སྙན་ངག་པ་ཨ་འཇམ་དབྱངས་ཚུལ་ཁྲིམས་ལ་བཅར་འདྲི།

བཅར་འདྲི་ཞུ་མཁན། སྐར་ཁུང་དྲ་བ།
བཅར་འདྲི་ཞུ་ཡུལ། ཨ་འཇམ་དབྱངས་ཚུལ་ཁྲིམས།

སྐར་ཁུང་།
ཐོག་མར་ཁྱེད་རང་སྙན་ངག་འབྲི་བའི་ལམ་དུ་ཞུགས་པར་དམིགས་བསལ་གྱི་རྒྱུ་རྐྱེན་ཅི་ཡོད་དང་ད་བར་གྱི་གྲུབ་འབྲས་ལ་ངོས་འཛིན་ཇི་ལྟར་གནང་གི་ཡོད་དམ།

ཨ་འཇམ།
སློབ་ཆུང་གི་ཅོག་ཙེ་རྙིང་བའི་སྟེང་གི་ཀ་ཕྲེང་གི་ལས་བྱའམ་ནང་ལས་འཁྱར་འཁྱོར་བཀོད་པ་དེ་ནི་ཐོག་མའི་དབྱངས་གསལ་མཛེས་ཉམས་སུ་མངོན་པའི་ས་བོན་རེད། སྐབས་དེའི་སྙན་ངག་ལ་དགེ་རྒན་གྱི་བསྔགས་བརྗོད་སྐམ་པོ་ཞིག་གིས་བརྒྱན་པས་དེ་བས་ཀྱང་བྱིས་པའི་འཕྲུལ་སྣང་གི་གཤོག་པ་དེས་ཚད་མེད་པའི་གཤོག་པ་ཐོགས་པར་བྱས། དེ་ནས་བྱིས་པའི་དགའ་སྣང་དེ་རྫི་གླུ་དང་གཏམ་དཔེར་འདྲེས་ཤིང་། སྟོན་བཤད་དང་ས་བསྟོད་སོགས་འདྲེས་ནས་ཡུན་གྱིས་དུས་དེབ་རྙིང་བའི་ཟུར་གའི་ཚིག་ རྒྱན་ཁ་ཤས་ཀློག་པའི་འཇུ་སྟོབས་རན་ཙམ་བྱུང་། ག་ལེར་མི་སུས་ཀྱང་ཚོར་ཐབས་མེད་པའི་ཁྲོད་དུ་སྙན་ངག་གི་རྐང་ཁ་ཡོར་བོ་ཡང་ཅུང་ ཟད་ཚུགས་པར་གྱུར་བའི་ཉམས་སྣང་ཞིག་མཆིས་ཀྱང་། དེ་ནི་བྱིས་པའི་ལོ་ཟླ་དང་རྦད་དེ་འདྲེས་པས་སྙན་ངག་ཅིག་ལྕི་ཚད་ཀྱི་ཆ་ནས་ཧ་ཅང་ རྒྱང་ཐག་རིང་བའི་གྲ་སྒྲིག་གི་གོ་རིམ་ཙམ་ལས་ཅི་ཡང་མིན།
བདག་གིས་སྙན་ངག་ལ་ཁེེར་ཚུགས་ཀྱིས་བཙན་འཛུལ་དང་འཇབ་རྒོལ་གྱི་ནུས་པ་ཐོག་མར་བཏོན་པ་ནི་ཕྱི་ལོ༡༩༩༥ལོ་དཀྱིལ་ཙམ་ནས་བརྩམས་པ་ཞིག་ཡིན། ༡༩༩༧ ལོའི་སྔ་གཞུག་ལ་ཆེད་དུ་རང་ཉིད་སྙན་ངག་གིས་དམ་ལ་བཏགས་པའི་གཙུབ་བརྡར་ཆེ་བའི་ དུས་སྐབས་ཤིག་ཀྱང་རེད། སྐབས་དེ་ཤེད་དུ་སྙན་ངག་གི་ཕྱིར་དུ་རང་ཉིད་ཀྱི་ཁང་སྒོ་ཕྱི་རུ་སྒོ་ལྕགས་གཏན་ ཏེ་ནང་ནས་སྙན་ངག་ཉན་པ་དང་ཀློག་པ། འབྲི་བ་སོགས་ཀྱི་སྒེར་གྱིས་སྒྲིག་རིམ་གྱི་རེའུ་མིག་འཁོར་ལོ་རྙིང་བར་བྱེད་པའི་བཙོ་སྦྱངས་ལས་འགུལ་གསར་བ་ཞིག་གཟབ་ནན་དུ་སྤེལ་བ་ཡིན། དུས་ཡུན་ཡང་ཟླ་གཅིག་ཙམ་ནང་དུ་སྐུང་བའི་ཁུ་སིམ་གྱི་དེ་ལྟ་བུ་ལས་འགུལ་ཐེངས་ཁ་ཤས་སྤེལ་བས། ད་གཟོད་ཀྱི་སྦྱོང་བརྡར་འབྲི་དེབ་ཀྱི་བམ་ཁ་ཡང་བལྟས་བལྟས་རིག་རིག་ཏུ་མཐོ་བར་གྱུར། སྐབས་དེ་དུས་ཀྱི་ཧམ་སེམས་སྐམ་པོ་ཞིག་གི་རྐང་རྗེས་རབ་རིབ་ཅིག་ཏུ་ཅིས་ཀྱང་ངོས་འཛིན་ཆོག་པ་བྱུང་། རིམ་གྱིས་དུས་དེབ་དང་ཚགས་ཤོག་སོགས་ཀྱི་ཟུར་ངོས་གང་རུང་ནས་རང་ཉིད་ཀྱི་མིང་ཡིག་ཤར་འགོ་ཚུགས་སོང་། ང་ལ་མཚོན་ན་སྐབས་དེར་རང་ཉིད་ལ་དབྱར་ག་ཞིག་སླེབས་པ་དང་ཅིས་ཀྱང་མཚུངས་པས། རང་ཉིད་ཀྱི་ཡིག་འབྲུ་རེ་ཟུང་མཁས་དབང་དག་གི་བརྩམས་ཆོས་དང་འདབས་འབྲེལ་དུ་ཡོད་པ་མཐོང་ཐེངས་རེར་རང་ཉིད་ཀྱི་རྨི་ལམ་དང་སྙན་ངག་གཏན་དུ་འདྲེས་པར་གྱུར་བས། སྐབས་དེའི་ཚགས་པར་དང་དུས་དེབ་ནི་བདག་ལྟ་བུ་ལ་མཚོན་ན་སྙིང་གི་གཅེེས་ནོར་ཞིག་ཏུ་གྱུར། དེ་དུས་རྩོམ་གྲོགས་ལྷ་ཆབ་སོགས་ཀྱིས་ངར་སྐུལ་བ་དེ་ཡང་བདག་ཀྱང་འབར་བའི་རྐྱེན་འབྲལ་དུ་མི་གཏུབ་སྟེ། ཡིན་ནའང་། ང་ཚོའི་རྩོམ་རིག་སྒྱུ་རྩལ་གྱི་ཁ་ཕྱོགས་ནི་རྦད་དེ་མི་འདྲ་བ་ཡང་སྒྱུ་རྩལ་ངོས་འཛིན་གྱི་གདམ་གའི་འགྲོས་ཤིག་ཏུ་གཏོགས་པས། དེ་ནི་ཅིས་ཀྱང་ཡོད་འོས་པའི་ལམ་བུ་ཞིག་ཏུའང་གཏོགས་སོ།།

ད་ལྟའི་ཕྱིར་མིག་གི་ཁྲོད་ཀྱི་གྲུབ་འབྲས་ནི་ཁ་གྲངས་ཀྱི་སྟེང་དུ་ཡོད་པ་ནི་མངོན་སུམ་རེད། དེ་མིན་སྒྱུ་རྩལ་བརྩམས་ཆོས་ནི་དུས་ཚོད་རང་བཞིན་གྱི་ཐོན་རྫས་ཤིག་ཡིན་པས། ཅི་ཙམ་འགྱུར་ལྡོག་རྒོད་ན་དེ་ལྟར་གྲུབ་འབྲས་ཀྱི་ནུས་པ་ཞིག་ཐོན་པའི་ངེས་ཤེས་ཡོད་ཀྱང་། བདག་གི་གྲུབ་འབྲས་ནི་ག་ཤེད་ཅིག་ཏུ་ཡོད་པ་ནི་ཀློག་པ་པོའི་བསམ་བློའི་ཐིག་ཚད་ཀྱིས་གཞལ་བ་ལས་འོས་སུ་མ་མཆིས་ཏེ། ཡང་གཅིག་བསམ་ན་ཡོད་ཚད་ཀློག་པ་པོར་མགོ་བོ་མ་སྒུར་བ་ནི་བདག་གི་སྒེར་ཚུགས་ཀྱི་སྙན་ངག་གི་བཙན་ས་ཞིག་གིས་མི་རིགས་ཀྱི་སྒྱུ་རྩལ་ལམ་བུ་ལ་ས་ཐིག་གཞན་ཞིག་གདབ་པའི་ཧམ་སེམས་མ་ལྡོག་ཡིན་ངེས་པས། ད་ལྟའང་ཀློག་པ་པོ་མི་ཉུང་བ་ཞིག་གི་གནོན་ཤུགས་ཀྱིས་ཁེར་རྐྱང་དུ་སྤྱུགས་པའི་སྣང་བ་ཡང་ཡང་བྱུང་བ་ནི་སུ་ལའང་བརྗོད་འདོད་མེད་པའི་ལྐོག་གྱུར་གཏམ་རྒྱུད་ཀྱི་ན་ཟུག་ཅིག་རེད། དེ་ལྟར་རང་ལུགས་བཙན་པོ་མའི་སྣེ་ལ་འཐམ་སྟེ་མུ་མཐུད་དུ་ལམ་ག་འདི་ཉིད་རྡོག་པས་གནོན་པ་ནི་བདག་གིས་སྙན་ངག་ལ་བཅངས་པའི་ཚོས་གཞི་གསལ་ཤོས་ཤིག་ཏུ་ངོས་གཟུང་ཆོག་པར་འདོད།

སྐར་ཁུང་།
བཙན་བྱོལ་གྱི་འཚོ་བས་ཁྱོད་ཀྱི་སྙན་ངག་གི་ཁམས་ལ་ཤུགས་རྐྱེན་གང་འདྲ་ཐེབས་སོང་ངམ།

ཨ་འཇམ།
རྩོམ་པ་པོ་གང་ཞིག་གི་སེམས་ཁམས་ཀྱི་ཕོག་རྡེབ་གོ་རིམ་ནི་སྙན་ངག་འགྱུར་མཚམས་ཀྱི་གོ་རིམ་ཞིག་ཀྱང་རེད། ང་རང ༢༠༠༢ ལོར་རྒྱ་གར་དུ་འབྱོར་ཏེ་སྣེ་ལེན་ནས་ལྕགས་ཀྱི་ཕོར་བ་བཟེད་འགོ་ཚུགས་པ་ནི་ངའི་ སྙན་ངག་ལ་བཟོད་བླག་བྲལ་བའི་དཀའ་ངལ་ཐེངས་གཅིག་འགྱུར་ལྡོག་དེ་རེད། འཚོ་བའི་ཁོར་ཡུག་གི་འགྱུར་ལྡོག་གིས་བསམ་བཞིན་དུ་སྙན་ངག་གི་ཁམས་ལ་གཤགས་བཅོས་དང་རྒོལ་རྡུང་བཟོད་མེད་དུ་ཐེབས་པ་ནི་ཆོས་ཉིད་ཅིག་ཀྱང་རེད། སྙན་ངག་ཅིག་ལ་ཧུར་དུ་རེ་ཡང་འཚོ་བ་དང་སེམས་ཁམས། དུས་ཚོད་ཀྱི་འགལ་ཟླ་ཞིག་གིས་ཐ་སྙད་སྒྲིག་སྦྱོར་གྱི་མནར་གཅོད་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་བྱུང་། སྐབས་དེར་བཙན་ཤེད་ཀྱིས་གོམས་པར་བྱས་པའི་ཐ་སྙད་གཡུང་མ་ཁ་ཤས་ཤིག་གཙབ་ཧྲལ་དུ་བཏང་སོང་། འདི་ལྟར་ངའི་སྙན་ངག་ཀྱང་མགོ་ཡོམ་འཁོར་བཞིན་དུ་རང་ཚུགས་ཀྱི་ཁྲག་རྩ་ཞིག་ཡང་བསྐྱར་ཅུང་རྒྱས་འགོ་ཚུགས་བྱུང་།
བཙན་བྱོལ་དུ་ཆབ་སྲིད་ཀྱི་ཚོར་ཤུགས་ཧ་ཅང་རྣོ་བས་སྒྱུ་རྩལ་རྩོམ་རིག་གི་ནུས་པ་ཅི་ནས་ཀྱང་ཞན་དྲགས་པས། སྙན་ངག་ནི་ང་དང་མི་ཨུ་ཚུགས་པ་རེ་ཟུང་ཞིག་གི་ཅ་ལག་ཁེར་རྐྱང་བ་ཞིག་ཏུ་གྱུར་བ་ རེད། འདིའི་ཁྲོད་དུ་བློ་ཕམ་དང་ཕངས་སེམས། ཞེན་ལོག གྱེན་ལངས་ཀྱི་ལྟ་བའི་སྣེ་ནས་འགྲེངས་པས། མཛེས་པ་ནི་མི་སྡུག་པས་གྲུབ་པའི་སྒྱུ་རྩལ་གྱི་གནས་ལུགས་དེ་ཉིད་རྟོགས་པར་གྱུར་ཅིང་། དེ་ལྟར་སྙན་ངག་ཅེས་པར་བླ་འབོད་ཀྱི་རྐང་གླིང་དམར་ཙར་ཙར་ལག་ཏུ་བཙིར་ནས་མུ མཐུད་དུ་རྒྱང་རིང་ཞིག་ཏུ་ཅེར་བ་ཡིན།

སྐར་ཁུང་།
གོ་ཐོས་སུ་ཁྱོད་ཀྱིས་འཁྱམ་པོའི་ཟིན་ཐོ་དམར་པོ་ཞེས་པའི་མུ་འབྲེལ་སྙན་ངག་རིང་མོ་ཞིག་འབྲི་བཞིན་ཡོད་པ་རེད་ཟེར། དེས་ན་ཁྱོད་རང་སྒེར་ངོས་ནས་སྙན་ངག་དེ་ལ་ངོས་འཛིན་དང་གདེང་འཇོག་བྱེད་སྟངས་གང་འདྲ་ཡིན་ནམ།

ཨ་འཇམ།
འཁྱམས་པོའི་ཟིན་ཐོ་དམར་པོ་ནི་ངའི་ཤ་ཁྲག་གི་བུ་ལོན་མང་དུ་བཏང་སྟེ། ད་སྔ་ཚན་པ་ལྔ་བརྒྱ་ཙམ་གྲུབ་ཀྱང་། ཡིད་སྐྱོ་བ་ཞིག་ལ་བདུན་ཕྲག་གཅིག་གི་གོང་དུའང་གློག་ཀླད་ལ་དོན་རྐྱེན་ཞིག་བྱུང་སྟེ། ཚན་པ་གསར་བ་མི་ཉུང་བ་བོར་བརླགས་ཐེབས་པ་ནི་ད་ལྟ་ངའི་སྒལ་གཞུང་ན་བའི་རྒྱུ་ རྐྱེན་གཙོ་བོ་ཡིན་ཚོད་རེད། ཕལ་ཆེར་ལོ་ངོ་བཅུ་གཉིས་ཙམ་དུ་བྲིས་པའི་སྙན་ངག་རིང་མོ་འདི་ལས་བོར་སྟོར་ཐེངས་ ལྔ་དྲུག་ཅིག་བྱུང་བས། སྔ་ཕྱིར་ཚན་པ་ལྔ་བཅུ་ཙམ་ཞིག་གྱོང་གུད་ཐེབས་པ་ནི་རང་ཉིད་ཀྱི་དངན་པ་ཁོ་ནས་ཁ་གསབ་བྱེད་བཞིན་པ་ལས་གཞན་བྱ་ཐབས་ཟད། ད་ལྟ་རེ་ཞིག་སྙན་ངག་རིང་མོ་འདི་ཉིད་རྒྱུན་བསྐྱངས་ཏེ་འབྲི་བའི་ཡི་ག་རྦད་དེ་ འགགས་སོང་། དེ་ལྟར་སྙན་ངག་འདི་ཡང་ཕལ་ཆེར་ངའི་འཐེན་སྒམ་ནང་གི་ཐལ་རྡུལ་དང་མཉམ་དུ་བག་ལ་ཉལ་ཏེ་ལུས་རྒྱུ་ཡིན་པ་ཐག་གིས་བཅད་ཡོད། སྙན་ངག་འདི་ནི་ཐོག་མར་ཚོར་བས་བྲིས་པ་མང་ནས་རིམ་གྱིས་དོན་དངོས་གཞོལ་བ་ཤུགས་ཆེ་བར་གྱུར་ཅིང་། དེ་བཞིན་སྒྱུ་རྩལ་མཛེས་པར་ཞུགས་པ་ཟབ་པ་ནས་སྟབས་བདེ་གོ་སླར་འཇུག་པ་ངང་གིས་སླེབས་ཡོད། དེ་ཡང་འཕྲུལ་སྣང་གི་རྟོག་འགྱུ་ནས་འཚོ་བའི་བདེན་པར་ཞུགས་པ་ཤས་ཆེ་བའི་སྙན་ངག་ འདི་ནི་བདག་གིས་ལོ་ངོ་བཅུ་ཕྲག་ལྷག་ལ་འཚེམ་དྲུབ་བགྱིས་པའི་སྒྱུ་རྩལ་གྱི་ཐང་ག་རིང་མོ་ཞིག་ཏུ་ངོས་འཛིན་བྱ་བཞིན་ཡོད། ད་ལྟ་ཤོ་ལོ་ཀ་སྟོང་ཕྲག་གསུམ་བཞི་ཙམ་དུ་ཡོད་པས། བོད་ཀྱི་སྙན་ངག་ས་ཚིགས་ཀྱི་ལེའུ་ཉམ་ཆུང་ཞིག་གི་ཁོངས་སུ་གཏོགས་པའི་ཡིད་ཆེས་ཡོད།

( ཨ་འཇམ་དབྱངས་ཚུལ་ཁྲིམས་སམ་པུར་མིང་དུ་ཨ་འཇམ་དང་། ཨ་གངས་རྒོད། ཨ་དམར་པོ། འདྲེ་མེ་འབུད་བཅས་སུ་འབོད། ཁོང་གིས་བོད་ནང་དུ་སྤྱི་ལོ་༢༠༠༢ལོར་<<མེ་>>ཞེས་པའི་སྙན་དེབ་ཅིག་པར་བསྐྲུན་བྱས་པ་དང་། སྤྱི་ལོ་༢༠༠༦ལོར་བོད་ཁམས་ཡོངས་ལ་གསང་བའི་ངང་ནས་བསྐོར་བསྐྱོད་བྱས་ཏེ། སྤྱི་ལོ་༢༠༠༨ལོར་<<བོད་ཁམས་ཉུལ་བ་>>ཞེས་པའི་དཔེ་དེབ་པར་བསྐྲུན་བྱས། ཁོང་གིས་<<འཁྱམ་པོའི་ཟིན་ཐོ་དམར་པོ་>>ཞེས་པའི་སྙན་ངག་རིང་མོ་ཞིག་འབྲི་བཞིན་ཡོད་ལ། ད་ལྟ་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་བོད་ཡིག་སློབ་དཔོན་ཡིན།)


རྩོམ་འདིའི་ནང་མཆན་ 3 བཀོད་འདུག

3 Responses to སྙན་ངག་པ་ཨ་འཇམ་དབྱངས་ཚུལ་ཁྲིམས་ལ་བཅར་འདྲི།

  1. གཅེར་བུ་ ནས།

    རྒན་ལགས་ཀྱི་སྐད་ཆ་ཧ་ཅང་རྣོ་ངར་ཚ་བོ་ཞིག་བཤད་འདུག
    ཡིན་ཡང་ཁ་རྩང་འཛིན་ཁང་ནས་བཤད་རྒྱུ་དེ་དང་གཅིག་པ་རང་རེད་འདུག
    ཡང་བསྐྱར་ཅིག་མྱོང་ནས་འགྲོ་ཡིན།

  2. རེད་རེད། བཅར་འདྲི་བ་དང་སྙན་ངག་པ་ཨ་འཇམ་གཉིས་ལ་བཀའ་དྲིན་ཆེ་ཞུ།

  3. སྙན་ངག་པའི་སྐད་ཆ་སྙན་ངག་དང་འདྲ་བོ་འདུག

Write a Reply or Comment

Your email address will not be published. Required fields are marked *

*