རྒྱ་དཀར་ནག་གཉིས་༡༩༦༢ལོར་ཅིའི་ཕྱིར་དམག་འཁྲུག་བརྒྱབ་པ་རེད།(ཕྱི་མ)


སྐར་ཁུང་རྩོོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་རྫོ་རཱ་ཝར་ ཊོལ་ལེས་ཊི སིང་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རྒྱ་ནག་གིས་ལེགས་པར་སྒྲུབ་པའི་དངོས་བདེན།

ནེའུ་རུའུ་ཡིས་༡༩༥༤ལོའི་ཨ་རི་དང་པཱ་ཀི་སི་ཐན་གྱི་མནའ་འབྲེལ་ལ་གནང་བའི་གཤམ་གསལ་ལྗགས་ལན་གྱིས་འདི་ཡི་དཔེ་མཚོན་གྱི་འདུག་སྟེ།“ཨ་མེ་རི་ཀས་སྲིད་བྱུས་འདི་བརྒྱུད་ཁོང་ཚོས་རྒྱ་གར་གྱི་བར་གནས་རང་བཞིན་གྱི་སྲིད་བྱུས་ལ་གྲགས་པ་དེ་ཡོངས་སུ་སྐོར་ཡོད་པ་དང་། འདི་ལྟར། རྒྱ་གར་མགོ་སྒུར་དུ་འཇུག་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་རེད། མ་འོངས་པར་འགྱུར་བ་ག་རེ་ཐེབས་ཀྱང་། འདི་ནི་འབྱུང་གི་མ་རེད། ”འདི་ཡིས་འགོ་སྟོད་དུ་རྒྱ་གར་གྱིས་རྒྱ་ནག་དང་ལྷན་དུ་འགྲིགས་འཇགས་ཤིག་ཡོང་བར་འབད་རྩོལ་མང་ཆེ་ཤོས་གནང་ཡོད་པ་འགྲེལ་བཤད་རྒྱག་གི་ཡོད། ༡༩༥༤་ལོར་བོད་ཀྱི་སྐོར་ལ་བཞག་པའི་གྲོས་མཐུན་དེར་ངེས་པར་དུ་འདི་ལྟ་བུའི་གནས་བབ་ཅིག་གི་འོག་ལྟ་དགོས་པ་ལས་དེ་ནི་ནེའུ་རུའུ་ཡིས་ཨེ་ཤི་ཡཱི་ཁྱོན་ཡོངས་ལ་བཅངས་པའི་འཆར་སྣང་གི་སེམས་གཙོ་རིང་ལུགས་ཀྱི་རྣམ་འགྱུར་ཙམ་གྱི་འོག་ནས་ལྟ་མི་རུང་།

༡༩༥༤ལོའི་གྲོས་མཐུན་ནི་རྩ་བའི་ཆ་ནས་རྒྱ་ནག་གིས་ཁྲིམས་དང་མཐུན (de jure) ་པའི་རྒྱ་གར་གྱིས་རྒྱ་ནག་གིས་བོད་ཀྱི་ཐོག་ལ་བདག་དབང་བཟུང་བར་མོས་མཐུན་དང་རྒྱ་གར་གྱིས་རང་གི་དབྱིན་ཇིའི་དུས་སྐབས་ཀྱི་དམིགས་བསལ་ཁེ་དབང་དག་དོར་བ་ལས་འཐེན་སྦྱོར་བྱས་པའི་ལེགས་སྒྲུབ་ཀྱི་དངོས་དོན་ཞིག་རེད། གྲོས་མཐུན་དེ་སྤྱི་ལོ་༡༩༦༢ལོའི་ཕྱི་ཟླ་དྲུག་པའི་བར་གྱི་ལོ་ངོ་བརྒྱད་རིང་ལ་ཁུངས་ཐུབ་ཆགས་པ་རེད། འབྲེལ་ལམ་དག་སྐྱུར་སོབ་སོབ་དུ་ཆགས་པ་དང་རྒྱ་ནག་གིས་༡༩༥༤ལོའི་རྒྱ་གར་གྱི་གནས་བབ་དེར་ནན་བརྗོད་ཅིག་བྱེད་པར་ལོ་འཁོར་ལྔ་བཅུའི་རིང་ལ་མི་སྒུག་ག་མེད་བྱུང་བ་རེད། འདི་ནི་སྤྱི་ལོ་༢༠༠༣་ལོར་པེ་ཅིན་དུ་མཉམ་འབྲེལ་གསལ་བསྒྲགས་ཤིག་གི་སྐབས་ལ་ཐོན་པ་རེད། ཤེས་འདོད་ཆེན་པོ་ཞིག་ནི་རྒྱ་གར་གྱི་གནས་བབ་ནང་གི་གལ་ཆེན་བརྗེ་ལེན་འདི་རྒྱ་ནག་གི་དམིགས་བསལ་ཁེ་དབང་དང་ཕར་སྤྲོད་ཚུར་ལེན་ཞིག་མེད་པར་ཡང་བསྐྱར་ལག་བསྟར་བྱས་ཡོད་པ་དེ་རེད། དེ་མིན་གཞན། དེ་ནི་རྒྱ་གར་གྱིས་འབྲས་ལྗོངས་གྱི་སྒང་ལ་བདག་དབང་ཡོད་པར་ཤུགས་བསྟན་གྱི་ངོས་ལེན་ཞིག་རེད།

༡༩༥༤ལོའི་གྲོས་མཐུན་དེར་ཕྱིར་ལོག་པ་ཡིན་ན། དེ་རུ་རྒྱ་གར་གྱིས་གུན་གསབ་ quid quo pro ཅིག་ལེན་པའི་ཁྲོད་དུ་ནོར་འཁྲུལ་ཞིག་བཟོས་ཡོད། མི་ལ་ལས་༡༩༥༤་ལོའི་གྲོས་མཐུན་དེ་ནི་སྤྱི་ཚོགས་ནང་རང་བཞིན་གྱིས་དར་ཁྱབ་བྱུང་བའི་ཡིད་ཆེས་ཤིག་སྟེ་མཐའ་མཚམས་ཀྱི་དཀའ་རྙོག་སེལ་ཚར་ཡོད་བསམས་པར་འགྲེལ་བརྗོད་གནང་ཡོད། ནེའུ་རུའུ་སྲིད་གཞུང་གིས་དངོས་གནས་དེ་ཡིས་རྒྱ་དཀར་ནག་གི་གནད་དོན་ཡོངས་རྫོགས་སེལ་ཚར་ཡོད་བསམ་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་འདྲ།

གྲོས་མཐུན་གྱི་རྗེས་ནས་ཡུན་རིང་མ་འགོར་བར་ནེའུ་རུའུ་ཡིས་སྤྱི་ལོ་༡༩༥༤ལོའི་ཕྱི་ཟླ་༧པའི་ཚེས་༡ཉིན་ཕྱི་སྲིད་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་དང་ཕྱི་སྲིད་དྲུང་ཆེ་ལ་དྲན་ཐོ་ཞིག་བསྐུར་ཡོད་པའི་ནང་གཤམ་གསལ་ལྟར་བརྗོད་འདུག “མཐའ་མཚམས་དང་འབྲེལ་བའི་ང་ཚོའི་ས་ཁྲ་རྙིང་པ་ཡོངས་རྫོགས་ལ་གཟབ་ནན་གྱིས་ཐོག་ནས་ཞིབ་འཇུག་གནང་དགོས། གང་དུ་མཁོ་གལ་ཆེན་པོ་བྱུང་ན་ཕྱིར་འཐེན་བྱེད་དགོས། ང་ཚོའི་བྱང་ཕྱོགས་དང་བྱང་ཤར་གྱི་མཐའ་མཚམས་དེ་‘ས་མཚམས་གྱི་ཐིག’དང་དཔྱད་གཞི་གང་རུང་ལ་གཞི་མ་བཅོལ་བའི་ཐོག་ནས་དེ་དག་སྟོན་པའི་ས་ཁྲ་གསར་པ་པར་་ལོག་རྒྱག་དགོས། ས་ཁྲ་གསར་པ་འདི་ཚོས་བཅད་ཐིག་བཀོད་མེད་པའི་ས་ཁུལ་གང་རུང་ཡོད་པར་བརྗོད་མི་རུང་། འདི་ནི་ང་ཚོའི་སྲིད་བྱུས་ལས་མར་རྒྱུན་མཐུད་པ་ཞིག་དང་རྒྱ་ནག་དང་ལྷན་དུ་གྲོས་མཐུན་བཞག་པའི་རྗེས་འབྲས་གཉིས་ཀ་ཡིན་པའི་ཆ་ནས། མཐའ་མཚམས་འདི་ནི་མི་སུ་ལའང་གྲོས་བསྡུར་གྱི་སྒོ་མོ་འབྱེད་མི་རུང་བའི་ས་མཚམས་ངེས་གཏན་ཅན་ཞིག་དང་འགྱུར་བ་མེད་པ་ཞིག་ཡིན་པའི་ཆ་འཇོག་གནང་དགོས།” ལོ་ཟླ་རིམ་གྱིས་འདས་པ་དང་དེ་ནི་གལ་འགངས་ཆེ་བའི་ཐག་གཅོད་ཅིག་ཆགས་ཡོད། གང་ཡིན་ཞེ་ན། ༡༩༥༤ལོའི་ས་ཁྲ་གསར་པ་དག་གིས་རྒྱ་གར་གྱིས་ནུབ་ཕྱོགས་ཀྱི་ས་ཁུལ་སྒང་ལ་ས་ཁྲ་འབྲི་བཀོད་ཀྱི་གནས་བབ་ཅིག་ལ་ཡོངས་གྲགས་ཀྱི་ཐོག་ནས་ནོར་འཁྲུལ་བཟོས་ཏེ་ནུབ་ཕྱོགས་ཀྱི་ས་ཁུལ་དེ་ནི་གསལ་ཁ་མེད་པའི་འབྱུང་ཁུངས་སུ་གྲགས་པར་བཅུག་ཡོད།

དམག་དོན་གྱི་འགོག་རྒོལ།

མགོ་རྙོག་གི་དྲི་བ་ནི་རྒྱ་གར་གྱིས་༡༩༥༤ལོར་རྒྱ་ནག་དང་མཉམ་དུ་གྲོས་མོལ་དག་བྱེད་དུས་ཅིའི་ཕྱིར་ས་མཚམས་ཀྱི་གནད་དོན་གླེང་སློང་མ་བྱས་པ་རེད་ཅེས་པ་དེ་ཡིན་ངེས་པ་རེད། ཡིག་ཚང་གི་བདེན་དཔང་གིས་གསལ་སྟོན་བྱས་པ་ལྟར་ན་ནེའུ་རུའུ་ཡིས་སྐབས་དེར་ས་མཚམས་ཀྱི་གནད་དོན་ཕྱོགས་གཅིག་རྐྱང་བའི་ཐོག་ནས་གླེང་སློང་བྱེད་པར་འདོད་པ་མེད་པའི་རང་བཞིན་གྱི་གཞི་འཇོག་ས་ནི་པེ་ཅིན་གྱིས་ཕྱིར་ས་མཚམས་གསར་པ་ཞིག་གི་ཐོག་གྲོས་མོལ་བྱེད་པར་སྐུལ་ངེས་པའི་ཚོད་དཔག་ཅིག་ལ་ཐུག་ཡོད་པ་རེད། ས་མཚམས་གསར་པ་གླེང་ན་རྒྱ་གར་ལ་ཁེ་ཕན་མེད་པ་རེད། ནེའུ་རུའུ་ཡིས་ཁོང་གི་གྲོས་མོལ་བྱེད་མཁན་དག་ལ་“གལ་ཏེ་རྒྱ་ནག་གིས་ས་མཚམས་ཀྱི་གནད་དོན་གླེང་སློང་བྱས་སོང་ན་ང་ཚོས་ཧང་སང་བ་སྟོན་དགོས་ཤིང་། འདི་ནི་གནད་དོན་ཐག་གཅོད་བྱས་ཚར་བ་ཞིག་ཡིན་པ་སྟོན་དགོས།”ཞེས་ལམ་སྟོན་གནང་ཡོད་པ་རེད། རྒྱ་ནག་གིས་བོད་ཀྱི་སྒང་ལ་འཛིན་པའི་བདག་དབང་དང་ས་མཚམས་དག་གི་སྒང་ལ་ཕར་སྐྲོད་ཚུར་ལེན་ཞིག་དང་ལྷན་དུ་གཞི་རྒྱ་ཆེ་བའི་གྲོས་མཐུན་བཅས་གཉིས་ལ་ཁ་གསལ་པོའི་ཐོག་ནས་མ་སྦྲེལ་པ་ནིི་རྒྱུན་ལྡན་མ་ཡིན་པའི་ནོར་འཁྲུལ་གྱི་ཐག་གཅོད་ཅིག་རེད།

དེར་མ་ཟད། རྒྱ་གར་གྱིས་༡༩༥༤ལོའི་ས་ཁྲ་དག་གིས་བྱང་ཕྱོགས་ཀྱི་ས་མཚམས་ཐག་གཅོད་བྱས་ཡོད་པར་སྟོན་གྱིན་ཡོད་པ་ལ་བསྐྱར་ཞིབ་བྱས་ཡོད་ནའང་དེར་རྣམ་འགྱུར་བསྟན་མེད། ཤར་ཕྱོགས་ཀྱི་ས་ཁུལ་ནང་རྒྱ་གར་གྱིས་སྤྱི་ལོ་༡༩༥༡ལོར་རྟ་དབང་སྒང་༼ སྐབས་དེར་རྒྱ་ནག་གིས་དེར་ཧབ་ཐོབ་རྒྱག་གི་མེད།༽ལ་རང་གི་བླ་ན་མེད་པའི་བདག་དབང་་དེ་ཧུར་བརྩོན་ཆེན་པོིའི་ཐོག་ནས་རྒྱ་སྐྱེད་གནང་ཡོད་ཅིང་འབྲུག་དང་བལ་ཡུལ། འབྲས་ལྗོངས་བཅས་ལ་འབྲེལ་ལམ་བཅད་ཡོད་པར་བསྐྱར་དུ་གཏན་འབེབ་བྱས་ཡོད་པ་རེད། ཤར་ཕྱོགས་ཀྱི་ས་ཁུལ་དང་མི་འདྲ་བར་རྒྱ་གར་གྱིས་ནུབ་ཕྱོགས་ས་ཁུལ་ནང་གི་དངོས་ཡོད་གནས་སྟངས་ལ་འགྱུར་བ་གཏོང་བར་འབད་རྩོལ་ཉུང་ངུ་ལས་བྱས་མེད་པ་རེད། ལོ་རྒྱུས་ཀྱི་ཟིན་ཐོ་ཡིས་རྒྱ་ནག་གིས་ཨཱ་ཁུ་སེ་ཆིན་ནི་ཁོ་རང་ཚོའི་ཡིན་པ་བརྗོད་པར་རྒྱབ་སྐྱོར་གནང་གི་མེད་ནའང་། བོད་ནང་དུ་རྒྱ་ནག་གི་སྟོབས་ཤུགས་རྒྱ་སྐྱེད་བྱས་ཡོད་པའི་དགེ་མཚན་ལ་བརྟེན་ནས་ཁོང་ཚོས་དུས་འདི་ནས་བཟུང་ཨཱ་ཁུ་སེ་ཆིན་ནི་ཁོ་རང་ཚོའི་བོད་ལ་མཁོ་སྤྲོད་ཀྱི་ལྕགས་ལམ་དག་རྒྱུན་མཐུད་པར་འཐབ་ཇུས་ཀྱི་ཆ་ནས་གལ་འགངས་ཆེ་བའི་ས་ཁུལ་ཞིག་ཡིན་པའི་ལྟ་ཕྱོགས་འཛིན་ངེས་རེད། ལ་དྭགས་ཀྱི་ཤར་ཕྱོགས་སུ་གནས་པའི་རྒྱང་རིང་གི་ས་ཁུལ་འདི་ཚོ་ནི་༼དེའི་རྗེས་ཀྱི་གལ་ཆེའི་བྱུང་བ་དག་སྟེ་དཔེར་ན་ཞིན་ཅང་དང་བོད་ཀྱི་ལམ་ཁ་གསར་རྙེད་བྱུང་བའི་སྐོར་ཞིག་༡༩༥༧ལོར་རྒྱ་ནག་གི་དུས་དེབ་ཅིག་གི་ཐོག་ཏུ་སྤེལ་རྗེས་༽དེ་ཡི་བདེན་དཔང་ཡིན་པ་ལྡི་ལི་ཡིས་ཉུང་ཉུང་ལས་ཤེས་ཀྱི་ཡོད་པ་མ་རེད་ཨང་།

རྒྱ་གར་གྱིས་གཞུང་འབྲེལ་གྱི་ཐོག་ནས་སྤྱི་ལོ་༡༩༥༨ལོའི་ཕྱི་ཟླ་བཅུ་པའི་ནང་ལྡི་ལི་རུ་རྒྱ་ནག་གི་གཞུང་ཚབ་ལ་ཟིན་ཐོ་ཞིག་སྤྲད་ཡོད་པའི་ནང་ཨཱ་ཁི་སེ་ཆིན་ནི་ཁོ་རང་ཚོའི་ཡིན་པར་བརྗོད་ཡོད། ཟླ་བ་ཉུང་ཤས་ཤིག་གི་རྗེས་སུ་བོད་ནང་དུ་གྱེན་ལོག་ཅིག་བྱུང་བ་དེས་ཏཱ་ལའི་བླ་མ་རྒྱ་གར་ལ་སྡེབ་ཐོན་བྱུང་དགོས་བཅུག་ཡོད། སྤྱི་ལོ་༡༩༥༩ལོའི་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན་ལོང་ཅུ་ Longju ཡི་ཤར་ངོས་སུ་ཐེངས་དང་པོར་རྒྱ་ནག་དང་ལྷན་དུ་གོ་མཚོན་ཐོགས་ཏེ་འཁྲུགས་འཛིང་ཤོར་ཡོད་ཅིང་། སྤྱི་ལོ་༡༩༥༩ལོའི་ཕྱི་ཟླ་བཅུ་པའི་ཚེས་ཉེར་གཅིག་ཉིན་ནུབ་ཕྱོགས་ས་ཁུལ་གྱི་ཀོང་ཀ་འགག་འཁྲང་ Kongka Pass དུ་རྒྱ་ནག་གི་ཉེན་སྲུང་དམག་མིས་རྒྱ་གར་བ་མྱུལ་ཞིབ་རུ་ཁག་ཅིག་གི་ཚོགས་མི་དགུ་བསད་ཅིང་བཙོན་མ་བཅུ་འཁྱེར་ཡོད། རྩོད་རྙོག་གི་འཁོར་ལོ་དག་འཁོར་གྱི་ཡོད་ནའང་དེ་ཡིས་ཆབ་སྲིད་ཀྱི་འགལ་ཟླ་ཞིག་དམག་དོན་གྱི་འགོག་རྒོལ་ཞིག་ལ་འགྱུར་ལྡོག་གཏོང་བར་གོད་ཆགས་ཆེ་བའི་རྒྱལ་སྤྱིའི་གཉན་འཕྲང་གི་དུས་སྐབས་ཤིག་ད་དུང་བསྒུག་དགོས་ཀྱི་རེད་དོ།།

(བསྒྱུར་རྩོམ་འདིའི་བདག་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*