རྒྱ་དཀར་ནག་གཉིས་༡༩༦༢ལོར་ཅིའི་ཕྱིར་དམག་འཁྲུག་བརྒྱབ་པ་རེད།(སྔ་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་རྫོ་རཱ་ཝར་ ཊོལ་ལེས་ཊི སིང་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རྒྱ་གར་གྱི་ལོ་རྒྱུས་སྨྲ་བ་རྗོན་ལཱ་ལཱི་ཡིས་ཐེངས་ཤིག་“རང་བྱུང་ཁམས་རང་ཉིད་ཀྱིས་ནོར་འཁྲུལ་མེད་པའི་ཐོག་ནས་དཔེ་རིས་ཤིག་བྲིས་ཡོད། དེ་འདྲའི་ས་མཚམས་རིང་པོ་ཞིག་ཕལ་ཆེར་འཛམ་གླིང་གི་ས་ཆ་གང་དུ་ཡང་ཡོད་པ་མ་རེད།”ཅེས་བརྟག་དཔྱད་གནང་ཡོད། དེས་ན། རྒྱ་དཀར་ནག་གཉིས་༼ཆ་མི་སྙོམས་པའི་ས་ཁམས་ཆགས་དབྱིབས་ལ་བརྩི་འཇོག་མ་གནང་བར་༽ཇི་ལྟར་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་སྟེ་མཐར་གཡུལ་ས་རུ་འཁྲུག་འཛིང་བྱེད་དགོས་བྱུང་བ་རེད་དམ།

འདས་ཟིན་པར་ཕྱིར་མིག་ཅིག་བལྟས་ན་༡༩༥༠་ནང་རྒྱ་དཀར་ནག་གཉིས་ཀྱི་དབར་ལ་བྱུང་བའི་སྐབས་དོན་གྱི་འབྲེལ་བ་དེ་དག་གི་གཞི་རྩའི་རྒྱུ་རྐྱེན་གང་དག་ཡིན་པ་ངོས་འཛིན་བྱེད་ཐུབ་པ་ཞིག་ཡིན། ༡༩༤༧ནང་ཁྲག་གིས་ཚོས་པའི་རང་བཙན་ཞིག་ཐོབ་ཡོད་པ་ལ་མ་ལྟོས་པར་རྩེ་མོ་གཅོད་འབྲེག་བྱས་ཡོད་པའི་རྒྱ་གར་གྱིས་རང་ཉིད་ནི་དབྱིན་ཇིའི་རྒྱ་གར་གྱི་ནོར་སྐལ་གྱི་ཤུལ་འཛིན་བྱེད་མཁན་ཞིག་ཡིན་པའི་མཐོང་ཚུལ་བཟུང་ཡོད། སྐབས་དེར། ནེ་རུའུ་སྲིད་གཞུང་གིས་འགྱུར་བ་ཐེབས་ཟིན་པའི་སྐབས་དོན་གྱི་ཡུལ་བབ་སྲིད་བྱུས་དེ་ཚོར་བ་རྣོ་པོའི་ཐོག་ནས་ཤེས་ཀྱི་ཡོད་ནའང་། དེ་ཡི་བྱང་ཕྱོགས་ཀྱི་ས་མཚམས་དག་གི་སྣང་ཚོར་དེ་དབྱིན་ཇིའི་འཐབ་ཇུས་མཁས་པ་དག་གིས་བཟོས་པའི་ལོ་བརྒྱ་ཕྲག་གཅིག་གི་ས་མཚམས་ཀྱི་ཚོགས་སྡེའི་དྲན་པའི་སྒང་ལ་བཞག་ཡོད་པ་རེད།

ང་ཚོས་ནོར་སྐལ་གྱི་ཐོབ་ཐང་འདི་ལ་ཕྱིར་ལྟ་ཁྱུག་ཙམ་ཞིག་བྱེད། དབྱིན་ཇིའི་རྒྱ་གར་གྱི་ས་མཚམས་སྲིད་བྱུས་དག་གིས་བོད་དང་ཞིན་ཅང་ལས་ལོགས་སུ་བཀར་བའི་ས་མཚམས་ཆ་ཚང་བ་ཡག་པོ་ཞིག་བཟོ་མ་ཐུབ་པ་ད་ལྟ་ཁས་ལེན་བྱེད་ཀྱི་ཡོད། དེ་ལྟ་ནའང་། ནོར་སྐལ་འདི་དབྱེ་བ་ཕྲ་མོ་མང་པོར་བཏང་ཡོད། ཤར་ཕྱོགས་ཀྱི་ས་ཁུལ་ནང་དུ་དབྱིན་ཇི་ལ་༡༩༡༤ལོའི་རྒྱ་གར་དང་རྒྱ་ནག བོད་བཅས་ཀྱི་ཤཱིམ་ལ་ཆིངས་ཡིག་༼རྒྱ་ནག་གིས་དེར་ཁས་ལེན་གནང་མེད་ནའང་།༽བརྒྱུད་མི་རིགས་དང་འཐབ་བྱུས་གཉིས་ཀའི་ཐད་ནས་འཚོ་གནས་ཐུབ་པའི་མཐུན་སྦྲེལ་གཙོ་ཆེར་ཞིག་ཐོབ་ཡོད།

དབྱིན་ཇིའི་སྲིད་བྱུས་ཀྱི་རྒྱབ་ལོག་ཏུ་གསང་ཡོད་པའི་རིགས་པའི་རྣམ་གཞག་ནི་རང་སྐྱོང་གི་དབང་ཚད་ཅན་གྱི་“ཕྱི་ལོག་གི་བོད”་ཀྱི་མཐའ་སྐོར་ལ་༡༩༡༣ལོར་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀས་སོག་པོ་ཆ་བགོས་བྱེད་པར་མོས་མཐུན་བྱུང་བ་དང་ཧ་ཅང་ཆ་འདྲ་བར་བར་གནས་ཀྱི་གོང་བུ་ཞིག་བརྐོ་བའི་ཆེད་རེད། བོད་ཆ་བགོས་བྱེད་པར་འབད་བརྩོན་བྱེད་པའི་སྲིད་བྱུས་འདི་གཏན་ནས་དངོས་དོན་དུ་བསྒྲུབས་མེད་ནའང་། བྱུང་རབས་ལོ་རྒྱུས་འདི་ཡི་སྟེས་དབང་གི་ཞར་བྱུང་ཐོན་རྫས་ནི་རྒྱ་གར་དང་བོད་ཀྱི་དབར་ལ་མཐུན་སྦྲེལ་ས་མཚམས་ཤིག་དེ་སྔ་དབྱེ་བཞིན་ཡོད། འདི་ཡིས་ཧ་ལམ་དེང་སྐབས་ཀྱི་དངོས་ཡོད་གནས་བབ་ཀྱི་གཟུགས་བརྙན་སྟོན་གྱི་ཡོད། ཁ་གསལ་པོར་ངེས་དགོས་པ་ཞིག་ལ་སྐབས་དེར་རྒྱ་ནག་གིས་སེམས་ཁྲལ་གཙོ་བོ་བྱེད་ས་ནི་བོད་དང་རྒྱ་གར་བར་གྱི་གནད་དུ་འཁེལ་བའི་ས་མཚམས་མིན་པར་བོད་དང་རྒྱ་ནག་དབར་གྱི་ས་མཚམས་དང་ཆབ་སྲིད་ཀྱི་འབྲེལ་ལམ་དག་རེད།

དེ་དང་ལྡོག་ནས། ནུབ་ཕྱོགས་ས་ཁུལ་གྱི་ནོར་སྐལ་ཐོབ་ཐང་དེ་རབ་རིབ་ཆེ་བ་ཞིག་རེད། རྩོད་རྙོག་གི་ས་ཁུལ་ལྟེ་བ་འདི་འགྲོ་ལུགས་ལྟར་དཔེ་རིས་ཀྱིས་མཚོན་ཡོད་པ་མ་རེད་ལ་དབྱིན་ཇིའི་རྒྱ་གར་གྱིས་གྲུབ་འབྲས་ལྡན་པའི་ཐོག་ནས་ཐག་གཅོད་ཀྱང་བྱས་ཡོད་པ་མ་རེད། ས་ཁུལ་འདིའི་ནང་གི་དབྱིན་ཇིའི་ཐབས་ལམ་ནི་དེའི་གོང་མའི་རྒྱལ་ཁམས་ཀྱི་ཡུལ་བབ་སྲིད་བྱུས་དང་ཡུལ་བབ་དཔལ་འབྱོར་གྱི་དམིགས་་ཡུལ་དག་གིས་སྐྲུན་ཡོད་པ་རེད། དེ་ནི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ལ་ཚང་དགོས་པའི་གཞི་རྩའི་དགོས་གལ་དག་དང་མཐུན་པར་གཏན་ནས་བཟོས་མེད་པ་རེད།

དོ་མཉམ་པའི་སྟོབས་ཤུགས་གསར་པ།

ཐོན་འོས་པའི་ཇི་མ་ཇི་བཞིན་གྱི་ས་མཚམས་དག་གི་སར་སླེབས་པར་དབྱིན་ཇིས་ཧ་ལམ་འབད་བརྩོན་ཐེངས་བཅུ་གཉིས་བྱས་ཡོད་པ་རེད། དེ་ལྟ་ནའང་། མང་ཆེ་ཤོས་ནི་མཐའ་མཚམས་ངོ་ཚབ་པ་དག་གི་མྱུལ་ཞིབ་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་ས་ཁུལ་དཔྱད་ཞིབ་དག་རེད། རྒྱལ་སྤྱིའི་མཐའ་མཚམས་ཤིག་འཚོལ་བར་འཆར་གཞི་འཐེན་པའི་ཚབ་ལ་དེ་དག་གིས་བྱང་ནུབ་མཐའ་མཚམས་དག་གི་ནང་དུ་དབྱིན་ཇིས་རྒྱ་སྐྱེད་བྱེད་བཞིན་པ་བསྟན་ཡོད། སྐབས་དེའི་རཱ་ཤི་ཡཱའི་འཇིགས་སྐུལ་དང་ཁ་སྤྲོད་དུ་ཡོད་པ་ནི་ལན་ཊིན་གྱི་ཡུལ་བབ་སྲིད་བྱུས་ཀྱི་དམིགས་ཡུལ་དག་རེད། ཁོང་ཚོ་མི་འདྲ། དཔེར་ན། རཱ་ཤི་ཡཱ་ཡིས་ཞིན་ཅང་ལ་འཇིགས་སྐུལ་གནང་སྐབས་དབྱིན་ཇིའི་ཐབས་ཇུས་མཁས་པ་ཁ་ཤས་ཤིག་གིས་བྱང་ཕྱོགས་ཀྱི་ཀཱ་ཤི་མི་རིའི་ས་མཚམས་ཀྱི་མཐའ་ཟུར་ཞིག་ལ་རྒྱབ་རྟེན་བྱས་ཡོད་པ་རེད། དུས་སྐབས་དེར་ཕྱོགས་ལྷུང་མེད་པའི་ལྟོས་བཅས་ཀྱིི་ས་མཚམས་ཤིག་བཟོ་བར་བསམ་ཚུལ་བྱུང་ཡོད། ཐ་ན། རྒྱ་ནག་གིས་ཞིན་ཅང་ལ་དབང་བསྒྱུར་བྱེད་པའི་བློ་གཏད་བཅོལ་ཡོད། ཞིན་ཅང་ནི་རཱ་ཤི་ཡཱ་ལ་ཁ་གཏད་གཅོག་པའི་བར་གནས་ཤིག་ཡིན་པས་རེད།

དཀའ་ལས་བརྒྱབ་པ་དོན་མེད་ཡིན་ནའང་། དབྱིན་ཇིས་དོ་གལ་ཆེན་པོའི་འབད་རྩོལ་བྱས་པ་གཅིག་ནི་༡༨༩༩་དང་༡༩༠༥ནང་ཀ་ར་་ཀོ་རམ་འགག་འཕྲང་གི་ཤར་ངོས་ཀྱི་མཐའ་མཚམས་ས་ཁྲར་བཀོད་ཡོད་པ་དེ་རེད། རྒྱ་ནག་གིས་གཏན་ནས་གྲོས་འཆར་འདི་ཚོ་ལ་ལན་འདེབས་གནང་མེད་པ་རེད། སྤྲོ་སྣང་ཅན་ཞིག་ནི་སྐུ་ཞབས་ཨཱ་ལཱ་སུ་ཊར་ལཱམ་བྷི་ཡི་༡༩༧༣ལོའི་ཞིབ་འཇུག་གིས་༡༨༩༩ལོའི་ས་མཚམས་ཀྱི་ཐིག་དེ་ནི་དུས་རབས་བཅུ་དགུའི་ནང་ས་ཁམས་མྱུལ་ཞིབ་ཀྱི་དཔྱད་ཞིབ་བྱས་པ་དག་གི་སྟེང་གཞི་འཇོག་པའི་ཚབ་ལ་དེང་རབས་ས་ཁྲ་ཞིག་གི་སྒང་ལ་བཞག་འདུག་ཅེས་ཁུངས་སྐྱེལ་ར་སྤྲོད་གནང་གིན་ཡོད་པ་རེད། ས་ཁམས་དཔྱད་ཞིབ་དེ་དག་གིས་ཨཱ་ཁི་སུ་ཆིན་གྱི་ཤར་ངོས་ཀྱི་ཆ་ཤས་དེ་ས་ཁྲའི་སྟེང་ལ་འཇོག་ངེས་ཡིན། དེའི་ནང་དུ། རྒྱ་ནག་ནང་གི་ཞིན་ཅང་དང་བོད་ཀྱི་བར་གྱི་འགྲོ་ལམ་གྱི་ས་ཁུལ་འདུས་ཡོད།

༡༩༤༧ནང་ཀ་ར་ཀོ་རམ་འགག་འཕྲང་གི་ཤར་ཕྱོགས་ལ་ངེས་གཏན་གྱི་ས་མཚམས་གནས་ཡོད་པ་མ་རེད། ༡༩༥༠་ལོའི་རྒྱ་གར་གཞུང་འབྲེལ་ས་ཁྲའི་སྟེང་དུ་འགག་འཕྲང་འདིའི་ཤར་ཕྱོགས་ཀྱི་ཀཱ་ཤི་མི་རུའི་མཐའ་མཚམས་ནི་‘གསལ་ཁ་མེད་པའི་ས་མཚམས’ཞེས་མཚོན་འདུག དེ་དང་ཆབས་ཅིག་༡༩༡༤ལོའི་མཱེ་མཱ་ཧོན་ས་མཚམས་ནི་ཤར་ཕྱོགས་ས་ཁུལ་ནང་གི་ས་མཚམས་ཡིན་པ་གསལ་པོར་བསྟན་ཡོད་པ་རེད། རྒྱ་དཀར་ནག་གཉིས་ཀས་ཁས་ལེན་བྱེད་པའི་ས་ཁུལ་འདི་ཡི་ཤར་ནུབ་མཐའ་ཟུར་གྱི་ས་མཚམས་ཀ་ར་ཀོ་རམ་འགག་འཕྲེང་དང་བདེ་མཆོག་གཉིས་རྒྱ་གར་གྱི་མངའ་ཁོངས་ནང་དུ་ཡོད། ས་མཚམས་གཉིས་ཀའི་བར་གྱི་ས་ཐིག་ལ་ཇི་ལྟར་གོ་བསྡུར་བྱས་པའི་ཐད་བསམ་ཚུལ་མི་འདྲ་བ་བྱུང་ཡོད། རྒྱུ་མཚན་དེར་བརྟེན་ནས། རྒྱ་དཀར་ནག་གཉིས་དོན་དངོས་པོར་ལ་དྭགས་ཀྱི་ཤར་ཕྱོགས་སུ་ཡོད་པའི‘མི་སུ་གང་གི་མིན་པའི་ས་ཆ’ཞིག་ལ་རྩོད་པ་ཐུག་ཡོད། ཤར་ཕྱོགས་ཀྱི་ལ་དྭགས་སུ་རྩོད་གཞི་ཅན་གྱི་ཨཱ་ཁི་སེ་ཆིིན་ Aksai Chin ཡོད་པ་རེད།

རྒྱ་ནག་གི་སྟོབས་ཤུགས་སྐྱོ་བོ་དང་དེ་ནི་རང་གི་ལྷོ་ཕྱོགས་ཀྱི་མཐའ་གྲུ་དང་ཆབས་ཅིག་རྒྱ་གར་ནང་གི་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུས་སྐབས་ཀྱི་མྱོང་བ་ལྟར་དུ་ལྟོས་བཅས་ཀྱིས་བཟང་ངན་མཉམ་གནས་བྱས་ཏེ་སྡོད་ཐུབ་ཡོད་ན་གནས་སྟངས་འདི་འགྲིག་ངེས་ཤིག་ཆགས་ཡོད་ངེས། ཡིན་ནའང་། ༡༩༤༩ནང་དུ་རྒྱ་ནག་གི་སྟོབས་ཤུགས་བསྐྱར་གསོ་བྱུང་བ་དང་༡༩༥༡ལོར་བོད་ལ་བཙན་འཛུལ་བྱས་པ་དེས་ཧི་མ་ལ་ཡའི་ཁྱོན་ཡོངས་ལ་མའོ་ཡི་རྒྱ་ནག་‘དུས་རབས་བརྒྱ་ཕྲག་གི་མཐོང་ཆུང་ཁྱད་གསོད་’རྗེས་སུ་རྨོངས་གཉིད་ལས་སད་ཡོད་པ་བསྟན་ཡོད།

དོ་མཉམ་པའི་སྟོབས་ཤུགས་གསར་པ་དང་མཉམ་དུ་སྙོམ་སྒྲིག་གོམས་འདྲིས་བྱེད་དགོས་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། ལམ་བུ་གཞན་བརྟེན་དང་དེ་སྔའི་དབྱིན་ཇི་རྒྱ་གར་གྱི་ས་མཚམས་སྲིད་བྱུས་དག་གི་སྒྲིག་འཛུགས་ཀྱི་དྲན་པ་དང་། དེའི་རྗེས་འབྲས་ཀྱི་མདུན་བསྐྱོད་ཀྱི་ངར་ཤུགས་བཅས་ལང་ཚོ་དར་ལ་བབས་པའི་རྒྱ་ནག་གི་དོན་དངོས་དང་འགྲིགས་འཇགས་མི་བྱེད་ག་མེད་བྱུང་བ་རེད། རྒྱ་གར་གྱིས་མི་སེར་སྤེལ་ཡུལ་གྱི་ཐོབ་སྐལ་ལ་འགྲིགས་འཇགས་བྱེད་དགོས་ཀྱི་ཡོད་དེ་དེ་ཡིས་འཐབ་ཇུས་ཀྱི་ཆ་ནས་བྱང་ཕྱོགས་ཀྱི་ས་མཚམས་བརྟན་པོ་ཞིག་ཡོང་བའི་རྨང་གཞི་དེ་གསར་བསྐྲུན་བྱས་ཡོད་པ་དང་ཧི་མ་ལ་ཡའི་རྒྱལ་ཁབ་ཆུང་ཆུང་ཚོ་དང་ལྷན་དུ་དམིགས་བསལ་གྱི་འབྲེལ་ལམ་དག་ཐོན་སྐྱེད་བྱས་ཡོད་པ་རེད། རྗེས་ཀྱི་མི་སེར་སྤེལ་ཡུལ་གྱི་དངོས་དོན་འདིས་རྒྱ་གར་ལ་རྩིས་སྤྲོད་གནང་བའི་དམིགས་བསལ་ཁེ་དབང་འདི་ཚོ་བསྐྲུན་མཁན་གྱི་དངོས་འབྲེལ་སྲིད་བྱུས་དག་གི་མཚོན་རྟགས་མི་འདོར་ག་མེད་བྱུང་བཅུག་ཡོད། རྒྱ་གར་འདི་ལྟ་བུའི་ཅི་བྱ་གཏོལ་མེད་ཀྱི་གནས་སྟངས་གཉིས་ཀྱི་བར་དུ་ལྷུང་ཡོད། རང་བཙན་ཡིན་ཡང་སྟོབས་ཆུང་བའི་རྒྱ་གར་གྱིས་སྟོབས་ཤུགས་ཆེ་བའི་རྒྱ་ནག་ལ་རང་ཉིད་ཀྱི་བརྟན་སྲུང་གི་ཆེད་ལ་ཁ་གཏད་གཅོག་དགོས་ན་ཟོག་རྫུ་དང་ཚུལ་འཆོས་ཀྱི་བྱ་སྤྱོད་ཅུང་ཟད་ཅིག་མ་བསྟན་ཐུ་མེད་རེད།

རྒྱ་གར་གྱི་ཡ་ལན་གྱི་སྙིང་པོ་ནི་དངོས་ཡོད་རིང་ལུགས་དང་རྒྱ་ནག་གི་ཁེ་ཕན་གཉིས་ལ་འགྲིགས་འཇགས་བྱེད་པར་བློ་བག་མི་ལྷོད་པའི་ཟླ་སྒྲིལ་ཞིག་རེད། དཔལ་འབྱོར་དང་ཤེས་ཡོན་བསྟི་གནས་ཀྱི་ཐོན་ཁུངས་དག་གི་བཀག་སྡོམ་འོག་དྲག་དམག་རྣམས་དེང་རབས་ཅན་དུ་བསྒྱུར་མ་ཐུབ་པ་དང་། ཕྱི་འབྲེལ་དང་ཞི་འཇམ་གྱི་ཕྱི་སྲིད་བར་ཁྱད་བརྒྱུད་ཁ་གཏད་སྟོབས་ཆེན་རྒྱལ་ཁབ་ལ་འགྲན་རྩོད་བྱེད་པར་འབད་རྩོལ་བྱེད་པ་ནི་རྒྱ་གར་གྱི་ཕྱི་སྲིད་གནས་བབ་དང་དཀའ་རྙོག་སྔོན་འགོག་གི་ནུས་པ་གོང་སྤེལ་གཏོང་བའི་རྡོག་ཁྲེས་ཆེ་ཤོས་ཡིན་པའི་ཆ་འཇོག་གནང་ཡོད་པ་རེད། སྤྱི་ལོ་༡༩༦༢་རྗེས་ཀྱི་བར་དུ་ནང་ལོག་གི་བར་ཁྱད་གོང་སྤེལ་གཏོང་བའི་སྒང་ལ་འབད་རྩོལ་ཉུང་ཉུང་ལས་བྱས་མེད།

དེར་མ་ཟད། ལྷོ་ཨེ་ཤི་ཡཱའི་ནང་དུ་གྲང་དམག་བྱུང་བ་དེ་ནི་གཙོ་ཆེར་ཨ་མེ་རི་ཀས་༡༩༥༠་ལོའི་འགོ་སྟོད་དུ་པཱ་ཀི་སི་ཐན་ནི་བར་གནས་ཀྱི་ཚོང་ཤག་མངའ་ཁུལ་ཞིག་ཏུ་བཟོ་བའི་ཐག་གཅོད་ཅིག་ཡིན་པ་རེད། དེ་ཡིས་རྒྱ་གར་གྱིས་ཕྱི་འབྲེལ་བར་ཁྱད་གོང་སྤེལ་གཏོང་བའི་གདམ་ཀ་དག་ཇེ་ཉུང་དུ་བཏང་ཡོད་པ་རེད། དེ་ཡིས་ནུབ་ཕྱོགས་རྒྱལ་ཁབ་ལ་དཔུང་སྒྲིག་ཅིག་བཟོས་ཡོད་པ་དེར་རྒྱ་གར་གྱི་མཐོ་རིམ་མི་སྣ་དག་གི་ཁྲོད་དུ་ཡོད་པའི་མི་རིགས་རིང་ལུགས་པ་དག་དགའ་མོས་བྱུང་མེད་པ་རེད། དེར་བརྟེན་ནས། དེས་དཔུང་སྒྲིག་མི་བྱེད་པའི་ལྟ་གྲུབ་དེ་ཐོན་བཅུག་པ་རེད།

མུ་འགོད།

(བསྒྱུར་རྩོམ་འདིའི་བདག་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*