ང་ཕོད་འཇིགས་མེད་ལས་གནས་ནས་ཕྱིར་ཕུད་བཏང་བའི་དགོད་བྲོ་བའི་ཟློས་གར་ལ་དཔྱད་པ།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་གནམ་ལོ་ཡག

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ངས་དྲ་ཐོག་ནས་མི་ཞིག་གིས་ལོ་བཅུ་བཞིའི་ཡར་སྔོན་དུ་ང་ཕོད་འཇིགས་མེད་ལགས་ལ་བཅར་འདྲི་བྱས་པའི་ཟིན་བྲིས་ཞིག་བརྒྱུད་འགོད་བྱས་ཡོད་པ་མཐོང་སོང་། དེ་ལས་ང་ཕོད་འཇིགས་མེད་ལགས་ཀྱི་མི་གཤིས་དང་། ཡོན་ཚད། སྒེར་ཚུགས་ཀྱི་བསམ་བློ། ད་དུང་ཁོས་མི་རིགས་ལ་བཅངས་བའི་ལྷག་བསམ་སོགས་ལ་བརྩི་འཇོག་ཡིད་སྨོན་དང་དགའ་གུས་ཡི་རངས་བྱེད་པའི་ཚིག་འབྲུ་རེ་རེ་ཀློག་དུས་ང་ལ་རང་བཞིན་གྱིས་དངངས་སྐྲག་ཞིག་སྐྱེས་བྱུང་། ཕལ་ཆེར་ཁོས་ང་ཕོད་འཇིགས་མེད་ལགས་ལ་མྱ་ངན་ཞུ་བ་དང་འདྲ། དེའི་རྐྱེན་གྱིས་ངས་མིང་གྲགས་ཆེ་བའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ང་ཕོད་འཇིགས་མེད་ལགས་སྐུ་གཤེགས་པར་དོགས་ནས་འདི་སྐོར་ཀྱི་གནས་ཚུལ་རྩད་གཅོད་བྱས་ཤིང་། ཁ་པར་བརྒྱུད་ནས་དོན་དག་ཁ་ཤས་ལ་རྒྱུས་ལོན་བྱས་པ་ཡིན།

མ་གཞི་༢༠༡༢ལོའི་ཟླ་༡༡་པའི་ཚེ་༡ཉིན། ང་ཕོད་འཇིགས་མེད་ལགས་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་ལས་གནས་ལས་ཕྱིར་ཕུད་བཏང་བའི་བརྡ་ཐོ་འབྱོར་ཞིང་། གནས་ཚུལ་ཤེས་མཁན་ཚོས་རྒྱུས་ལོན་བྱུང་བ་ལྟར་ན། ང་ཕོད་ཁོང་ཉིད་ཕྱིར་ཕུད་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ནི། ཁོང་གིས་རླུང་འཕྲིན་ཁང་དེ་གའི་འགན་འཛིན་གྱི་འགན་བཞེས་པ་ནས་ནམ་རྒྱུན་རང་བཙན་འཐབ་རྩོད་པ་དང་ངོ་རྒོལ་གྱི་བསམ་ཚུལ་ཐོན་མཁན་རིགས་ལ་གླེང་སྟེགས་བསྐྲུན་པས་རེད་ཟེར། དེ་ལས་ཀྱང་བློ་ངོར་མ་ཤར་བ་ཞིག་ནི་རླུང་འཕྲིན་ཁང་དེ་གའི་བོད་སྐད་སྡེ་ཚན་གྱི་ལས་མི་ཡོངས་ཀྱིས་ང་ཕོད་འཇིགས་མེད་ལགས་རྒྱུ་མཚན་མེད་པར་འགན་འཛིན་གྱི་ལས་གནས་ནས་ཕྱིར་ཕུད་བཏང་བ་དེ་དང་ལེན་བྱེད་མ་ཐུབ་པས། ཕྱི་ཟླ་༡༡པའི་ཚེས་༦ཉིན་ཨ་རིར་གནས་སྡོད་བྱས་པའི་༧གོང་ས་མཆོག་གི་སྐུ་ཚབ་བློ་བཟང་སྙན་གྲགས་ལགས་ཧ་ཤིན་ཏོན་ལ་ཡོང་ནས་ཁོ་ཚོར་བསམ་བློའི་སློབ་སྟོན་གནང་ཡོད་རབས་ཟེར།

བོད་ཀྱི་མཐོ་རིམ་སྐུ་དྲག་དེ་ཚོ་ནམ་རྒྱུན་རང་གི་སྣང་བར་མི་འགྲོ་བའི་མི་རྣམས་ཐང་ལ་རྫོགས་རྒྱུར་ཧ་ཅང་བྱང་ཆ་ཡོད་པ་དང་། ད་དུང་གནས་ལུགས་རྫིག་པོ་རེ་དྲུད་ཡོང་ནས་གཞན་གྱི་ཁ་གཅོད་པར་ཡང་བྱང་ཆ་ཡོད་པ་རེད། ད་ཐེངས་ཡང་དེ་དང་གཅིག་མཚུངས་ཀྱིས་ང་ཕོད་འཇིགས་མེད་ལགས་རྒྱ་གཞུང་གིས་གསང་མྱུལ་ཡིན་པའི་གཏམ་འཆལ་ཞིག་མཆེད་ཀྱིན་འདུག ཁོ་ཚོས་བཤད་ན་གསང་མྱུལ་བ་ཞེས་པ་ནི་བོད་ཀྱི་ཆོས་སྲིད་ལས་དོན་ཐད་གྱི་དགྲ་བོ་ཡིན་པས་སྔོན་ནས་ཚར་གཅོད་མ་བྱས་ཚེ་གནོད་སྐྱོན་ཚབས་ཆེན་འབྱུང་བ་དང་། རྒྱ་ཆེའི་མི་དམངས་ཀྱིས་དེར་ཡིད་ཆེས་དང་ངོས་ལེན་བྱེད་དགོས་ཚུལ་བཤད་ནས། ༧གོང་ས་མཆོག་གི་བཀའ་སློབ་ཀྱི་ཚིག་དུམ་རེ་བཏུས་ཡོང་སྟེ་གོ་བ་ལོག་འགྲེལ་བྱེད་བཞིན་འདུག ང་རང་བོད་རིག་པར་ཞིབ་འཇུག་བྱེད་མཁན་ཞིག་དང་བོད་ཀྱི་གནས་བབ་ལ་བློ་དཀར་བའི་ཉམས་ཞིབ་པ་ཞིག་ཡིན་པས་ཆ་ནས། འདིའི་སྐོར་མི་རྣམས་ལ་ཕྱོགས་སྡོམ་རགས་བསྡུས་ཤིག་བྱེད་པའི་འོས་འགན་ཡོད་པར་བསམ།

དང་པོ། འགན་འཛིན་ལས་གནས་ནས་ཕྱིར་ཕུད་བཏང་བའི་རྒྱུ་མཚན་ལས་དོན་དག་གི་ངོ་བོར་བལྟ་བ།

(维基百科)ལ་གཞི་བཅོལ་བ་ཡིན་ན། “ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (Radio Free Asia)་ནི་༡༩༥༠ལོར་ཐོག་མར་དབུ་བརྙེས་ཤིང་། རྗེས་ལ་༡༩༩༤ལོར་གྲོས་འཆམ་བྱུང་བའི་ཨ་རིའི་རྒྱལ་སྤྱིའི་རླུང་འཕྲིན་ཁང་གི་ཁྲིམས་གཞི་ལྟར། ༡༩༩༦ལོར་ཁེ་སྤོགས་མེད་པའི་སྒེར་གཉེར་རླུང་འཕྲིན་ཁང་ཞིག་ཏུ་བསྒྱུར་བ་དང་། ཨ་རིའི་རྒྱལ་ཚོགས་ནས་འགྲོ་སོང་བཏང་སྟེ་ཨ་རིའི་རླུང་འཕྲིན་ལས་འཛིན་ལྷན་ཚོགས་ཀྱི་དོ་དམ་འོག་ཏུ་ཡོད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩ་བའི་དམིགས་ཡུལ་ནི་ཨེ་ཤེ་ཡའི་རྒྱ་ཆེ་ཉན་མཁན་ཚོས་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་ངོ་མ་ཤེས་རྟོགས་བྱེད་མ་ཐུབ་པའམ་ཡང་ན་ཕྱོགས་ཡོངས་ཀྱི་གནས་ཚུལ་ཆ་སྙོམས་པའི་སྒོ་ནས་འདོན་སྤེལ་བྱེད་པའི་བརྒྱུད་ལམ་མེད་པས། རླུང་འཕྲིན་ཁང་འདི་གའི་ཁ་པར་གློག་སྐུད་ཀྱི་ལེ་ཚན་བརྒྱུད་དེ། ཨེ་ཤེ་ཡའི་རྒྱ་ཆེའི་ཉན་མཁན་ཚོར་འཚོ་བའི་ཁྲོད་དུ་སྐྱོན་བརྗོད་ཀྱི་འབོད་སྒྲར་ཉན་སའི་སྡིངས་ཆ་ཞིག་ཁ་གསབ་བྱས་པ་”ཡིན་པར་བཤད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གསར་འཛུགས་བྱས་པ་ནས་བཟུང་རྒྱ་ཆེའི་ཉན་མཁན་ཚོས་ཧ་ཅང་དགའ་བསུ་ཐོབ་ཡོད། དེ་ལྟ་བུའི་གྲུབ་འབྲས་ཐོབ་དོན་ཡང་གཙོ་བོ་རླུང་འཕྲིན་ཁང་འདིས་བོད་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཐོག་ནས་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་པ་དང་། ཉིན་ལྟར་ལེ་ཚན་གྱི་80%བོད་ཕྱི་ནང་གི་གནས་ཚུལ་དང་འབྲེལ་ཡོད་དེ། བོད་དོན་སྐོར་ལ་དཔྱད་བརྗོད་སྤེལ་བ་དང་། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སོགས་རང་དབང་གི་རིན་ཐང་ལྟ་ཚུལ་ངོ་སྤྲོད་བྱེད་བཞིན་ཡོད། དེ་ལྟར་བོད་མི་དམངས་ཀྱི་འཚོ་བའི་ཁྲོད་དུ་སྐྱོན་བརྗོད་ཀྱི་འབོད་སྒྲ་དང་དམངས་གཙོ་རང་དབང་གི་རིན་ཐང་ལྟ་ཚུལ་སྐོར་ལ་གོམ་གང་མདུན་སྤོས་ཀྱིས་རྒྱུས་ལོན་ཤེས་རྟོགས་བྱེད་པའི་སྟོང་ཆ་ཁ་གསབ་བྱས་པ་རེད། ཡང་གཅིག་བཤད་ན། ང་ཕོད་འཇིགས་མེད་ལགས་ཀྱིས་འགོ་ཁྲིད་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་འདིས་བོད་མི་དམངས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་། དེ་ལ་བརྟེན་ནས་བོད་མི་ཚོར་རང་ཉིད་ལ་དབང་བའི་ཁེ་དབང་སུས་ཀྱང་བཙན་འཕྲོག་བྱེད་མི་ཆོག་པའི་གོ་རྟོགས་སད་དུ་བཅུག་པ་དང་། དམངས་གཙོ་དང་རང་དབང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལའང་ཤེས་རྟོགས་གསར་བ་བྱུང་བ་རེད། དེར་བརྟེན། བོད་ཀྱི་ས་ཁུལ་ཁག་ཏུ་བོད་མི་མང་ཆེ་ཤོས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་ང་ཕོད་འཇིགས་མེད་ལགས་ཀྱི་སྣེ་ཁྲིད་པའི་གསར་འགོད་པའི་དཔུང་སྡེ་དེ་ཚོ་གོ་ཐོས་ཡོད་པ་རེད།

ངས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཉན་ནས་ལོ་ངོ་བཅུ་ལྷག་ཡིན། ངས་བལྟས་ན་བོད་སྐད་རླུང་འཕྲིན་ཁང་འདིའི་ཁྱད་ཆོས་གཙོ་བོ་ནི་ ༡ རང་རྐྱ་འཕེར་བའི་གསར་འགྱུར་གྱི་ངོ་བོ་རྒྱུན་འཁྱོངས་བྱས་པ། ༢ སྨྲ་བརྗོད་རང་དབང་ཡིན་པ། ༣ མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཐོག་ནས་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་གསར་བ་རྒྱང་བསྒྲགས་བྱེད་པ་བཅས་རེད།

ང་ཕོད་འཇིགས་མེད་ལགས་འགན་འཛིན་གྱི་ལས་གནས་ལས་ཕྱིར་ཕུད་བཏང་བའི་རྒྱུ་རྐྱེན་ནི་རང་བཙན་འཐབ་རྩོད་པ་དང་ངོ་རྒོལ་གྱི་བསམ་ཚུལ་ཐོན་མཁན་རིགས་ལ་གླེང་སྟེགས་བསྐྲུན་པས་རེད་ཟེར། རྒྱུ་མཚན་འདི་ནི་ངོ་མ་དགོད་བྲོ་བ་ཞིག་རེད། བལྟས་ཡོང་ན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཁོ་ནའི་བསམ་ཚུལ་མ་གཏོགས་བསམ་ཚུལ་གཞན་པ་གང་ཡང་རྒྱང་སྒྲོག་བྱེད་མི་ཆོག་པ་འདྲ། ཡིན་ནའང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་ཡུལ་ལྟར་ན། ཁ་པར་སྐུད་ལམ་གྱི་ལེ་ཚན་དང་རྒྱང་སྒྲོག་གང་ཡིན་ཀྱང་མི་དམངས་ཀྱི་འཚོ་བའི་ཁྲོད་དུ་གོ་ཐོས་དཀའ་བའི་སྐྱོན་བརྗོད་རང་བཞིན་ཀྱི་བསམ་ཚུལ་ཐོན་མཁན་རིགས་ལ་བསྟུན་དགོས་ཚུལ་ཧ་ཅང་གསལ་བོར་བཤད་ཡོད། དེ་ན་འོག་རིམ་ལ་བཀའ་ཕབ་ནས་འགན་འཛིན་ཕྱིར་ཕུད་བཏང་བ་དེ་ནི་ཐང་གི་རྡོ་བླངས་ནས་རང་གི་རྐང་བ་རྨས་པ་དང་གཅིག་མཚུངས་མ་ཡིན་ནམ།

སྐབས་དེར། ཁྲོས་ཁྲི(推特)ཐོག་ཏུ་མིང་ལ་བོད་དོན་ལྟ་ཞིབ་ཅེས་པ་ཞིག་གིས་མཆན་བུ་ཞིག་བཀོད་ཡོད་ལ། ཁོས་ཧ་ཅང་གདེང་ཚོད་ཡོད་པའི་སྒོ་ནས་བཤད་རྒྱུར། “ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནི་ང་ཕོད་འཇིགས་མེད་ལགས་ཀྱིས་གསར་འཛུགས་བྱས་པ་མ་ཡིན་པར། ལོ་ངོ་བཅུ་དྲུག་གི་ཡར་སྔོན་དུ། ཨ་རིའི་རྒྱལ་ཚོགས་དང་འབྲེལ་ཡོད་སྡེ་ཁག་ནས་རླུང་འཕྲིན་ཁང་འདི་ཉིད་གསར་འཛུགས་བྱེད་དུས་ང་ཕོད་འཇིགས་མེད་གླས་ཡོང་ནས་དེ་གའི་འགན་འཛིན་དུ་བཞག་པ་རེད་”ཟེར། སྐད་ཆ་དེར་ཕྱོགས་གཉིས་ནས་བསམ་བློ་གཏོང་རྒྱུ་ཡོད། དང་པོ་ཁོས་གཞན་ལ་གླ་ཁོངས་སུ་འཇུག་པ་དང་གླ་ཁོངས་ནས་ཕྱིར་ཕུད་གཏོང་བའི་འབྲེལ་བ་གསལ་བཤད་བྱས་པ་རེད། གཉིས་པ་འགན་ཡོད་ཚད་གཙོ་གཉེར་བའི་མགོ་ལ་གཡུགས་པར་གྲྭ་སྒྲིག་བྱས་པ་རེད། ཡིན་ནའང་། ཨ་རིར་རྒྱུས་མངའ་ཡོད་མཁན་གྱི་མི་ཚང་མས་ཁྲིམས་མེད་ལུགས་མེད་ཀྱི་ཕྱིར་ཕུད་གཏོང་བ་ནི་ཅི་འདྲ་ཞིག་ཡིན་པ་ཤེས་གསལ་རེད། རྒྱུ་མཚན་གནས་ལུགས་ཅི་ཞིག་ཡིན་ཀྱང་གླ་བའི་བྱ་བའི་རྣམ་འགྱུར་མི་ལེགས་པར་བརྟེན་ནས་ཕྱིར་ཕུད་གཏོང་བའི་ཡར་སྔོན་དུ། ཁོར་ངེས་པར་དུ་ཡིག་ཐོག་ནས་ཉེན་བརྡ་ཐེངས་གཉིས་ལ་འབྱོར་དགོས་པ་དང་། དེ་ལྟར་མ་བྱས་པར་ཕྱིར་ཕུད་བཏང་བ་ཡིན་ན་དེ་ནི་ཁྲིམས་འགལ་ཆགས་པ་རེད། གལ་ཏེ་ང་ཕོད་འཇིགས་མེད་ལགས་ལ་ཡིག་ཐོག་གི་ཉེན་བརྡ་འདི་གཉིས་མ་འབྱོར་པར་ཕྱིར་ཕུད་བཏང་བ་ཡིན་ཚེ། རྒྱུ་མཚན་འདི་ལ་བརྟེན་ནས་ཁོ་རང་ཕྱིར་ཕུད་བཏང་བའི་གནས་ལུགས་དེ་ཕྱིར་སློག་བྱེད་ཆོག་ལ་ཁོང་གི་མཚན་སྙན་ལ་གནོད་སྐྱོན་ཐེབས་པར་ཁ་གསབ་ཀྱང་བྱེད་དགོས་པ་རེད། དེ་ལྟར་བྱས་ཚེ། བཙན་བྱོལ་བོད་མི་ཚོར་གསོན་ཉམས་ལྡན་པའི་ཁྲིམས་ལུགས་སློབ་ཚན་ཞིག་འཚོགས་པ་མ་ཟད། ཁོ་ཚོས་ཁྲིམས་དང་ལྡན་པའི་སྤྱི་ཚོགས་ཀྱི་བཟང་ཆ་དང་བརྗིད་ཉམས་ཤེས་རྟོགས་བྱེད་ཐུབ། ད་བར་དུ་བཙན་བྱོལ་བོད་མིའི་ཚོར་རང་དབང་ཁོ་ན་ལས་ཁྲིམས་ཆད་གཅོད་སྟངས་ལ་གསལ་ཆ་དེ་ཙམ་མེད་པས། ང་ཕོད་འཇིགས་མེད་ལགས་འགན་འཛིན་གྱི་ལས་གནས་ལས་ཕྱིར་ཕུད་བཏང་བའི་གོ་སྐབས་འདི་ལ་བསྟུན་ནས། མི་ཚང་མས་ཁྲིམས་ལུགས་ཀྱི་བརྗིད་ཉམས་ཤེས་རྟོགས་བྱེད་ཐུབ་ལ། འདི་ནི་ཚུལ་མིན་གྱི་བྱ་སྤྱོད་གཏན་འགོག་བྱེད་པར་ཕན་པ་ཡོད་པ་མ་ཟད། བདེ་ཐང་རང་བཞིན་གྱི་མིའི་འབྲེལ་བ་གསོ་སྐྱོང་བྱེད་པར་ཡང་ཕན་པ་རྒྱ་ཆེན་ཡོད།

ཨ་རིར་གནས་སྡོད་བྱས་པའི་སྐུ་ཚབ་་བློ་བཟང་སྙན་གྲགས་ལགས་ཅིའི་ཕྱིར་ལྦ་ཞིན་ཏོན་ལ་ཡོང་ནས་བོད་སྐད་སྡེ་ཚན་གྱི་ལས་མི་ཡོང་ལ་བསམ་བློའི་སློབ་སྟོན་གནང་བ་རེད། སྤྲོ་བ་ཡོད་མཁན་རིགས་ནས་མུ་མཐུད་ནས་ཀློགས་རོགས་ཞུ།

གཉིས་པ། ངས་ཅིའི་ཕྱིར་དོན་དག་འདི་ནི་དགོད་བྲོ་བའི་ཟློས་གར་ཞིག་རེད་ཟེར་བ་ཡིན་ཞེ་ན།

དོན་དག་ཅི་ཞིག་ཡིན་ཀྱང་དང་པོ་སྐྱོ་གར་འབྱུང་བ་དང་། དེ་ནས་རྒྱུན་མཐུད་དེ་དགོད་བྲོ་བའི་འཁྲབ་གཞུང་གི་བྱུང་རིམ་འབྱུང་བ་རེད། བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དགོད་བྲོ་བའི་དོན་དག་མང་པོ་བྱུང་ཟིན་པ་དང་། ཐ་ན་བསྡད་ཀྱིན་བསྡད་ཀྱིན་ཛ་དྲག་གི་ངོ་བོར་འགྱུར་བཞིན་ཡོད། བོད་ས་ཡོངས་ནས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ལས་འགུལ་བྱུང་བ་འདིས་མི་རབས་གསར་བ་ཚོས་རང་དབང་འཐབ་རྩོད་ཀྱི་ཆོད་སེམས་གསལ་སྟོན་བྱས་ཟིན་ལ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་གཞི་ལྟར་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཆེས་མཐའ་མཇུག་གི་དབང་ཆ་ཡོད་ཚད་བོད་མི་དམངས་ལ་ཡོད་ཞེས་པ་དེ་ཡང་མངོན་འགྱུར་བྱས་པ་རེད།

སྐབས་འདིར་ཁུ་སིམ་དང་བག་འཁུམས་ཀྱིས་འདུག་མི་འདོད་པའི་རུས་སྦལ་ཚོགས་ཤིག་ལ་བྲེལ་བ་ལངས་ཤིང་། ད་ནི་དུས་རབས་ཀྱིས་ཁོང་ཚོ་ཕྱིར་ཕུད་གཏོང་བཞིན་པ་ཚོར་ནས། གྲུབ་པའི་དོན་ལས་ཕུང་བའི་དོན་མང་བའི་མི་ཚོགས་འདིས་རང་གི་ལག་འོག་ཏུ་ཡོད་པའི་ཐོན་ཁུངས་བེད་སྤྱོད་བྱས་ནས་རྒྱ་གཞུང་ལ་འཇམ་འགུག་བདེ་འགོད་བྱེད་པའི་ལྷག་བསམ་གསལ་སྟོན་བྱས་པ་དང་། དེ་བཞིན་དུ་ཁོང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞི་འོག་གི་རང་སྐྱོང་འདེམས་ནས་རང་འགུལ་གྱིས་བཙན་བྱོལ་བོད་གཞུང་གི་མཚན་བྱང་ཕྱིར་བསྡུ་བྱས་ཏེ། སྔོན་ཆད་རྒྱ་གཞུང་གིས་ས་གནས་བོད་གཞུང་ཟེར་བ་དེ་མེད་པར་བཟོས་པ་ལྟར་ལོ་རྒྱུས་ཀྱི་ཁུངས་ལུངས་ནག་བསུབ་བཏང་པ་རེད། དེའི་རྐྱེན་གྱིས་རྒྱ་གཞུང་གི་བསམ་པར་ད་ནི་ཁོ་ཚོར་ནུས་པ་དང་རིན་ཐང་ཅི་ཡང་མེད་པར་འདོད་ནས་ག་དུས་ཡིན་ཀྱང་ཁས་ལེན་མེད་པའི་བརྡ་ལན་སྤྲོད་ཀྱིན་ཡོད།

ཁོང་ཚོའི་ཁོག་རྩིས་ཡོད་ཚད་སྟོང་བར་གྱུར་བ་དང་། ཡང་བསྐྱར་ནུས་ཤུགས་ཡོད་རྒུ་བཏོན་ནས་མི་དམངས་ཀྱིས་གོང་གསལ་གླེན་རྟགས་དེ་གཉིས་ལ་ངོ་རྒོལ་གཏམ་གླེང་ཤུགས་ཆེན་བྱེད་པའི་ཁ་འགོག་ཐབས་ལ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ལ་དྭགས་ནས་གནང་བའི་བཀའ་སློབ་ “ངས་བཙན་བྱོལ་བོད་གཞུང་གིས་སྒོ་རྒྱག་སྲིད་དམ”་ཞེས་པའི་གསུང་ཚིག་་ལུངས་འདྲེན་གྱིས་ཁོང་ཉིད་བློ་ཕམ་བྱུང་ཚུལ་ཤུགས་ཆེར་བརྗོད་པ་དང་། མི་དམངས་ལ་དབུ་མའི་ལམ་ལས་རྒྱལ་ཁབ་སླར་གསོ་གླེང་མི་ཆོག་པ་དྲིལ་བསྒྲགས་བྱས། ཁོ་ཚོས་དེ་ནི་༧གོང་ས་ཏཱལའི་བླ་མ་མཆོག་བློ་ཕམ་བྱུང་བའི་རྒྱུ་རྐྱེན་ལ་ཁག་འགེལ་བྱས་པས། ༧གོང་ས་མཆོག་སྐུ་དངོས་ཀྱིས་ཧ་ཅང་གསལ་བོ་སྒོ་ནས་རྒྱལ་ཁབ་སླར་གསོ་ནི་མིའི་ཁེ་དབང་གི་ཁྱབ་ཁོངས་ཡིན་པ་གསལ་བཤད་བྱས་པ་རེད།

དེ་ལྟར་ཡིན་ཀྱང་། མི་དེ་དག་ད་དུང་ཡང་འདུག་མ་བཟོད་པར་དབུ་མའི་ལམ་གྱི་མིང་ཐོག་ནས་གསར་ལམ་ཁག་གཙོས་་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ལ་ཚོད་འཛིན་བྱས། དེང་སྐབས་ཁོ་ཚོས་ཐབས་མཁས་པའི་སྒོ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགོ་གཙོ་འདིའི་ནང་དུ་དྲུད་ཡོང་བ་དང་། བོད་སྐད་སྡེ་ཚན་གྱི་འགན་འཛིན་ལས་གནས་ལས་ཕྱིར་ཕུད་བཏང་བའི་དགོད་བྲོ་བའི་ཟློས་གར་འཁྲབ། འདི་ནི་བརྟན་ཞིང་གཡོ་བ་མེད་པའི་ཤར་ཕྱོགས་པའི་བརྒྱ་ཁ་གཅིག་གཅོད་ཀྱི་བྱེད་སྟངས་དང་ནུབ་ཕྱོགས་པའི་ཁྲིམས་སྐྱོང་འདུ་ཤེས་ཀྱི་རྩོད་གླེང་ཐེངས་གཅིག་རེད། དེ་ལས་ཀྱང་དོན་སྙིང་ཡོད་པ་ཞིག་ནི་དམངས་གཙོའི་གནས་མཆོག་ཏུ་འབོད་པའི་ཨ་རི་འཁྲབ་གཞུང་དེའི་གར་སྟེགས་ལ་བསྒྱུར་ནས། མི་དམངས་ལ་ཡང་བསྐྱར་དགོད་བྲོ་བའི་ཟློས་གར་ཞིག་རོ་ལངས་བརྒྱབས་པ་གསལ་སྟོན་བྱས། གལ་ཏེ་དགོད་བྲོ་བའི་ཟློས་གར་འདི་ལེགས་འགྲུབ་བྱུང་ཚེ་དེ་ནི་མིའི་རིགས་ཀྱི་སྐྱོ་གར་ཆེན་པོ་ཞིག་ཡིན་ལ། ཡང་གཅིག་བཤད་ན་བོད་མི་ཚོས་འཛམ་གླིང་ལ་བཞག་པའི་ཆེས་སྐྱུག་བྲོ་བའི་ཤུལ་བཞག་དངོས་རྫས་ཤིག་ཀྱང་རེད།

དྲང་མོར་བཤད་ན། ཁོ་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་ལ་བརྩི་འཇོག་བྱེད་ཁུལ་གྱིས་ཁོང་གི་རླབས་ཆེ་བའི་མཛད་རྗེས་རྣམས་རྩིས་མེད་དུ་གཏོང་སྟངས་འདི་ནི་དུས་ཡུན་ཐུང་ཐུང་ཞིག་མ་ཡིན་པ་མ་ཟད། དང་པོ་ནས་གཏིང་ཟབ་སར་འཛུལ་ཏེ་ཚོད་ལྟ་བྱེད་འགོ་ཚུགས་པ་རེད། ཚང་མས་ཤེས་གསལ་ལྟར། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་དགྲ་བོར་ལག་འཇུ་བྱེད་ཕོད་མཁན་གྱི་རླབས་ཆེ་བའི་མི་སྣ་ཞིག་ཡིན་ལ། ནང་ཆོས་དར་སྤེལ་གཏོང་མཁན་གྱི་རྒྱུན་འཛིན་པ་ཞིག་ཀྱང་རེད། ནང་ཆོས་ནི་འཛམ་གླིང་ཐོག་རང་རྐྱ་ཐུབ་ཅིང་དོགས་འདྲི་བྱེད་ཆོག་པའི་རིག་པའི་གཞུང་ལུགས་ཁོ་ན་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པས། ༧གོང་ས་ཏཱ་ལའི་བླ་མ་མཆོག་བློ་ཕམ་པའི་རྒྱུ་རྐྱེན་ནི་བསམ་ཚུལ་མ་འདྲ་བ་ཐོན་པ་དེར་ཁག་འགེལ་བྱས་ཚེ། ཁོང་གིས་དགྲ་བོར་ལག་འཇུ་བྱེད་ཕོད་པའི་སྤོབས་ཉམས་ལྡན་པའི་གསུང་བཤད་དེ་སྙིང་བོ་མེད་པར་བཟོས་ཤིང་། ཡང་གཅིག་བཤད་ན་དེ་ནི་བཟང་རྫུ་བྱེད་པའི་གདོང་འབག་རྫུན་མ་ཞིག་ཏུ་ཆགས་པ་རེད། གལ་ཏེ་༧གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་དངོས་ཀྱིས་གསལ་བཤད་མ་བྱས་པའམ་ཡང་ན་མི་ལྷག་བསམ་ཅན་ཞིག་གིས་ཐད་ཀར་༧གོང་ས་མཆོག་ལ་བཀའ་འདྲི་མ་གནང་ཚེ་ད་ནི་ཕལ་ཆེར་ཁོ་ཚོ་དམིགས་ཡུལ་ཀྱང་འགྲུབ་སོང་བ་རེད།

གསུམ་པ། ང་ཕོད་འཇིགས་མེད་སུ་རེད།
ང་ཕོད་འཇིགས་མེད་(༡༩༥༡ལོར་ལྷ་སར་སྐྱེས།) ང་ཕོད་ངག་དབང་འཇིགས་མེད་ཀྱི་བུ་ཡིན་ལ། ༡༩༥༩ལོར་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་གླིང་གི་ཞོར་གཏོགས་སློབ་ཆུང་དུ་འཛུལ་ཞུགས་བྱས། ༡༩༦༤ལོར་པེ་ཅིན་སློབ་འབྲིང་བཞི་བའི་ནང་དུ་སློབ་གཉེར་བྱས། ༡༩༦༨ལོར། ནང་སོག་ཐོ་མོ་ཐུག་ཙོ་ཆིའི་ (土默特左旗)་རུ་ཁག་ལ་ཞུགས། ༡༩༧༢ལོའི་སྐབས་དང་པོའི་བཟོ་ཞིང་དམག་གི་སློབ་མ་དང་། ནང་སོག་དགེ་འོས་སློབ་གྲྭ་ཆེན་མོའི་ཕྱི་ཡིག་སྡེ་ཚན་ནས་སློབ་གཉེར་མཛད། མཐར་ཕྱིན་རྗེས་ལྷ་སའི་སློབ་འབྲིང་དང་བོད་ལྗོངས་དགེ་འོས་སློབ་ཆེན་ནས་དགེ་རྒན་གྱི་ཕྱག་ལས་མཛད། ༡༩༧༨རྗེས་ནས་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་ཁང་ལ་ཡིག་རྒྱུགས་འཕྲོད་ཅིང་། ༡༩༨༢ལོར་རབ་འབྱམས་པ་སློབ་མཐར་ཕྱིན། དེའི་རྗེས་སློབ་གྲྭ་དེ་རུ་བོད་རིག་པའི་ཞིབ་འཇུག་ཁང་དུ་ཞིབ་འཇུག་རམ་འདེགས་པ་གནང་། ༡༩༨༥ལོར་ཕྱི་རྒྱལ་ལ་འཚམས་འདྲིར་སོང་ཤིང་། ༡༩༨༧ལོར་ཨ་རིའི་ བར་རྗི་ནི་ཡ་སློབ་ཆེན་(弗吉尼亚)དུ་གཞུང་དང་ཕྱི་འབྲེལ་སྡེ་ཚན་ནས་སློབ་གཉེར་གནང་། ༡༩༩༠ལོར། ལྦ་ཞིན་ཏོང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བསྟི་གནས་ཁང་(国际声援西藏中心)དུ་ལས་ཀ་གཉེར། ༡༩༩༦ལོར་ཁོང་ཨ་རིའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གནང་། ཁོང་ལ་བོད་དོན་སྐོར་ནས་རྒྱ་གཞུང་དང་བཙན་བྱོལ་བོད་གཞུང་ཕྱོགས་གང་ལའང་མི་མཐུན་པའི་རང་ངོས་ཀྱི་ལྟ་བ་ཞིག་ཡོད།

ང་ཕོད་འཇིགས་མེད་ལགས་ཀྱི་ཕ་ང་ཕོད་ངག་དབང་འཇིགས་མེད་ནི་པེ་ཅིང་ནས་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་མིང་གྲགས་ཆེ་བའི་སྤྱི་ཚོགས་ལས་འགུལ་སྤེལ་མཁན། ཕུལ་དུ་བྱུང་བའི་བོད་མི་དམངས་ཀྱི་བུ། རྒྱལ་ཁབ་གྱི་མི་རིགས་བྱ་བའི་ཐད་ཀྱི་འགོ་ཁྲིད་དཔེ་ལེགས་ཅན། ཀྲུང་གོ་གུང་ཁྲན་ཏང་ལ་བློ་ཉེ་བའི་གྲོགས་པོ་སོགས་ཀྱི་མཚན་སྙན་གནང་ཡོད་ཤིང་། དེ་དང་མཉམ་དུ་རྡ་རམ་ས་ལ་ནས་ཀྱང་རྒྱལ་གཅེས་མི་སྣའི་མཚན་སྙན་གནང་སྟེ། ང་ཕོད་ངག་དབང་འཇིགས་མེད་ལགས་སྐུ་གཤེགས་རྗེས་བཙན་བྱོལ་བོད་གཞུང་གིས་བོད་གཞུང་བཀའ་བློན་ཟུར་བ་ང་ཕོད་ངག་དབང་འཇིགས་མེད་ལགས་ཀྱི་མི་ཚེ་ཧྲིལ་བོའི་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཞུ་བར་ཁྱབ་བསྒྲགས་བྱས། ང་ཕོད་ངག་དབང་འཇིགས་མེད་ལགས་ནི་སྟག་སྒྲེང་རིན་པོ་ཆེ་སྲིད་སྐྱོང་སྐབས་སུ་བསྐོ་བཞག་བྱས་པའི་གཞུང་གི་དཔོན་རིགས་ཡིན་པ་མ་ཟད། ཧ་ཅང་དཀའ་སྡུག་ཆེ་བའི་ཁོར་ཡུག་ནས་དོན་དངོས་བརྒྱུད་བསྒྲགས་གནང་ཐབས་བྱས་པའི་རྒྱལ་གཅེས་མི་སྣ་ཞིག་ཀྱང་ཡིན། ལོ་རབས་བརྒྱད་ཅུའི་ནང་དུ། བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ཚོགས་པ་སྔ་གཞུག་ཏུ་ཁོ་དང་ཐུག་འཕྲད་གནང་སྐབས། ཁོས་ཧ་ཅང་གསལ་བོའི་སྒོ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གིས་རྒྱ་ནག་ལ་དཔྱ་ཁྲལ་འཇལ་མྱོང་མེད་པའི་དོན་དངོས་ཀྱི་ལོ་རྒྱུས་གསལ་བཤད་བྱས་པ་དང་། ད་དུང་ཁོས་ཆིངས་ཡིག་དོན་ཚན་བཅུ་བདུན་འཇོག་དུས་ བོད་ས་ཡོངས་རྫོགས་གཅིག་གྱུར་བྱེད་པར་རེ་བ་བཏོན་ཚུལ་དང་། སྐབས་ཐོག་དེར་ཀྲུའུ་ཨན་ལེན་ཀྱིས་མིག་སྔར་དེ་ཙམ་འོས་འཚམ་མིན་པ་དང་རྗེས་ནས་བསམ་བློ་བཏང་ཆོག་པར་བཤད་པའི་དོན་དངོས་དེ་དག་བདེན་དཔང་ར་སྤྲོད་བྱས། སྤྱི་ལོ་༡༩༨༩ལོར། ཁོས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་དོན་དངོས་ལ་གཞི་བཅོལ་ནས་རྒྱ་གཞུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་ངོས་འཛིན་བྱེད་དུས་དང་ཁྲི་སར་འགོད་དུས་ཀྲུང་གོ་གོ་མིན་ཏང་སྲིད་གཞུང་གིས་ཆོག་མཆན་དང་གཙོ་སྐྱོང་བྱས་ཚུལ་བཤད་པའི་རྫུན་ཚིག་དེ་བདེན་པ་མིན་པ་ར་སྤྲོད་བྱས། ཁོས་ད་དུང་བོད་རིགས་དང་ཀྲུང་གོའི་གྲངས་ཉུང་མི་རིགས་གཞན་དག་མི་འདྲ་སྟེ། བོད་དང་དབུས་གཞུང་བར་དུ་གྲོས་ཆོད་བཞག་ཡོད་པས་བོད་ཀྱི་ཐོབ་ཐང་དམིགས་བསལ་ཡིན་པ་ངེས་པར་དུ་ཁས་ལེན་དགོས་ཚུལ་གྱི་དྲན་སྐུལ་ཡང་ཞུས། ༡༩༩༡ལོར་། ཁོས་ཡང་བསྐྱར་རྒྱ་གཞུང་གིས་ཆིངས་ཡིག་དོན་ཚན་བཅུ་བདུན་པའི་གྲོས་ཆོད་ལག་བསྟར་བྱེད་དགོས་ཚུལ་དང་། ལྷག་པར་དུ་བོད་ཀྱི་ཆོས་སྲིད་གནས་བབ་ལ་བཅོས་བསྒྱུར་བྱེད་དགོས་ཚུལ་གྱི་འབོད་སྐུལ་ཞུས། དེ་དང་མཉམ་དུ་ང་ཕོད་ངག་དབང་འཇིགས་མེད་ལགས་ཀྱི་པན་ཆེན་སྐུ་ཕྲེང་བཅུ་བ་དང་མཉམ་དུ་བོད་ཀྱི་སྐད་ཡིག་གོང་འཕེལ་རྒྱུན་འཛིན་ཐད་ལ་འབད་བརྩོན་བླ་མེད་གནང་། སྐབས་དེའི་དུས་ཀྱི་ཆབ་སྲིད་གནས་བབ་འོག་ནས་བལྟས་ན་ཁོ་ནི་མི་རིགས་ལ་ཤ་ཞེན་ཆེ་བའི་ངེས་པ་དོན་གྱི་རྒྱལ་གཅེས་པ་ཞིག་རེད། མཇུག་མཐར། ང་ཕོད་ངག་དབང་འཇིགས་མེད་ལགས་ཀྱི་སྐུ་ཟླ་དང་བུ་བུ་མོ་དེ་བཞིན་དུ་ཉེ་རིང་སྤུན་མཆེད་ཚང་མར་འཚམས་འདྲི་ཞུ། བཙན་བྱོལ་བོད་གཞུང་གིས་་༢༠༠༩ལོའི་ཟླ་༡༢པའི་ཚེས་༢༤ཉིན།

ངས་བལྟས་ན་པེ་ཅིང་དང་འབྲེལ་མོལ་ཁྲོད་དུ་སུས་ཀྱང་ང་ཕོད་འཇིགས་མེད་དང་ཨ་ཀྱཱ་རིན་པོ་ཆེ་གཉིས་ཀྱི་ནུས་བའི་ཚབ་བྱེད་མི་ཐུབ། ང་ཕོད་འཇིགས་མེད་ལགས་འཚར་ལོངས་བྱུང་སའི་ཁོར་ཡུག་དང་ཁོས་འབྲེལ་འདྲིས་བྱེད་སའི་རྒྱལ་སྲིད་ཏང་གི་རྒྱལ་ལྗོངས་ཀྱིས་ཁོས་ནུས་པ་ཐག་གཅོད་བྱས་ཡོད་པ་དང་། ལྷག་པར་དུ་པེ་ཅིང་དཔོན་རིགས་ཚོ་དང་རྒྱུས་ལོན་ཕྱོགས་ནས་བཤད་ནའང་བཙན་བྱོལ་ནང་དུ་འཚར་ལོངས་བྱུང་བའི་བོད་པ་ཞིག་དང་བསྡུར་ཐབས་ཡོད་པ་མ་རེད། དེ་བཞིན་དུ་ཨ་ཀྱཱ་རིན་པོ་ཆེར་མཚོན་ནའང་བླ་སྤྲུལ་གྱི་གོ་ཐོབ་ཡོད་པ་དང་། ཁོང་གི་གོ་གནས་དང་འབྲེལ་འདྲིས་བྱས་པའི་དཔོན་རིགས། ད་དུང་གཞིས་ཀ་རྩེ་ནས་པེ་ཅིང་། མཚོ་སྔོན་ནས་ཨ་རི། ལྷ་སའི་ཡུལ་སྐད་ནས་ཨ་མདོའི་ཡུལ་སྐད། སོག་སྐད་ནས་རྒྱ་སྐད། འཇར་པན་སྐད་ནས་དབྱིན་སྐད་སོགས་བྱང་དུ་ཆུད་པའི་ཤེས་འཇོན་དེས་ཁོང་གི་ཁྱད་ནུས་གསལ་བཤད་བྱས་ཡོད། ཡིན་ནའང་། དོན་དངོས་ནི་ང་ཚོའི་རེ་འདོད་དང་འགལ་བ་ཡིན་པས་དེང་སྐབས་ང་ཕོད་འཇིགས་མེད་ལགས་བེད་སྤྱོད་བྱེད་རྒྱུ་ཕར་ཞོག་དེ་ལས་ལྡོག་ཏེ་རྒྱ་གཞུང་གི་མྱུལ་མ་ཡིན་ཚུལ་བཤད། མ་གཞི་ནས་རྒྱ་གཞུང་གི་མྱུལ་མ་ཞེས་པ་དེ་ནི་རྒྱུན་བཀོལ་གཡོ་ཐབས་ཞིག་ཡིན་ལ་ནམ་རྒྱུན་དེ་ནི་གནས་བབ་གཉིས་ཀྱི་འོག་ནས་བེད་སྤྱོད་བྱེད་བཞིན་ཡོད།

༡ དངུལ་སྒོར་ལ་ཁ་གཡར་ནས་ཕ་རོལ་བ་རྩ་མེད་དུ་གཏོང་བ།
དེང་སྐབས་བོད་ཀྱི་གནས་བབ་ནི་ཧ་ཅང་ཛ་དྲག་ཡིན་ལ་ད་སྔ་བོད་མི་བདུན་བཅུ་ལྷག་གིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་ནས་གནས་ཚུལ་མཇུག་བསྡུ་བྱེད་མ་ཐུབ་པར་ལྷག་ཡོད་པ་རེད། པེ་ཅིང་ནས་བོད་མི་ཚོའི་ནུས་པ་ཁ་འཐོར་གཏོང་ཆེད་གཡོ་ཐབས་སྣ་ཚོགས་འཐེན་ཏེ། སྒོར་མོར་བརྟེན་ནས་གནད་ཡོད་མི་སྣ་ཁ་ཤས་བསླུ་ཐབས་བྱེད་པ་དང་། ཁོ་ཚོ་བེད་སྤྱོད་བྱས་ནས་བོད་མི་ཚོར་ཤུགས་རྐྱེན་ཡོད་མཁན་གྱི་མི་སྣ་དག་མེད་པར་བཟོས་ཏེ་བོད་མིའི་གཅིག་སྒྲིལ་གྱི་ནུས་པར་གཏོར་བཤིག་གཏོང་འདོད་ཡོད་པ་རེད། ང་ཕོད་འཇིགས་མེད་ལགས་ནི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྐང་འཛིན་མི་སྣ་ཡིན་པས། གློ་བུར་དུ་ཁོང་ཉིད་རྒྱ་གཞུང་གི་ཉུལ་མ་ཡིན་ཚུལ་བཤད་ན་མི་རྣམས་ཁོ་ལ་ཡིད་ཆེས་བརླགས་འགྲོ་བ་མ་ཟད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ཉན་མཁན་རྣམས་ལའང་ཡིད་ཆེས་བརླགས་འགྲོ་བ་རེད། དེ་ལྟར་སོང་ཚེ་བོད་མི་ཚོ་ཁ་འཐོར་ཏུ་འགྲོ་བར་ནུས་བ་ཆེན་པོ་ཐོན་པས། མེ་གསོད་པར་འབོད་མཁན་དེ་ནི་མེ་གཏོང་མཁན་མིན་པ་སུས་ཀྱང་བཤད་ཚོད་ཐུབ་པ་མ་རེད། དྲང་མོར་བཤད་ན། ན་ནིང་རྒྱལ་བ་ཀརྨ་པ་རྒྱ་གར་གསར་ལམ་ཁག་ནས་མྱུལ་མ་ཡིན་ཚུལ་བསྒྲགས་པ་དེ་ཡང་གཅིག་མཚུངས་ཡིན་ལ། དོན་དག་དེའི་རྒྱབ་ལོག་ནའང་བོད་མི་ཁ་ཤས་ཀྱི་གྲུབ་གཟུགས་ཡོད་པ་རེད།

༢ མི་ནུས་པ་ཅན་ལ་འཇིགས་སྐུལ་བྱས་ནས་རང་ཕྱོགས་དང་མི་མཐུན་པའི་རིགས་མེད་པར་བཟོ་བ།

བཙན་བྱོལ་སྤྱི་ཚོགས་ལ་བལྟས་ཡོང་ན་རྒྱ་གཞུང་གི་མྱུལ་མའི་ཞ་མོ་གཡོགས་ཡོད་མཁན་མང་པོ་ཡོད་ལ། ཞིབ་ཏུ་བརྟག་དཔྱད་བྱེད་དུས་ཁོ་ཚོ་ཚང་མ་གཞན་དང་མ་འདྲ་བའི་ནུས་པ་ཡོད་མཁན་ཤ་སྟག་ཡིན། དེའི་རྐྱེན་གྱིས་བཙན་བྱོལ་བོད་མིའི་མཐོ་རིམ་དཔོན་པོ་ཚོའི་མིག་ནང་ནས་དེ་ནི་འཇིགས་སྣང་ཞིག་ལ་ཚོར་ཀྱིན་ཡོད། སྐབས་འཚོལ་རིང་ལུགས་པ་(མི་འདི་དག་གིས་ནང་ཆོས་ནི་མི་མང་ལ་ཁ་གཏད་གཅོག་བྱེད་ཀྱི་ཐབས་ལམ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད)འདི་དག་གིས་བསམ་བློ་ལྟར་བྱས་ན། མི་ནུས་པ་ཅན་དེ་ཚོས་ཁོ་ཚོའི་ལག་ཏུ་ཡོད་པའི་ཁེ་བཟང་འཕྲོག་པར་འདོད་ནས། གེགས་ཆ་སྣ་ཚོགས་བཟོས་ཏེ་མི་ནུས་པ་ཅན་དེ་དག་ཕྱིར་ཕུད་གཏོང་བ་རེད། མང་ཆེ་ཤོས་ཀྱིས་ཟ་མ་ཟོས་ཚར་རྗེས་ཁོག་ནས་ཕྱིར་འབུད་ཀྱིན་ཡོད་ལ། ཁ་ཤས་ཀྱིས་ཟ་མ་ཁོག་ནས་འཇུ་མ་ཐུབ་ཚེ་ད་གཟོད་ཁ་ནས་ཕྱིར་སྐྱུག་པ་རེད། ང་ཕོད་འཇིགས་མེད་ལགས་ནི་དེའི་ཁོངས་སུ་གཏོགས།

ཕྱོགས་འདི་ནས་བལྟས་ཡོང་ན། བོད་མི་ཚོས་རྒྱལ་ཁ་ལེན་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་མི་ནུས་པ་ཅན་ཚོ་བེད་སྤྱོད་མི་བྱེད་པར་གཡོག་པོར་བཀོལ་བ་དང། གཡོག་པོར་གཞན་གྱིས་ཅི་གསུང་བཀའ་བཞིན་སྒྲུབ་པ་ལས་རང་གི་ལྟ་ཚུལ་མེད་པ། དེ་བཞིན་དུ་གཡོག་པོ་བཀོལ་མཁན་གྱི་བདག་པོས་ཀྱང་དུས་གནས་དང་། ལྟ་རྒྱ་ཐོས་རྒྱ་ཡོད་མཁན་རིགས་གྱི་ཤེས་རིག་དང་ཐབས་ཇུས་བློ་རྒྱ་སོགས་བཏང་འཛིན་བྱེད་མ་ཤེས་པས། ལོ་ངོ་ལྔ་བཅུའི་ནང་ཚུན་དུ་སྔོན་ཆད་ཏཱ་ལའི་བླ་མའི་དབང་ཤུགས་འཕྲོག་རྩོད་བྱེད་པའི་བཤད་ཚུལ་དེའི་ཚབ་ཏུ་རྒྱ་གཞུང་གི་མྱུལ་མ་ཞེས་བསྒྱུར་བ་ཙམ་ལས་ཡར་རྒྱས་ཀྱི་ཆ་ཅི་ཡང་མེད་པར་ལྷག་པ་རེད།

མཇུག་གི་གཏམ།
མཚམས་འདིར་སླེབས་དུས་ད་རུང་བྲིས་ནས་ཚར་མེད་པ་དང་འོལ་ཚོད་ཙམ་ཡིན་པའི་ཚོར་སྣང་བྱུང་། ཡིན་ནའང་བཙན་བྱོལ་བོད་མིའི་དཔོན་རིགས་ཁ་ཤས་ཀྱི་རྒྱུན་ལྡན་མིན་པའི་བྱ་སྤྱོད་དེ་དག་མི་ཚང་མར་ཤེས་སུ་འཇུག་པ་དང་ཁོ་ཚོ་དེའི་ནང་ལ་ཚུད་དུ་མི་འཇུག་པའི་ཆེད་དུ། སུས་དོན་དག་སྒྲུབ་པ་དང་སུས་དོན་ངན་སྒྲུབ་པའི་སྤྱི་ཁོག་ཙམ་བྲེལ་ཟིང་གི་བར་ནས་བྲིས་བ་ཡིན། ང་ཕོད་འཇིགས་མེད་ནི་སྤྱི་ཚོགས་ཀྱི་གང་ཅིའི་གནས་ཚུལ་ལ་རྒྱུས་ལོན་ཡོད་མཁན་ཞིག་ཡིན་པ་ང་ལ་ཡིད་ཆེས་ཡོད། ཁོང་ནི་དཀའ་སྡུག་འདྲ་མིན་བརྒྱུད་མྱོང་མཁན་ཞིག་དང་། མོའོ་ཙེ་ཏུང་གི་དུས་རབས་བརྒྱུད་མྱོང་མཁན་ཞིག་ཡིན་པས། མི་ཆུང་ཆུང་དེ་དག་དང་བསྡུར་ཚེ་སྤྱང་གྲུང་འཛོམས་ལ་ཐབས་ཇུས་མང་བ། རང་དབང་སྤྱི་ཚོགས་ལ་རྒྱུས་ལོན་ཡོད་མཁན། ཁྲིམས་ལུགས་འདུ་ཤེས་ཤ་གསེང་རུས་གསེང་དུ་འཐིམས་མཁན་ཞིག་ཡིན་པས། གོ་སྐབས་འདི་བཟུང་ནས་རྒྱ་ཆེ་བོད་མི་རྣམས་དང་ལྷག་པར་ཏུ་བཙན་བྱོལ་བོད་མི་ཚོར་ཁྲིམས་ལུགས་ཀྱི་སློབ་ཚན་གཅིག་འཚོགས་པ་དང་། མི་ཚང་མར་ཁྲིམས་ལུགས་ལྟར་དུ་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ཀྱི་མདུན་ནས་མི་ཚང་མ་འདྲ་མཉམ་ཡིན་པའི་མཐོང་རྒྱ་ཕྱེས་ཤིང་། དེ་དང་མཉམ་དུ་འདུག་བཟོད་མེད་པའི་མི་ཁ་ཤས་ལ་འཇིགས་སྣང་ཞིག་ཀྱང་སྐྱེད་ཐུབ་ངེས་རེད།

༢༠༡༢ལོའི་ཟླ་༡༡པའི་ཚེས་༡༢ཉིན།

(བསྒྱུར་རྩོམ་འདིའི་བདག་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 9 བཀོད་འདུག

9 Responses to ང་ཕོད་འཇིགས་མེད་ལས་གནས་ནས་ཕྱིར་ཕུད་བཏང་བའི་དགོད་བྲོ་བའི་ཟློས་གར་ལ་དཔྱད་པ།

  1. གཅན་སྣང་བ་ཚེ་རིང་བཀྲ་ཤིས་ ནས།

    རྩོམ་ཡིག་ཁ་གསལ་པོ་ཞེ་དྲག་བྲིས་འདུག་པས་བློ་ལ་འབབ་པོ་བྱུང་།  གནད་དོན་ཁ་ཤས་ཀྱི་འགག་རྩ་དེད་ནས་བྲིས་འདུག་པས་ཁྱད་ཆོས་མ་འདྲ་བ་ཞིག་འདུག  ཡིན་ཡང་ང་ཕོ་ངག་དབང་འཇིགས་མེད་ལའང་ཞོར་ནས་བསྟོད་པ་ཧ་སངས་པ་ཞིག་བྱས་འདུག་ དེ་ཅུང་ཙམ་ཁས་ལེན་ཐུབ་ཀྱི་མི་འདུག  ཁོང་གིས་ཁ་ནས་སྐུ་ཚབ་ཚོ་ལ་འདི་དང་འདི་བྱོས་ལབ་ཡོད་སྲིད་ཀྱང་།  ཁ་ནས་བཤད་པ་དེ་བཤད་པ་ཙམ་རེད་མ་གཏོགས།  ཡིག་ཐོག་ཏུ་བཞག་པ་དང་མི་འདྲ།  དེ་བས་དེའི་སྐོར་ལ་ང་ལ་བསམ་ཚུལ་མ་འདྲ་བ་ཡོད།

    རྩོམ་ཡིག་འདི་བསྒྱུར་པ་པོ་ལ་བསྒྱུར་རྩལ་གྱི་བྱང་ཆ་དམིགས་བསལ་བ་ཞིག་འདུག་པས།  རྩོམ་འདི་བསྒྱུར་རྩོམ་ཞིག་ལ་འདྲ་བོ་མི་འདུག   རྩོམ་ཡིག་འདིའི་མ་ཡིག་བོད་ཡིག་ཡིན་པ་བཟོ་འདྲ་བའི་སྣང་བ་སྟེར་གྱི་འདུག་ག  ངར་གི་་་ཤུ་རེ་བྱོས་ར་བསྒྱུར།

  2. ཡར་འཕེལ་ ནས།

    སྨྲ་བརྗོད་རང་དབང་ནི་མིའི་གཙིག་ཆེན་བྱེད་དགོས་ངེས་ཤིག་ཡིན་ནའང་། སྤྱི་ཚོགས་དེའི་བསམ་བློ་གནས་བབ་ལ་མ་ལྟོས་པར་སྨྲ་རྗོད་རང་ཁ་ལ་ཁྱེར་ནས་རང་སྣང་གི་བྱ་སྤྱོད་ཁོ་ན་ལྷུར་ལེན་པ་ནི། སྤྱི་ཚོགས་ཀྱི་བསམ་བློའི་གནས་བབ་དང་། གོ་རྟོགས་ལ་བསམ་གཞིག་མ་ཐུབ་པའི་ཧོལ་རྒྱུགས་ཏེ། འགན་མ་ཁུར་བའི་བྱ་སྤྱོད་ཅིག་རེད་འདོད། ད་དུང་བསམ་མི་ཐུབ་ཞིག་ནི། གནམ་ལོ་ཡག་གིས། ང་ཕོད་ཡབ་སྲས་ཀྱི་རྗེས་འབྲས་ལ་གཟེངས་འབའ་བསྟོད་ཏེ། ༸གོང་ས་མཆོག་གི་སྐུ་འཚབ་དང་བོད་མཐོ་རིམ་དཔོན་རིགས་ཀྱི་བྱས་རྗེས་ཟུར་ཙམ་མ་གླེང་བ་ནི། བསམ་ཡུལ་ལས་འདས་པ་ཞིག་རེད། དེ་ལས་ལྡོག་སྟེ། བྱས་ཉེས་བསམ་ཡང་ན་ཉེས་འཛུགས་ཀྱི་གླེང་གཞི་ལྷུར་བླངས་པ་ནི་བ་དེས་བས་ཀྱང་ངོ། དོན་དངོས་ཐོག་ང་ཕོད་ཡབ་སྲེས་ཀྱིས་མི་ཚེའི་ནང་ལ་བྱས་ཉེས་ཤོར་མ་མྱོང་པ་རེད་དམ། ཁོ་ཚོ་ལའང་བོད་སྤྱི་ཚོགས་ཀྱི་ཤེས་དགོས་པའི་ཉེས་པ་མེད་པ་རེད་དམ།

  3. གཅན་སྣང་བ་ཚེ་རིང་བཀྲ་ཤིས་ ནས།

    སྨྲ་བརྗོད་རང་དབང་ལ་བརྩི་མཐོང་མེད་སོང་ན་ང་ཚོའི་སྲིད་གཞུང་དང་རྒྱ་ནག་སྲིད་གཞུང་གཉིས་ཀར་ཁྱད་པར་ཟིག་མེད་སོང་བ་རེད།  དེ་ལྟར་བྱས་ན་ང་ཚོ་ངོ་གནོང་དགོས་པའི་ཚོད་ཡིན།་་་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་སྨྲ་བརྗོད་རང་དབང་སྤྲོད་ཀྱིན་མི་འདུག་ཅེས་ཀུ་ཅོ་བཏོན་བཏོན་རྗེས་རང་ཉིད་སོ་སོས་སྨྲ་བརྗོད་རང་དབང་རྡོག་བརྫིས་བཏང་ན་དེ་ནི་རང་གི་རྐང་པར་རང་གིས་སྟ་རེས་གཞུས་པ་དང་གཅིག་པ་མ་རེད་དམ།

  4. པད་མ་ཆོས་སྒྲོན་ ནས།

    སྐུ་ཞབས་ཡར་འཕེལ་ལགས་ཕྱོགས་སུ་ལྷུང་འདུག་ལ། ཡང་བསམ་བློ་དང་ལྟ་བ་གང་ཞིག་སྤྱི་ཚོགས་ཀྱི་བསམ་བློ་དང་གོ་རྟོགས་ཀྱིས་མ་འཇུ་བའམ་རྟོགས་མ་ཐུབ་པ་ནི་བསམ་བློའམ་ལྟ་བ་འདོན་པ་པོ་དེའི་དཀའ་ངལ་དང་ནོར་འཛོལ་ཞིག་ག་ལ་ཡིན་སྲིད། ཆེས་སྤྱིར་བཏང་གི་དཔེ་བརྗོད་ཅིག་བཀོད་ན། སངས་རྒྱས་ཀྱི་སྟོང་ཉིད་ལྟ་བའང་ཁྱོད་ང་གཙོས་པའི་སྤྱི་ཚོགས་ཀྱིས་རྟོགས་ཐུབ་ཀྱི་མེད་པའང། མ་མཐར་ཡང་ད་ལྟའི་བར་རྟོགས་ནས་ངེས་བ་རྙེད་མཁན་མ་བྱུང་བ་བཞིན།
    གོང་གི་རྩོམ་པ་པོའི་ལྟ་ཚུལ་དེ་ནི་ཧོལ་རྒྱུགས་དང་འགན་མ་ཁུར་བར་ཉེས་པ་ཡ་མཚན་ཞིག་རེད། ཡང་ཤར་བཤད་པའི་སྐབས་ལ་ནུབ་མ་གླེང་དོན་དྲིས་པ་ནི་དེ་བས་བསམ་བློ་མ་སྨིན་པའི་བྱིས་པའི་ཁ་འཛིང་ཞིག་ཏུ་སྣང་ངོ། དགོངས་འགལ་མེད་པར་ཞུ།

  5. པད་མ་ཆོས་སྒྲོན་ ནས།

    འོ་་་་ཞུ་རྒྱུ་ཞིག་བརྗེད་འདུག ཡང་གོང་དུ་ང་ཕོད་ཡབ་སྲས་གཉིས་སྔ་ཕྱིར་བསྟོད་པའི་བསྟོན་ཚིག་དེ་ནི་བོད་གཞུང་གི་ཡིག་ཆ་ནས་ལུང་འདྲེན་གྱི་བཀོད་འདུག་པ་་་་་་་་་་་་
    (མཇུག་མཐར། ང་ཕོད་ངག་དབང་འཇིགས་མེད་ལགས་ཀྱི་སྐུ་ཟླ་དང་བུ་བུ་མོ་དེ་བཞིན་དུ་ཉེ་རིང་སྤུན་མཆེད་ཚང་མར་འཚམས་འདྲི་ཞུ། བཙན་བྱོལ་བོད་གཞུང་གིས་་༢༠༠༩ལོའི་ཟླ་༡༢པའི་ཚེས་༢༤ཉིན།)ཞེས་མི་གསལ་ལམ།

  6. བསྟན་འཛིན་སྣང་གསལ་ ནས།

    Tsering Woeser via Tenam Yzz
    Shadow Tibet : Jamyang Norbu » Blog Archive » FREE RADIO FREE ASIA !
    http://www.jamyangnorbu.com
    In my last post I mentioned an instance of how Communist China was flexing its economic muscle to disseminate its propaganda in the USA, essentially th
    སྐར་ཁུང་དྲ་བས་འདི་ཡང་སྒྱུར་དགོས་པ་འདྲ།

  7. ད་ཕན་ང་ཕོད་གནས་དབྱུང་སྐོར་གྱི་རྩོམ་ཡིག་འཐུས་ཚང་ཤོས་དེ་འཇམ་དབྱངས་ནོར་བུ་ལགས་ཀྱི་དྲ་ཐོག་ཏུ་བཀོད་འདུག

    འོད་ཟེར་དང་འདིར་བསྒྱུར་ཟིན་པའི་རྩོམ་འདི་ཕུད། གཞན་གནས་སྐབས་རྩོམ་ཡིག་མེད་པ་འདྲ།

  8. ང་ཕོད་ལགས་འགན་འཛིན་ནས་གནས་དབྱུང་བཏང་བས་སྐོར་དང་འབྲེལ་ནས་གནས་ཚུལ་འདྲ་མིན་ཐོན་བཞིན་པ་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་མིའི་འཐབ་རྩོད་ལ་གནད་གཞིའི་རིགས་ཐོན་བཞིན་པ་རྣམས་ཁུང་བསྐྱེལ་དག་ཐེར་བྱེད་དགོས་གལ་ཆེ་དང་། བོད་མིའི་སྒྲིག་འཛུགས་དང་འབྲེལ་ཡོད་དབུ་འཁྲིད་རྣམས་ནས་གནས་ཚུལ་དེ་རིགས་ལ་གསར་འགོད་གསལ་བསྒྲིགས་དང་ལན་འདེབས་ཙམ་གྱི་མི་འཐུས་པར་ཨ་རིའི་ཁྲིམས་ཐོག་ནས་ཁུང་བསྐྱེལ་ར་སྤྲོད་གནང་རྒྱུ་ནི་ཤིན་ཏུ་གལ་ཆེར་མཐོང་། ང་ཕོད་ལགས་གནས་དབྱུང་ཇི་ལྟར་གཏང་མིན་དང་དེ་གསལ་པོ་བཟོ་རྒྱུ་ནི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་ལྷན་དང་ལྷག་པར་ང་ཕོད་རང་ངོས་ནས་གསལ་ཁ་སྟོན་རྒྱུ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཆགས་ཡོད་པ་རེད་སྙམ།

  9. བསམ་གཏན་ ནས།

    ང་ཕོད་ངག་དབང་གྲོངས་སོང་། །
    འཇིག་མེད་གནས་དབྱུང་བཏང་སོང་། །
    ད་ནི་ཕོད་མཁན་ཡོད་ན། །
    རྒྱ་མི་བོད་ནས་དབྱུང་རོགས། །
    ཕྱི་གླིང་མགོ་སེ་གཅིག་གིས། །
    རྨོང་ཚོད་དཀྲུགས་ཤིང་རྒྱབ་པས། །
    བྱས་པ་ཅན་གྱི་མི་ལ། །
    ཞ་མོ་ནག་པོ་གཡོག་སོང་། །
    སྔོན་ཆད་མགར་གྱི་རྒྱུད་པར། །
    བསམ་ཤེས་དྲིན་གཟོ་མ་བྱས། །
    རྟེན་འབྲེལ་ངན་པའི་སྟབས་ཀྱིས། །
    བྱས་ཅན་ཉེས་ཅན་ཆགས་འདུག །
    ད་ལྟའི་སྤྱི་ཚོགས་འདི་ལ། །
    བྱས་ཅན་ཉེས་ཅན་འཁྲུག་འདུག །
    ཉེས་ཅན་དབང་ཤེད་ཅན་གྱིས། །
    བྱས་ཅན་རྡོག་རྫིས་གཏོང་གིས། །
    ངག་ཕོད་ཙན་དན་སྡོང་པོས། །
    རིག་གསར་ཚ་གདུང་སེལ་སོང་། །
    འཇིག་མེད་ལྷ་ཤིང་ཤུག་པས། །
    དྲང་བདེན་དྲིལ་སྒྲ་བཏང་སོང་། །
    ཙན་དན་དགོངས་པ་མ་འཚོམས། །
    རིག་གསར་དྲན་པ་བརྗེད་སོང་། །
    ཤུག་པ་སེམས་པ་མ་སྐྱོ། །
    དྲང་བདེན་དུས་རབས་རྫོགས་སོང་། །

Write a Reply or Comment

Your email address will not be published. Required fields are marked *

*