རྒྱལ་འཕུང་དམངས་གནོད་ཀྱི་ “འཆར་ལྡན་བུ་སྐྱེས” །

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཕཱང་ཅིན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

འཆར་ལྡན་བུ་སྐྱེས་ནི་འཆར་ལྡན་དཔལ་འབྱོར་དང་འདྲ་བར་ཀྲུང་གུང་གིས་ཡུན་རིང་རྒྱུན་འཁྱོངས་བྱས་པའི་དམངས་ཀྱིས་རྒྱལ་ཁབ་སྐྱོང་བ་དང་། ཏང་གིས་རྒྱལ་ཁབ་སྐྱོང་བ། རང་ཤེད་རིང་ལུགས། མངོན་འགྱུར་བྱ་ཐབས་མེད་པའི་བསམ་བློ་བཅས་ཀྱི་འབྲས་བུ་རེད། འཆར་ལྡན་དཔལ་འབྱོར་ནི་དཔལ་འབྱོར་གྱི་ཁྱབ་ཁོངས་ནས་རང་ཤེད་ཀྱི་འདོད་བློས་ཚབ་བྱས་པའི་ཁྲོམ་རའི་དཔལ་འབྱོར་གྱི་འགྲོ་སྟངས་ཤིག་རེད། དེ་ནི་ཧ་ལམ་རྒྱ་ནག་རྒྱལ་དམངས་དཔལ་འབྱོར་གྱི་འཐོར་ཞིག་ལས་བྱུང་བ་རེད། འཆར་ལྡན་བུ་སྐྱེས་ཀྱིས་མིའི་རིགས་ཀྱི་སྐྱེ་འཕེལ་གྱི་མངའ་ཁོངས་ལ་བཙན་ཤེད་ཀྱིས་ཕྲུ་གུ་གཅིག་གི་རྣམ་པ་ཅན་དུ་གཅིག་གྱུར་བཟོས་ཏེ་ཚེ་སྲོག་གི་རང་བྱུང་སྐྱེ་འཕེལ་གྱི་ཆོས་ཉིད་ཀྱི་ཚབ་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་གི་རིང་གྲུབ་པའི་ཁྱིམ་གཞི་ཡི་གྲུབ་ཆ་དང་མི་ཆོས་ཀྱི་ཀུན་སྤྱོད་མགོ་རྟིང་སློག་ནས་ཕོ་མོ་གཉིས་ཧ་ལས་པ་དོ་མི་མཉམ་པར་བཟོས་པ་རེད། ཀྲུང་ཧྭ་མི་རིགས་ཡོངས་ཀྱི་རྒྱུ་སྤུས་དང་གཤིས་རྒྱུད་ལོ་རྒྱུས་ཀྱི་ཆེས་དམའ་ས་ཞིག་ཏུ་མར་ཆག་བཅུག་པ་རེད་ལ། གནོད་འཚེ་རྫོགས་རྒྱུ་མེད་པར་ལྷག་པ་རེད།

༡༩༤༩ ལོར་ཀྲུང་གུང་གིས་རྒྱ་ནག་སྐམ་ས་ཆེན་མོར་དབང་སྒྱུར་བྱེད་སྐབས། རྒྱ་ནག་ལ་ཁྱོན་བསྡོམས་མི་འབོར་དུང་ཕྱུར་བཞི་དང་ཁྲི་ལྔ་སྟོང་ཙམ་ཡོད། ཀྲུང་གུང་གིས་དབང་སྒྱུར་གྱིས་གུང་ཁྲན་རིང་ལུགས་ཟེར་བ་འཛམ་གླིང་ཡོངས་ལ་མངོན་གྱུར་བྱུང་ཡོད་པར་གྲགས་ཆེད་དང་མི་ཡུལ་ལ་རྐང་རྗེས་ཕབ་ཆེད། སཱོ་ལཱེན་སྔོན་མར་མིག་དཔེ་བལྟས་ཏེ་ཤེས་རྨོངས་ཀྱིས་ཕྲུ་གུ་མང་པོ་སྐྱེ་བར་སྐུལ་འདེད་བཏང་བ་རེད། དུས་ཡུན་ཐུང་ངུའི་ནང་ཀྲུང་ཧྭ་ས་གཞི་ཆེན་མོར་གཟི་བརྗིད་ལྡན་པའི་ཨ་མ་འཁྲུངས་པ་རེད། ལོ་རབས་༦༠ནས་༧༠ཡི་ནང་རྒྱ་ནག་གི་ཁྱིམ་རེ་ལ་ཕྲུ་གུ་༥ནས་༦་ཡོད། ཐ་ན་ཕྲུ་གུ་༡༠ཅན་གྱི་ཁྱིམ་ཚང་ཡང་མང་པོ་ཡོད། ལོ་ངོ་༣༠ཏག་ཏག་གི་དུས་ཡུན་ནང་རྒྱལ་ཡོངས་ཀྱི་མི་འབོར་ཁྱོན་བསྡོམས་སྔར་ལས་ལྡོག་སྟེ་དུང་ཕྱུར་༡༠་ལ་སླེབས། ཕྱོགས་གཅིག་ནས་རང་ཤེད་བླུན་རྨོངས་ཀྱིས་ཕྲུ་གུ་མང་པོ་སྐྱེ་བར་སྐུལ་འདེད་དང་། ཕྱོགས་གཞན་ཞིག་ནས་ཀྲུང་གུང་རྒྱལ་ཁབ་བཙུགས་རྗེས་ཆབ་སྲིད་དང་དཔལ་འབྱོར་གྱི་ཁྱབ་ཁོངས་ཤེས་རྨོངས་ཀྱིས་མདུན་མཆོང་ཆེན་པོ་ཞིག་བྱས། མི་དམངས་སྤྱི་ལས་དང་སྤྱི་ཐབ། རིག་གནས་གསར་བརྗེ་ཆེན་མོ། མི་དམངས་ལ་གྱོན་ཆས་ཞན་ཞིང་ཟ་མ་ཉུང་བར་བཟོས། འཚོ་བའི་གནས་སྟངས་སྐྱོ་བ། རྒྱལ་དམངས་ཀྱི་དཔལ་འབྱོར་ཉམས་རྒུད་ལ་ཉེ་བ། དེ་དང་བསྟུན་ནས་མི་འབོར་མང་དུ་ཕྱིན་པ་ལ་ཁ་གཡར་ཏེ་སྐྱོན་འགེབས་དང་མ་ཟད་རྒྱལ་ཡོངས་ལ་བཙན་ཤེད་ཀྱིས་ཕྲུ་གུ་གཅིག་ཅན་དུ་བསྒྱུར། ད་དུང་འཆར་ལྡན་བུ་སྐྱེས་ཟེར་བ་འདི་རྒྱལ་ཁབ་ཀྱི་ལམ་ལུགས་སུ་གྱུར།

འཆར་ལྡན་བུ་སྐྱེས་ལ་ཕྲུ་གུ་གཅིག་གི་ལམ་ལུགས་ཀྱང་ཟེར། སྲིད་སྐྱོང་བས་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ནས་ཁྱིམ་ཚང་རེ་ལ་ཕྲུ་གུ་གཅིག་འབའ་ཞིག་ལས་སྐྱེས་མི་ཆོག་པར་བཟོས། འཆར་ལྡན་བུ་སྐྱེས་ཀྱིས་མི་དམངས་ཀྱི་ཕྲུ་གུ་སྐྱེ་བའི་རང་དབང་གི་ཐོབ་ཐབ་ཕྲོགས་ཤིང་མིའི་རིགས་ཀྱི་ཚེ་སྲོག་གི་རང་བྱུང་སྐྱེ་འཕེལ་གྱི་ཆོས་ཉིད་ལ་རྒྱབ་འགལ་ཚབས་ཆེན་པོ་བཟོས་ཡོད། རྒྱ་ནག་གི་སྲོལ་རྒྱུན་ཁྱིམ་རྒྱུད་གྲུབ་ཚུལ་ལ་གཏོར་བཤིག་དང་སྤྱི་དམངས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཐོབ་ཐང་ལ་གནོད་པ་ཚབས་ཆེན་པོ་སྐྱེལ་ཡོད་ལ། རྒྱ་ནག་སྤྱི་ཚོགས་ལ་ཚོད་དཔག་དཀའ་བའི་གནོད་སྐྱོན་བཟོས། དེ་ཡང་མཚོན་བྱེད་གཙོ་བོ་གཤམ་གྱི་ཕྱོགས་བརྒྱད་དེ།

དང་པོ།
ཕྲུ་གུ་གཅིག་གི་ལམ་ལུགས་འདིས་སྤྱི་དམངས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་། འཆར་ལྡན་བུ་སྐྱེས་ཀྱི་བཙན་ཤེད་རང་བཞིན་ནི་མ་གཞི་ནས་སྤྱི་དམངས་ཀྱི་རང་དབང་ཐོབ་ཐང་ལ་རྩུབ་སྤྱོད་དང་རྡོག་རོལ་ཏུ་བཏང་བ་རེད། སྤྱི་དམངས་ཀྱི་ཕྲུ་གུ་སྐྱེ་བའི་རང་དབང་གི་ཐོབ་ཐང་བཙན་འཕྲོག་བྱས་པ་རེད། ལྷག་པར་དུ་ཕྲུ་གུ་གཅིག་གི་ལམ་ལུགས་ལ་ངོ་རྒོལ་བྱེད་མཁན་གྱི་སྤྱི་དམངས་དག་གང་བྱུང་དུ་འཛིན་བཟུང་དང་གཅར་རྡུང་། ལུས་ཆད་གཅོད་པ། བཙོན་འཇུག་བྱེད་པ། ཁང་པ་གཏོར་བ། དངུལ་ཆད་གཅོད་པ། ལས་གནས་ནས་ཕུད་པ། དེ་ལས་ཀྱང་སྤྱི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གཉའ་གནོན་ཚབས་ཆེན་གཏོང་གི་ཡོད།

གཉིས་པ།
ཕྲུ་གུ་གཅིག་གི་ལམ་ལུགས་འདིས་མིའི་རིགས་ཀྱི་ཚེ་སྲོག་གི་རིན་ཐང་ལ་སྣང་ཆུང་ཚབས་ཆེན་གཏོང་བ་སྟེ། བཙན་ཤེད་ཀྱིས་ཕྲུ་གུ་གཅིག་གི་ལམ་ལུགས་ལག་བསྟར་བྱེད་པ་དེ་དོན་དངོས་ཐོག་བཙན་ཤེད་ཀྱིས་མངལ་ཁ་སྡོམ་པ་དང་མངལ་ཁ་གཏོར་བ། བཙན་ཤེད་ཀྱིས་མངལ་ནས་འདོན་པ་སོགས་ཐམས་ཅད་བཙན་ཤེད་ཀྱིས་ཚེ་སྲོག་གི་སྐྱེ་འཕེལ་གྱི་ཐབས་ལམ་བཀག་འགོག་བྱེད་པ་དེ་མངོན་འགྱུར་བྱ་བའི་ཆེད་དུའོ།། མ་ཟད་བུད་མེད་མང་པོ་ཞིག་ལ་མོ་ནད་ཁྱབ་པ་དང་སྐྱེས་པ་མང་པོ་ཞིག་གི་ནུས་སྟོབས་འཕྲོ་བརླག་ཚབས་ཆེན་པོ་གཏོང་གི་ཡོད། དེ་ལས་ཀྱང་བྱིས་པ་འགའ་ཤས་ཨ་མའི་ལུས་ནས་ཟླ་བ་༧དང་༨་ཀྱི་མཚམས་སུ་སྐྱེས་པ་དང་། ཨ་མའི་ལུས་ནས་དུམ་བུར་བྱས་ཏེ་བཙན་ཤེད་ཀྱིས་ཕྱིར་འགོག་གི་ཡོད། འདི་ནི་ཚེ་སྲོག་སྣང་ཆུང་དང་དམར་གསོད་ཚབས་ཆེན་ཞིག་ཡིན་ལ། མི་སྤྱོད་ལས་འདས་པའི་གདུག་རྩུབ་ཅིག་ཡིན་པས་འགྲོ་བ་མི་ཡོངས་ཀྱིས་རྒོལ་གཏམ་གཏོང་འོས་པ་ཞིག་རེད།

གསུམ་པ།
ཕྲུ་གུ་གཅིག་གི་ལམ་ལུགས་ཀྱིས་མིའི་རིགས་ཀྱི་རང་བཞིན་དང་སྲོལ་རྒྱུན་གྱི་མི་ཆོས་ཁྱིམ་གཞི་མགོ་རྟིང་སློག་པ་རེད་ལ། རྒྱ་ནག་གི་སྲོལ་རྒྱུན་ཁྱིམ་རྒྱུད་དབྱེ་འབྱེད་ཧ་ལས་པ་བྱས་ཡོད། མིའི་རིགས་ཀྱི་ཚེ་སྲོག་གི་སྐྱེ་འཕེལ་ནི་རང་བྱུང་གི་སྣང་ཚུལ་ཞིག་རེད། རིགས་རྒྱུད་བསྐྱར་སྤེལ་གྱི་འགྲོ་སྟངས་ཡོད་བཞིན་དུ་ཡུན་བརྟན་མ་ཡིན་པའི་བཙན་ཤེད་ཀྱི་འདོད་བློ་དང་འཆར་ལྡན་ཟེར་བ་དེས་ཚབ་བྱས་ཆོག་གི་ཡོད། འཆར་ལྡན་བུ་སྐྱེས་ནི་ཚོད་རྩིས་འགྱུར་མེད་ཅིག་རེད། ཁྱིམ་རྒྱུད་ནི་ང་ཚོ་མིའི་རིགས་ཀྱི་འཚོ་བའི་འཕེལ་རིམ་སྟེ་རང་བཞིན་གྱིས་གྲུབ་པའི་སྤྱི་ཚོགས་ཀྱི་གཞི་རྩའི་ཚད་གཞི་ཞིག་རེད། རྒྱ་ནག་གི་སྲོལ་རྒྱུན་ཁྱིམ་རྒྱུད་ཁྲོད་ཕོ་མོ་གཉིས་ཀ་གསོ་སྐྱོང་བྱ་བར་འགན་ལེན་བྱེད་ཀྱི་ཡོད་པ་དང་། རྒན་པ་འཚོ་སྐྱོང་བྱེད་པ་སྟེ་རྒྱུན་འཁྱོངས་རང་བཞིན་གྱི་འབྲེལ་བ་སོགས་ཀྱི་ནུས་པ་འགན་ལེན་བྱེད་པ། བཙན་ཤེད་ཀྱིས་ཕྲུ་གུ་གཅིག་གི་ལམ་ལུགས་ལག་ཏུ་བསྟར་བས་དེང་སང་གི་ཁྱིམ་རྒྱུད་ཁྲོད་དུ་ཕོ་ལས་མོ་གསོ་སྐྱོང་བྱ་ཡི་མེད་པས་ཕུ་ནུ་མིང་སྲིང་མེད་ལ། ཨ་ཁུ་ཨ་མྱེས་མེད་པ། ཨ་ནེ་ཨ་ཕྱི་མེད་པར་བུ་བུ་མོས་རྒན་པོ་གསོ་བ་ཙམ་ལས་འཚོ་སྐྱོང་མི་ཐུབ་པར་བཟོས་ཏེ། མི་ཆོས་ཀྱི་བརྩེ་བ་རིམ་གྱིས་རབ་རིབ་ཏུ་གྱུར་བ། འཆར་ལྡན་བུ་སྐྱེས་ལམ་ལུགས་ཀྱི་ཤུགས་རྐྱེན་འོག དེང་སྐབས་རྒྱ་ནག་ཁྱིམ་རྒྱུད་ཀྱི་རྩ་བའི་ནུས་པ་ཕལ་ཆེར་ཡལ་འདུག རྒྱ་ནག་གི་སྲོལ་རྒྱུན་ཁྱིམ་རྒྱུད་ཀྱི་གྲུབ་ཆ་དང་མི་ཆོས་ཀྱི་གནས་ལུགས་ཁ་ཐོར་རྩ་ཐོར་གྱི་གནས་སུ་སྐྱེལ།

བཞི་བ།
ཕྲུ་གུ་གཅིག་གི་ལམ་ལུགས་ཀྱིས་རྒྱ་ནག་གི་ཕོ་མོ་འདྲ་མཉམ་གྱི་ཚད་ཐིག་ཡལ་བར་བྱས་ལ། གནའ་བོའི་རྒྱ་ནག་གི་རྒན་རབས་པའི་ལུགས་སྲོལ་ཁྲོད། འདི་ནི་མེས་པོའི་གདུང་རྒྱུད་འཛིན་པའི་ལྟ་ཚུལ་རང་ཡིན། རྒྱ་ནག་གི་རྒྱ་ཆེ་བའི་ཞིང་གྲོང་དུ་ཕོ་ཡི་ཞིང་ལས་ངལ་རྩོལ་ནུས་ཤུགས་ཀྱི་དགོས་མཁོ་དང་། གཞན་ཡང་ཕྲུ་གུ་གསོ་བ་དང་རྒན་པོར་ཟོན་པའི་དགོས་མཁོ་སྟེ། ལོ་ངོ་སྟོང་ཕྲག་ལྷག་ལ་གྲུབ་པའི་འདུ་ཤེས་གཞི་མེད་རྟེན་མེད་ཅིག་རེད། འོན་ཀྱང་། ཕྲུ་གུ་གཅིག་གི་ལམ་ལུགས་བཙན་ཤེད་ཀྱིས་ལག་བསྟར་བྱས་པ་ལ་བརྟེན་ནས་མི་ཚང་མས་བསམ་ཕྱོགས་གཅིག་གྱུར་སྟེ་ཕོ་ཞིག་སྐྱེ་འདོད་པ་རེད། རྒྱུ་མཚན་ནི་གདམ་ག་རང་བཞིན་གྱི་མངལ་སྦྲུམ་པ་སྟེ་མངལ་གྱི་གནས་སྐབས་སུ་ཕྲུ་གུ་ཕོ་མོ་དབྱེ་འབྱེད་དང་མངལ་ཆགས་མཚམས་འཇོག་ཏུ་འཇུག་པ་སྟེ་རྒྱ་ནག་གིས་སྤྱི་ཡོངས་ལ་བེད་སྤྱོད་དང་དེང་སྐབས་ཀྱི་རྒྱ་ནག་གི་ཕོ་མོ་འདྲ་མཉམ་ཡལ་བར་བྱས། ཕོ་ཁྲི་༤ལྷག་སྐྱེས་པ་ལ་ཟླ་བོ་མ་བརྙེད་པ། ཨའོ་གླིང་གི་ཁྱོན་བསྡོམས་མི་འབོར་ལས་བརྒལ་བ། འདི་ནི་རྒྱ་ནག་གི་གཉན་འཕྲང་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད།

ལྔ་བ།
ཕྲུ་གུ་གཅིག་གི་ལམ་ལུགས་ཀྱིས་རྒྱ་ནག་གི་མི་འབོར་གྱི་སྤུས་ཚད་ཧ་ལས་པ་མར་ཆག་བཅུག་པ་སྟེ། ཕྲུ་གུ་གཅིག་གི་ལམ་ལུགས་དེའི་རྩ་ཚིག་རང་བཞིན་དང་བཙན་ཤེད་རང་བཞིན། གཅིག་གྱུར་རང་བཞིན་ལ་བརྟེན་ནས་མིའི་རིགས་ཀྱི་སྐྱེ་འཕེལ་གྱི་རང་བྱུང་གི་ཆོས་ཉིད་ལ་ཛ་དྲག་གི་རྒྱབ་འགལ་བྱས་ཡོད། མིའི་རིགས་ཀྱི་སྐྱེ་འཕེལ་གཅིག་པོའི་ཐད་ནས་ཀྱང་ཁྱོ་ཤུག་གཉིས་ཀྱིས་ཁྱིམ་གཞིའི་དོན་དངོས་ཀྱི་བྱམས་སྐྱོང་སློབ་གསོའི་ནུས་པ་ལྟར་ཐག་གཅོད་ཆོག་པའི་དོན་དག་ཅིག་རེད། རྒྱལ་ཡོངས་ཀྱི་ཁྱིམ་རྒྱུད་ཁྲི་སྟོང་མང་པོ་སྟེ་རྙོག་འཛིང་གི་ཁྱིམ་གཞིའི་སྐྱེ་འཕེལ་སྲིད་གཞུང་གི་ཚོགས་སྡེ་རུ་གྱུར་སྟེ། ཁྱིམ་ཚང་གི་ཆ་རྐྱེན་བཟང་བ་དང་གསོ་སྐྱོང་སློབ་གསོའི་ནུས་པ་ཡོད་མཁན་གྱིས་ཕྲུ་གུ་སྐྱེ་མི་ཆོག་པ་དང་། དབུལ་ཕོངས་ཞིང་གྲོང་ས་ཁུལ་ཏེ། གསོ་སྐྱོང་སློབ་གསོའི་ནུས་པ་མེད་པ་དག་གིས་ག་ཚོད་སྐྱེས་ཀྱང་ཆོག་པ། ཕྲུ་གུ་སྐྱེ་བའི་ཆ་རྐྱེན་ལྡན་མཁན་གྱིས་སྐྱེས་མི་ཆོག་དང་སྐྱེ་བའི་ཆ་རྐྱེན་མེད་མཁན་གྱི་སྐྱེས་ཆོག་པས་ཏན་ཏན་མི་འབོར་གྱི་སྤུས་ཚད་མར་ཚབས་ཆེན་ཆག་ངེས།

དྲུག་པ།
ཕྲུ་གུ་གཅིག་གི་ལམ་ལུགས་ཀྱིས་རྒྱ་ནག་མདུན་དུ་འཁྲིད་ནས་རྒན་རབས་ཀྱི་སྤྱི་ཚོགས་ཤིག་ཏུ་དེད་ཡོད། ཕྲུ་གུ་གཅིག་གི་ལམ་ལུགས་ལ་བརྟེན་ནས་མིའི་འདོད་བློ་དང་རྒྱུན་འཁྱོངས་བྱས་པའི་མི་འབོར་གྱི་འཕེལ་ཁ་མར་ཆགས་བཅུག་པ་སྟེ། རྒྱ་ནག་འཛམ་གླིང་སྟེང་རྒན་རབས་པའི་གྲངས་འབོར་ཆེས་མང་ཤོས་སུ་གྱུར་ལ། འཕེལ་ཁ་ཆེས་མགྱོགས་པའི་རྒྱལ་ཁབ་རེད། གློ་བུར་བའི་རྒན་རབས་སྤྱི་ཚོགས་སུ་འཛུལ་པས་ཏན་ཏན་རྒྱ་ནག་གི་འབྱུང་འགྱུར་དཔལ་འབྱོར་དང་སྤྱི་ཚོགས་སོ་སོའི་འཛུགས་བསྐྲུན་ལ་ཛ་དྲག་གི་འཐབ་རྩོད་ཅིག་བསླངས་པ་རེད།

བདུན་པ།
ཕྲུ་གུ་གཅིག་གི་ལམ་ལུགས་དེས་ཁྲལ་སྤྲོད་མཁན་དག་ལ་རྡོག་ཁྲེས་སྣོན་མ་ཞིག་བཀལ་བ་རེད། རྒྱུ་མཚན་ནི་འཆར་ལྡན་བུ་སྐྱེས་ཀྱི་ལམ་ལུགས་ལག་བསྟར་བྱས་པས་རྒྱལ་ཁབ་ཀྱིས་མིའི་ནུས་ཤུགས་དང་དངོས་པོའི་ཐོན་ཁུངས་ལ་མ་དངུལ་ཚད་མཐོན་པོ་འཇོག་དགོས་པ་རེད། འགྲོ་སོང་འདི་དག་ཚང་མ་རྒྱལ་ཁབ་ཀྱི་མ་དངུལ་ནས་གཏོང་དགོས། གཡོ་བརྫུས་ཀྱིས་ཁྲལ་སྤྲོད་མཁན་དག་ལ་རྡོག་ཁྲེས་སྣོན་མ་བཀལ་ཡོད།

བརྒྱད་པ།
ཕྲུ་གུ་གཅིག་གི་ལམ་ལུགས་ཀྱིས་སྐྱེ་འདེད་གཏོང་གི་ཡོད། སྲིད་གཞུང་གིས་འཆར་ལྡན་བུ་སྐྱེས་ཞེས་པའི་མིང་གཡར་ནས་སྤྱི་དམངས་ཀྱིས་ལུགས་དང་མཐུན་པའི་སྒོ་ནས་རང་ཐག་རང་གཅོད་ཀྱིས་ཕྲུ་གུ་སྐྱེ་བའི་ཐོབ་ཐང་ཡོངས་སུ་ལོངས་སྤྱད་ཆོག་པ་དེ་བཙན་ཤེད་ཀྱིས་ཁྲལ་དངུལ་བསྡུ་བའི་གཞི་རུ་གྱུར་བ་རེད། སྤྱི་དམངས་ཀྱིས་ཕྲུ་གུ་སྐྱེ་བ་ལ་རྒྱལ་ཁབ་ཀྱི་ཆོག་མཆན་དགོས། སྐྱེས་ཆོག་པའི་ལག་ཁྱེར་མེད་ན་ཉེས་ཆད་འབོར་ཆེན་གཅོད་ཀྱི་ཡོད། རྒྱལ་ཁབ་ཀྱིས་ལོ་རེ་བཞིན་མི་དམངས་ལ་བཙན་ཤེད་ཀྱིས་ཕྲུ་གུ་དུང་ཕྱུར་བརྒྱ་ལས་བརྒལ་བར་ཉེས་ཆད་གཅོད་པ་དང་། དུང་ཕྱུར་བརྒྱ་ཕྲག་གི་སྤྱི་ཚོགས་གསོ་སྐྱོང་གི་གསོ་ཡོན་བསྡུ་ཡི་ཡོད། ལོ་རྟག་པར་གསོ་ཡོན་དུང་ཕྱུར་བརྒྱ་ཕྲག་བསྡུ་བ་དེ་གང་དུ་འགྲོ་ཡི་ཡོད་པ་མི་ཤེས།

གང་ལྟར། ཕྲུ་གུ་གཅིག་གི་ལམ་ལུགས་དེས་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་དང་ཀུན་སྤྱོད་ལ་རྒྱབ་འགལ་དང་སྤྱི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བ། རང་བྱུང་གི་མིའི་སྐྱེ་འཕེལ་གྱི་ཆོས་ཉིད་ལ་གཏོར་བཤིག་གཏོང་བ། མི་དམངས་ལ་ཁུར་བོ་སྣོན་མ་འགེལ་བ། སྤྱི་ཚོགས་ཁྱོན་ཡོངས་ནས་ཚེ་སྲོག་ལ་སྣང་ཆུང་ཤོར་བ། རྒྱ་ནག་གི་ཕོ་མོ་འདྲ་མཉམ་མེད་པར་བཟོས་པ། སྲོལ་རྒྱུན་གྱི་ཁྱིམ་རྒྱུད་ཁ་ཐོར་ལ་ཉེ་བ། རྒྱལ་འཕུང་དམངས་གནོད་བཅས་ལ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་རྒོལ་གཏམ་གཏོང་འོས་པ་དང་། མི་དམངས་ཀྱིས་རང་ཐག་རང་གཅོད་ཀྱིས་ཕྲུ་གུ་སྐྱེ་བའི་རང་དབང་ཐོབ་ཐང་ལོངས་སུ་སྤྱོད་པ། ཕྲུ་གུ་གཅིག་གི་ལམ་ལུགས་འདོར་བར་ཐག་གཅོད་ངེས་པར་དུ་དགོས།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to རྒྱལ་འཕུང་དམངས་གནོད་ཀྱི་ “འཆར་ལྡན་བུ་སྐྱེས” །

  1. ཡར་འཕེལ་ ནས།

    རྩོམ་འདིས་རྒྱ་ནང་ལ་ཕོ་མང་མོ་ཉུང་གི་གནད་དོན་ཞིག་བཤད་ཁུལ་བྱས་འདུག དེ་འདྲ་ནག་ཉེས་འཛུགས་ས་རྒྱ་གཞུང་གི་འཆར་ལྡན་བུ་སྐྱེས་ཀྱི་ཁྲིམས་གཞི་ཡིན་ཁུལ་རེད། དོན་དངོས་ཐོག་དེ་ནི་འཆར་ལྡན་བུ་སྐྱེས་ཀྱི་ཁྲིམས་གཞི་དེའི་ནག་ཉེས་མ་ཡིན་པར་ཁོ་ཚོའི་སྲོལ་རྒྱུན་དང་རྙིང་ཞེན་གྱི་བསམ་བློའི་ཉེས་སྐྱོན་ཡིན་པ་ཡིན་པ་གསལ་བོ་རེད། རྩོམ་པ་པོའི་བཤད་སྟངས་ལས་གོ་ཐུབ་པ་ནི། རྒྱ་མི་ཚོའི་བྱིས་པ་མངར་ན་ཡོད་སྐབས་རྟགས་དཔྱད་ཀྱིས། བུ་མོ་ཡིན་ན་མངལ་ལས་འདོད་རྒྱུ་དང་། བུ་ཡིན་ན་སྐྱེ་འཇུག་པ་དེ་རེད། ཁོ་ཚོའི་ཕོ་མཆོག་མོ་དམན་དུ་འདུ་ཤེས་པའི་ནག་ཉེས་འཆར་ལྡན་བུ་སྐྱེས་ལ་བཀལ་བ་མ་ཡིན་ནམ། དེ་འདྲའི་ནོར་འཁྲུལ་གྱི་བྱ་སྤྱོད་རྒྱ་རྒན་བསམ་བློ་བསམ་རློམ་པ་ཚོའི་ལྟ་སྤྱོད་ནང་མིང་དུ་མཐོང་རྒྱུ་ཡོད་པ་ནི། ཁོ་ཚོའི་བསམ་བློའི་གཏིང་རིམ་ན་རས་གཅོད་ཀྱི་འདུ་ཤེས་སྦས་སྐོང་བྱས་ཡོད་པའི་མངོན་རྟགས་རེད།

Write a Reply or Comment

Your email address will not be published. Required fields are marked *

*