས་སྤྱད་དེ་ཁོང་ཚོའི་རང་དབང་གི་མངོན་འདོད་མཚོན་གྱི་ཡོད་ཅིང་། ཏཱ་ལའི་བླ་མ་ལ་དད་པ་ཡོད་པ་མཚོན་གྱི་ཡོད་པ་རེད། བོད་ནང་དུ་གླུ་གཞས་དང་དཔེ་དེབ། ཆབ་སྲིད་ཀྱི་གཞས་ཚིག་ཅན་གྱི་རོལ་དབྱངས་བརྙན་པར་དག་བྲིན་ཤོས་ཆགས་ཀྱི་ཡོད་པ་རེད། དེ་ནི་བོད་ནང་ལ་དེང་རབས་ཀྱི་བོད་ཀྱི་རིག་གནས་བསྐྱར་དར་གྱི་རྟགས་མཚན་ཞིག་སྟོན་གྱིན་ཡོད། མི་སེར་སྤེལ་ཡུལ་ངོ་རྒོལ་གྱི་འཐབ་རྩོད་དག་གི་ནང་དུ་གྲུབ་འབྲས་ལྡན་པའི་གསར་བརྗེ་དག་རིག་གནས་བསྐྱར་དར་གྱིས་སྔ་རོལ་དུ་བྱུང་བཅུག་ཡོད། རིག་གནས་བསྐྱར་དར་དེ་ད་ལྟ་བོད་ནང་དུ་འབྱུང་བཞིན་ཡོད། ལྷག་དཀར་གྱིས་དེ་ནི་ལས་སླ་བོར་དང་རིན་གོང་དམའ་རུ་བཏང་ཡོད། མི་ཚང་མ་འཐབ་རྩོད་རིང་ལུགས་འདིའི་ནང་ལ་ཞུགས་ཆོག འདི་ལྟར་རྒྱ་གཞུང་ལ་ཕུགས་རྒྱང་རིང་པོའི་རིན་གོང་དེ་ཇེ་ཆེར་གཏོང་གི་ཡོད། དབང་སྒྱུར་དཀའ་བའི་བོད་མཐོ་སྒང་ནས་རྒྱ་ནག་གི་ཕྱིར་བཤོལ་གཏན་ནས་ཇེ་སྙོམ་དུ་འགྲོ་ཡོད་པ་མ་རེད་ལ་བོད་པའི་འགོག་རྒོལ་ཡང་གཏན་ནས་སྟོབས་ཤུགས་ཇེ་ཆེར་སོང་ཡོད་པ་མ་རེད།

རྒྱུ་མཚན་བཞི་བ། དྲ་རྒྱ= གནས་ཚུལ= རང་དབང་།

རྒྱ་གཞུང་གིས་བོད་རྒྱ་མི་རིགས་བསྡམས་ནས་འདུག་པར་དེའི་གཅིག་སྡུད་སྲིད་གཞུང་གིས་གནས་ཚུལ་ཐོག་ལ་སྟངས་འཛིན་དང་རང་གི་མི་དམངས་མུ་མཐུད་བླུན་རྨོངས་བཟོ་བའི་ནུས་པ་ལ་ཐུག་ཡོད་པ་རེད། དེང་སྐབས་དྲ་རྒྱའི་བཀའ་དྲིན་ལ་བརྟེན་སྟངས་འཛིན་འདི་གས་ཆག་སླ་པོ་ཞིག་ལ་གྱུར་ཡོད། ད་ལྟ་གནས་ཚུལ་གྱི་ཁྱབ་རྒྱའི་མྱུར་ཚད་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་སྟབས་རྒྱ་གཞུང་འདས་པའི་ལོ་ངོ་བཅུ་དང་བསྡུར་ན་རང་གི་མི་དམངས་ཁྲོད་ནས་ཆེས་འཇིགས་སུ་རུང་བའི་དགྲ་བོ་ཞིག་ལ་འཕྲད་ཀྱིན་ཡོད། པེ་ཅིན་གྱི་ཞིབ་བཤེར་ཡོ་བྱད་འཆར་ཅན་དུ་ཁ་ཞེ་གཉིས་མེད་ཀྱི་དྲང་བདེན་འཚོལ་མཁན་རྒྱ་བོད་དྲ་དམངས་དག་གིས་ཕམ་ཉེས་སུ་གཏོང་གི་ཡོད་ཅིང་ཁོང་ཚོས་རྒྱ་ནག་གི་ཆ་འཕྲིན་ལྕགས་རི་ལ་དགག་བྱ་གནང་གི་ཡོད་པ་རེད།

རྒྱུ་མཚན་ལྔ་བ། སྲིད་དབང་སྒེར་གཅོད་རིང་ལུགས་ཀྱང་ལོ་རྒས་ནས་འཆི་རྒྱུ་ཡོད་པ་རེད།

གཅིག་སྡུད་ལམ་ལུགས་འདི་ནི་ཕུ་མཐའ་མེད་པའི་ལམ་བུ་ཞིག་རེད། རྒྱ་ནག་དམར་ཕྱོགས་ཚོགས་པས་རང་གི་ལམ་ལུགས་ལ་ཤ་གཅུས་བརྒྱབ་ནས་ད་ལྟའི་བར་གནས་ཐུབ་པ་བྱུང་ཡོད། ཡིན་ཡང་། ཤ་གཅུས་དེ་དག་གིས་ད་ནི་སྲིད་གཞུང་འདི་ཇེ་ཆེར་འགྲོ་བཞིན་པའི་སྤྱི་དམངས་ཟིང་འཇགས་དང་ཁོར་ཡུག་གཏོར་བརླག རྒྱུན་ལྡན་གྱི་ལྐོག་ཟ་རུལ་སུངས་། ག་ལེར་འཕེལ་བའི་དཔལ་འབྱོར་ལས་སྐྱོབ་བའི་ནུས་པ་འདང་གི་མེད། རྒྱ་ནག་གི་མཁས་པ་ཕའེ་མིན་ཞིན་གྱིས་བརྗོད་ན། ཚོགས་པ་གཅིག་གི་སྒེར་གཅོད་རིང་ལུགས་དག་གི་རྩ་བའི་སྒྲོམ་གཞི་ལ་ལྷན་སྐྱེས་ཀྱི་སེར་ག་ཡོད་པ་རེད། དེ་དག་གིས་ཐ་ན་ཆེས་རིང་པོར་སྡོད་ཐུབ་མཁན་གྱི་སྲིད་དབང་དག་ཡིན་ནའང་ལོ་བཅུ་ཕྲག་ཁ་ཤས་ལས་བརྒལ་བ་འཚོ་གནས་བྱེད་མི་ཐུབ་པའི་ཚད་བཀག་བཟོས་ཡོད། ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ལོ་༧༤ཐོག་འཐོར་ཞིག་ཏུ་ཕྱིན་པ་རེད། མཱེ་ཁུ་སིན་ཁིན་སྲིད་དབང་ལོ་༧༡་ཐོག་བསྣུབས་པ་རེད། གོ་མིན་ཏང་ལོ་༧༣་ཐོག་ཚལ་བར་བཀད་ཡོད་པ་རེད། རྒྱ་ནག་དམར་ཤོག་ཚོགས་པ་ད་ལྟ་ལོ་༦༡་རེད། གལ་ཏེ་དེར་གསོན་གནས་ཀྱི་རླུང་རྟ་ཡོད་ན། ཁོ་རང་ལ་འཚོ་སྡོད་ཀྱི་དུས་ཡུན་ལོ་ངོ་བཅུ་ལས་ཅུང་ཙམ་མང་པ་ཡོད་པ་རེད། སྐུ་ཞབས་ཕའེ་ཡིས་དེ་ལྟར་རྩོད་པ་རྒྱག་གི་ཡོད་པ་རེད།

ད་ལྟ་ང་ཚོ་ཡིད་ཐང་ཆད་པའི་དུས་མ་རེད། ད་ནི་ལས་འགུལ་སྤེལ་ཏེ་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་རྩེ་མོར་སླེབ་འཇུག་དགོས་པའི་དུས་རེད། ཨེ་ཤ་ཡའི་ཆུ་བོ་འབྱུང་ཁུངས་ལ་སྲུང་སྐྱོབ་དང་འཛམ་གླིང་གི་མི་འབོར་ཆེས་ཆེ་ཤོས་དང་རྡུལ་ཕྲན་མཚོན་ཆ་ཅན་གྱི་རྒྱལ་ཁབ་གཉིས་ཀའི་དབར་དུ་བར་གནས་ཤིག་མཁོ་སྤྲོད་གནང་བ་ཡིིན་ན། རང་དབང་ལྡན་པའི་བོད་ཅིག་གིས་འཚེ་མེད་ཞི་བ་ནི་རྩོད་རྙོག་ཐག་གཅོད་བྱེད་དང་བཙན་གནོན་ལ་འཐབ་རྩོད་བྱེད་སྤྱད་ཀྱི་བླ་མེད་ཀྱི་མཚོན་ཆ་དེ་ཡིན་པ་ར་སྤྲོད་གནང་གི་རེད།

སྒྱུར་མཁན་གྱི་མཆན།
༡ .https://www.studentsforafreetibet.org/about-tibet/self-immolations
༢. http://www.huffingtonpost.com/tenzin-dorjee/www.lhakar.org
༣. http://thediplomat.com/2012/10/01/is-chinas-communist-party-doomed/2/
༤. https://www.studentsforafreetibet.org/

(བསྟན་རྡོར་ལགས་ནི། རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དང་རྩོམ་པ་པོ། བོད་དོན་དཔྱད་བརྗོད་པ་བཅས་ཡིན་ལ། ཁོང་ཨ་རིའི་ནེའུ་ཡོག་ཏུ་བཞུགས་ཀྱི་ཡོད་།)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to བོད་ལ་རེ་བ་བཅང་ཆོག་པའི་རྒྱུ་མཚན་ལྔ།

  1. གཅན་སྣང་བ་ཚེ་རིང་བཀྲ་ཤིས་ ནས།

    རྩོམ་གྱི་སྤྱིའི་ནང་དོན་དང་ཐ་སྙད་ཁག་ཅིག་ཏག་ཏག་ཞིག་བསྒྱུར་ཐུབ་མེད་པའི་ཚོར་སྣང་བྱུང་།  བསམ་ཚུལ་ཙམ་ཡིན།  

  2. བཀུར་འོས་ཚེ་རིང་བཀྲ་ཤིས་ལགས།

    སྐུ་ཉིད་ཀྱི་བསམ་ཚུལ་དེ་ཁ་གསལ་ཙམ་བྱས་ནས་བརྗོད་ཐུབ་བམ། ལྷག་པར་དུ། དཔེ་མཚོན་དང་བཅས་དེ་ལབ་ཐུབ་ན། དེས་ང་ཚོའི་ལས་དོན་ལ་ཕན་ཐོགས་འདུག
    དེ་ལྟར་གནང་རོགས་ཞུ།

    སྐར་ཁུང་རྩོམ་སྒྲིག་པས།
    http://www.karkhung.com
    karkhungeditor@gmail.com

Write a Reply or Comment

Your email address will not be published. Required fields are marked *

*