གློག་ཀླད་མཉེན་ཆས་ཅན་གྱི་ཚིག་མཛོད་ནི་ད་ལྟ་གསར་དུ་འགོ་འབུས་ཙམ་རེད།


བཅར་འདྲི་ཞུ་ཡུལ། བློ་བཟང་སྨོན་ལམ།
བཅར་འདྲི་ཞུ་མཁན། སྐར་ཁུང་དྲ་བ།

༡) སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཞིབ་འཇུག་གི་ཁྱབ་ཚད་ག་འདྲ་ཡིན་ནམ།

ལན། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནི་བརྡ་འཕྲིན་ཤེས་བྱ་དང་། བོད་སྐད་ཡིག་དང་འབྲེལ་པའི་མཉེན་ཆས་སྣ་ཚོགས་ལ་ཞིབ་འཇུག་དང་བཟོ་སྐྲུན་བྱེད་སའི་ལས་ཁུངས་ཤིག་ཡིན་ལ། རྡ་རམ་ས་ལར་རྟེན་གཞི་བྱས་ཡོད། ད་ལྟའི་སྐབས་སུ་འདི་ག་ཞིབ་འཇུག་ཁང་གི་ལས་ཀ་གཙོ་བོ་ནི་བོད་ཀྱི་སྐད་ཡིག་དེ་ཉིད་དེང་དུས་ཀྱི་བརྡ་འཕྲིན་བརྒྱུད་ལམ་ཁྲོད་སྔོན་ཐོན་སྐད་ཡིག་གཞན་དག་དང་འདྲ་བར་བེད་སྤྱོད་ཆ་ཚང་ཞིང་ཡང་དག་པ་ཞིག་ཡོང་ཐབས་ལ་འབད་རྒྱུ་དེ་ཡིན་ཞིང་། དམིགས་ཡུལ་དེའི་ཆེད་དུ་འདི་ནས་མིག་སྔའི་ཆར་ཞིབ་འཇུག་དང་ལས་ཀའི་རྣམ་གྲངས་འགའ་ཞིག་གཉེར་གྱི་ཡོད་པ་ནི། བོད་ཡིག་གི་གློག་ཀླད་ཚིག་མཛོད་ཆེན་མོ་ཞིག་རྩོམ་སྒྲིག་བྱེད་མུས་དང་། དེ་བཞིན་ཡི་གེའི་རང་འགུལ་གྱིས་ཞུ་དག་གཏོང་བྱེད་ཀྱི་མཉེན་ཆས། བརྡ་སྤྲོད་དང་ཚིག་གི་གོ་རིམ་རང་འགུལ་གྱིས་ཞུ་སྒྲིག་བྱེད་སྤྱད། བོད་ཡིག་རང་འགུལ་གྱིས་ཀློག་འདོན་བྱེད་སྤྱད་སོགས་ཡིན།

བོད་ཀྱི་སྐད་ཡིག་དང་དེ་བཞིན་རིག་གནས་ཁག་དང་འབྲེལ་བའི་ཐ་སྙད་ཅུང་འཐུས་ཚང་ཞིག་དང་། དེ་དག་ལ་འགྲེལ་བཤད་ཆ་ཚང་ཞིང་ཡང་དག་པ་ཞིག་དགོས་རྒྱུ་གལ་ཆེ་ཤོས་སུ་མཐོང་བས་ཚིག་མཛོད་རྩོམ་སྒྲིག་ནི་འདི་གའི་ལས་འཆར་གཙོ་བོར་བརྩིས་ཏེ་སྔར་ཡོད་ཚིག་མཛོད་གསར་རྙིང་ཁག་ལ་ཞིབ་འཇུག་དང་འབྲེལ་ཚིག་མཛོད་ཆེན་མོ་ཞིག་གསར་དུ་རྩོམ་སྒྲིག་བྱེད་མུས་ཡིན། བོད་ཡིག་རང་འགུལ་གྱིས་ཞུ་དག་གཏོང་བྱེད་བཟོ་རྒྱུའང་འགོ་བཙུགས་ཡོད། དེ་ནི་ཅུང་རྙོག་འཛིང་ཆེ་བའི་ལས་ཀ་ཞིག་ཀྱང་རེད། འོན་ཀྱང་འདི་ནས་སྐད་ཡིག་དང་མཉེན་ཆས་གཉིས་ཀར་ཞིབ་འཇུག་དང་ཚོད་ལྟ་འགྲོ་བཞིན་ཡོད་ལ། ལེགས་འགྲུབ་ཡོང་བར་འབད་བཞིན་ཡོད།

ཞིབ་འཇུག་གི་རྣམ་གྲངས་གལ་ཆེ་བ་གཞན་ཞིག་ནི་བརྡ་སྤྲོད་དང་ཚིག་གི་གོ་རིམ་སྐོར་དེ་རེད། བོད་ཀྱི་བརྡ་སྤྲོད་རྣམས་སུ་ཚིག་གི་གོ་རིམ་སྐོར་དེ་ཙམ་ཁ་གསལ་དང་འཐུས་ཚང་ཞིག་བསྟན་མེད་སྟབས། ལས་གཞི་འདི་ནི་དུས་ཚོད་རྒྱུན་རིང་ལ་ཞིབ་འཇུག་བྱེད་དགོས་པ་དང་། དེ་ཡང་ཆེད་ལས་རང་བཞིན་གྱིས་ཞིབ་འཇུག་དང་གཏན་འཁེལ་དགོས་པ་ཞིག་རེད། འདི་ག་ཞིབ་འཇུག་ཁང་གི་འབྲེལ་ཡོད་སྡེ་ཚན་ནས་འདིའི་སྐོར་ལ་ཞིབ་འཇུག་གི་བརྒྱུད་རིམ་འགྲོ་བཞིན་ཡོད་ལ། བོད་ཡིག་གི་ཚིག་གི་འགྲོ་སྟངས་རྩ་བའི་ཆ་ནས་གཏན་འཁེལ་བྱུང་མཚམས་འབྲེལ་ཡོད་མཁས་པའི་དགོངས་ཚུལ་བསྡུ་ལེན་དང་འབྲེལ་གཏན་འབེབས་དང་། དེ་ནས་གློག་ཀླད་ནང་ཇི་ལྟར་བཟོ་དགོས་མིན་སྐོར་ལ་ཞིབ་འཇུག་དང་ཚོད་ལྟ་བྱ་རྒྱུ་ཡིན། དེ་དག་ནི་འདི་ག་ཞིབ་འཇུག་ཁང་གི་མིག་སྔའི་ལས་ཀའམ་ཞིབ་འཇུག་གི་རྣམ་གྲངས་གལ་ཆེ་ཤོས་དག་ཡིན།

༢) སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོ་འདིར། བོད་རང་ལ་ཡོད་པའི་ཚིག་མཛོད་གཞན་དག་དང་མ་འདྲ་བའི་ཁྱད་ཆོས་གང་དག་ཡོད་དམ།

ལན། སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོ་ནི། ཅུང་ཆ་ཚང་ཞིང་ཡང་དག་པའི་སྤྱིར་བཏང་གི་བོད་ཡིག་གི་ཚིག་མཛོད་རྒྱས་པ་ཞིག་སྒྲིག་རྒྱུ་དེ་ཡིན་ཞིང་། ཚིག་མཛོད་བཟོ་བའི་དགོས་པ་དམིགས་ཡུལ་ནི། བོད་ཀྱི་ཆོས་དང་རིག་གཞུང་ལ་སློབ་གཉེར་གནང་མཁན་དང་། ཞིབ་འཇུག་པ། དེ་བཞིན་ཤེས་ཡོན་གྱི་ཕྱག་ལས་གནང་མཁན་ཚོར་བོད་ཡིག་ཚིག་མཛོད་བེད་སྤྱོད་གཏོང་སླ་ཞིང་ཚད་ལྡན་ཞིག་མཁོ་འདོན་བྱ་རྒྱུ་དེ་ཡིན།
སྤྱིར་བོད་མི་རིགས་ནི་སྐད་ཡིག་དང་རིག་གནས་ཕུན་སུམ་ཚོགས་པ་ཡོད་པའི་མི་རིགས་ཤིག་རེད་ལ། སྐབས་སུ་བབ་པ་ཚིག་མཛོད་རིག་པ་ལྟ་བུར་མཚོན་ནའང་། ཡོངས་གྲགས་བོད་བཙན་པོའི་སྐབས་སུ་རྩོམ་སྒྲིག་གནང་པའི་བྱེ་བྲག་རྟོགས་བྱེད་ཆེ་འབྲིང་བོད་ཡིག་ཚིག་མཛོད་ཀྱི་ཐོག་མ་ཡིན་དབང་དུ་བཏང་ནའང་། བོད་ལ་ཚིག་མཛོད་བྱུང་ནས་མི་ལོ་སྟོང་ལྷག་སོང་ཟིན་ཞིང་། དེ་རྗེས་དུས་རབས་རིམ་བྱུང་ནང་། ཚིག་མཛོད་ཅེས་མིང་བཏགས་ཡོད་མེད་ལ་མ་ལྟོས་པར་དག་ཡིག་དང་ཚིག་མཛོད་ཧ་ཅང་འབོར་ཆེན་ཞིག་བྱུང་ཡོད་པ་རེད། དེ་དག་ནི་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་སྨོས་མེད་རེད།

འོན་ཀྱང་ད་ཕན་གྱི་ཚིག་མཛོད་ཁག་ལ་དུས་རབས་དང་ཁོར་ཡུག་གི་བཀག་རྒྱ་སྣ་ཚོགས་དབང་གིས་དེང་རབས་ཀྱི་སྔོན་ཐོན་སྐད་ཡིག་གཞན་གྱི་ཚིག་མཛོད་དང་བསྡུར་ན་ཞན་ཆའམ་མི་འདེང་སའི་གནད་དོན་འགའ་ཞིག་གནས་ཡོད་དེ། དཔེར་ན། རིག་གནས་བསྟན་བཅོས་དང་མང་ཚོགས་ཀྱི་ཁ་སྐད་ཡང་དག་ནང་བེད་སྤྱོད་གཏོང་བཞིན་ཡོད་རུང་ཚིག་མཛོད་ནང་བཅུག་ཐུབ་མེད་པས་དབུ་ཚིག་གམ་མ་ཚིག་གི་ཐ་སྙད་ཀྱི་གྲངས་འབོར་ཉུང་བ། ཆོས་ལུགས་དང་ལོ་རྒྱུས་ཀྱི་ཐ་སྙད་ཀྱིས་མཚོན་པའི་ཐ་སྙད་གང་མང་ཞིག་ལ་ཐ་སྙད་དེའི་འགྲེལ་བཤད་ཇི་བཞིན་བརྒྱབས་མེད་པ། དེ་བཞིན་དུ་སྒྲིག་སྟངས་ཐད་དེང་དུས་ཀྱི་སྔོན་ཐོན་སྐད་ཡིག་གཞན་གྱི་ཚིག་མཛོད་སྒྲིག་སྟངས་དང་བསྡུར་ན་ཚིག་མཛོད་ཚད་ལྡན་གྱི་ཁྱད་ཆོས་མི་ཚང་བ་། ལྷག་པར་དུ་གློག་ཀླད་མཉེན་ཆས་ཅན་གྱི་ཚིག་མཛོད་ནི་ད་ལྟ་གསར་དུ་འགོ་འབུས་ཙམ་ཡིན་པ་སོགས་རེད། དེས་ན་འདི་ག་ཞིབ་འཇུག་ཁང་གིས་གནད་དོན་དེ་དག་ཐག་གཅོད་གང་ལེགས་ཡོང་བ་དང་། དེང་དུས་ཀྱི་སྔོན་ཐོན་རང་བཞིན་གྱི་བོད་ཡིག་ཚིག་མཛོད་ཅིག་རྩོམ་སྒྲིག་བྱ་ཆེད་ཚིག་མཛོད་ཀྱི་སྒྲོམ་གཞི་གཏན་འབེབས་དང་། དེའི་ཐོག་བོད་ཕྱི་ནང་གི་འབྲེལ་ཡོད་མཁས་དབང་ཁག་གི་དགོངས་ཚུལ་བསྡུ་ལེན། རྩོམ་སྒྲིག་ལག་ལེན་འགོ་བཙུགས་ཏེ་ལས་ཀ་བྱེད་མུས་ཡིན།

སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་རྩ་བའི་སྒྲོམ་གཞིའམ་ཆ་ཤས་ཁག་ནི་མ་ཚིག་དང་། འགྲེལ་བཤད། བརྡ་སྤྲོད་ཀྱི་དབྱེ་བ། བརྡ་ཆད་ཀྱི་དབྱེ་བ། ཐ་སྙད་ཀྱི་འབྱུང་ཁུངས། མཚོན་བྱེད་དཔེར་བརྗོད། ཆོལ་ཁ་གསུམ་གྱི་སྒྲ་གདངས། དོན་གཅིག་མིང་གི་རྣམ་གྲངས། ལྡོག་ཚིག་ངོས་འཛིན། ཉེ་ཚིག་ངོས་འཛིན། འདྲ་ཚིག་ངོས་འཛིན། དོགས་གཅོད་ཟུར་མཆན། དམིགས་བསལ་ཅན་གྱི་སྤྱོད་སྒོ་ངོས་འཛིན། བསྡུས་ཚིག དཔེ་རིས་འགོད་རྒྱུ་བཅས་ཡིན། ཆ་ཤས་འདི་དག་ཐ་སྙད་ཡོངས་རྫོགས་ལ་ཚང་དགོས་པ་དང་ཚང་ཐུབ་པ་མིན་ཡང་། ཐ་སྙད་མང་པོ་ཞིག་ལ་ཁྱད་ཆོས་འདི་དག་ཚང་བ་ཞིག་བྱུང་ན་ད་གཟོད་རྒྱལ་སྤྱིའི་རིམ་པའི་ཚིག་མཛོད་ཚད་ལྡན་ཞིག་ཡོང་ཐུབ་རེ་ཡོད་པ་རེད།

༣) ཚིག་མཛོད་ཀྱི་ལས་འཆར་འདི་ལེགས་འགྲུབ་ཡོང་བ་ལ། བོད་ཕྱི་ནང་གི་ལོ་ཙཱ་བ་ཚོས་རོགས་ཕན་བྱེད་ཐུབ་པ་ག་རེ་ཡོད་དམ།

ལན། ཚིག་མཛོད་འདི་འདྲ་ཞིག་རྩོམ་སྒྲིག་དང་བཟོ་སྐྲུན་བྱ་ཐུབ་པ་བྱུང་ཚེ། བོད་ཀྱི་སྐད་ཡིག་དང་རིག་གནས་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་འཛིན་གྱི་དགོས་མཁོ་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་གདོན་མི་ཟ། འོན་ཀྱང་ལས་གཞི་འདི་ནི་གཞི་རྒྱ་ཆེ་ཞིང་དཀའ་ཚེགས་ལྡན་པ་ཞིག་ཡིན་སྟབས། འདི་ག་ཞིབ་འཇུག་ཁང་གིས་གཙོ་འགན་ཁུར་བའི་འོག བོད་མི་ཤེས་ཡོན་ཅན་དང་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ལ་ལྷག་བསམ་དཀར་པའི་མི་སྣ་གང་མང་ཞིག་གིས་འགན་མཉམ་ལེན་བྱས་ན་མང་པོས་བཏེགས་ན་གདུང་མ་ཡང་ཟེར་པའི་དཔེ་ལྟར་སྤུས་ཀ་ལྡན་པའི་ཚིག་མཛོད་ཚད་ལྡན་ཞིག་ཡོང་ཐུབ་རེ་ཡོད་པ་རེད། བོད་མི་ཤེས་ཡོན་ཅན་གྱིས་མཉམ་ཞུགས་ཡོང་ཆེད་འདི་ག་ཞིབ་འཇུག་ཁང་གི་དྲ་རྒྱའི་ཐོག་ཆེད་དུ་ལེ་ཚན་ཞིག་བཟོས་ཡོད་ལ། དེ་བཞིན་བོད་མི་གནད་ཡོད་མི་སྣ་དང་མཁས་པ་གང་མང་ཞིག་ལ་རང་དོན་རང་གཅེས་ཀྱིས་འགན་བཞེས་ཡོང་བར་རེ་སྐུལ་ཞུ་བཞིན་ཡོད།

དཔེར་ན། ཚིག་མཛོད་འདིའི་ནང་གི་ཐ་སྙད་ཀྱི་བརྒྱ་ཆ་མང་ཤོས་ཤིག་ཆོས་ཚིག་ཆགས་རྒྱུར་བརྟེན། འབྲེལ་ཡོད་ཆོས་བརྒྱུད་སོ་སོའི་རང་ལུགས་ཀྱི་ཐུན་མིན་ལྟ་གྲུབ་ཀྱི་བརྡ་ཆད་དང་། ཆོས་འབྱུང་ལོ་རྒྱུས། ཆོ་ག་ཕྱག་ལེན་གྱི་སྲོལ་རྒྱུན་སོགས་ཀྱི་ཐད་འགྲེལ་བཤད་ཁུངས་ལྡན་དང་ཆད་ལུས་མེད་པ་ཡོད་སླད་འདི་ནས་འབྲེལ་ཡོད་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་དང་འབྲེལ་ཡོད་མི་སྣ་དག་ལ་འབྲེལ་བ་ཞུས་དང་ཞུ་མུས་ཡིན། ད་ཕན་སྐུ་དྲུང་དུ་བཅར་ནས་རེ་སྐུལ་ཞུས་ཟིན་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་དང་དེ་བཞིན་གནད་ཡོད་མི་སྣ་དག་ལ་མཚོན་ན་ལས་གཞི་འདི་ཉིད་གལ་ཆེན་དུ་གཟིགས་ཏེ་ཐུགས་སྣང་ཆེན་པོ་གནང་གི་འདུག་ལ། ལས་དོན་ཐོག་རོགས་འདེགས་གང་འོས་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་བྱུང་། དེ་བཞིན་དུ་རིག་ཚན་འདྲ་མིན་ཐོག་ཆེད་ལས་མཁས་པ་ཚོས་ཀྱང་འདི་གར་མཉམ་ཞུགས་དང་རོགས་རམ་གནང་ཐུབ་ན་ང་ཚོ་ཐུན་མོང་གི་དམིགས་ཡུལ་འགྲུབ་ཐུབ་པ་དང་། ཡིག་སྒྱུར་ལོ་ཙཱ་བ་རྣམ་པས་ཀྱང་། རིག་གནས་སྣ་ཚོགས་ཡིག་སྒྱུར་གནང་སྐབས་སྔར་ཡོད་ཐ་སྙད་ད་ཕན་ཚིག་མཛོད་ནང་མ་ཐེ་བ་དང་། དེ་བཞིན་གསར་བཟོའི་ཐ་སྙད་དག་འགྲེལ་བཤད་ཁུངས་བཅས་འདི་གར་མཁོ་འདོན་གནང་ཐུབ་ན་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་དང་། ཐ་སྙད་འགྲེལ་བཤད་བཅས་གང་ཙམ་མང་པོ་མཁོ་འདོན་གནང་མཁན་ལ་ལེགས་གསོལ་བྱ་དགའ་ཡང་འདི་གའི་གཏན་འབེབས་ལྟར་འབུལ་འཆར་ཡོད། དེའི་སྐོར་གྱི་ཞིབ་ཕྲའི་ཆ་རྐྱེན་སོགས་འདི་ག་ཞིབ་འཇུག་ཁང་གི་དྲ་རྒྱའི་ཐོག་ཡོད་པས་དེར་གཟིགས་པར་ཞུ། གོ་སྐབས་འདི་བརྒྱུད་ངས་བོད་ཕྱི་ནང་གི་ཤེས་ཡོན་ཅན་དང་ལོ་ཙཱ་བ་ཚོས་ལས་དོན་འདིའི་ཆེད་མཉམ་ཞུགས་རོགས་རམ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

( གློག་ཀླད་ཆེད་མཁས་བློ་བཟང་སྨོན་ལམ་ནི། ཨ་མདོ་རྔ་བའི་སྤྲོ་ཚིགས་ཡུལ་དུ་སྐྱེས་ཤིང་༡༩༩༣ལོར་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར། ད་ཕན་ཁོང་ནས་སྨོན་ལམ་བོད་ཡིག་དང་པོ་དང་སྨོན་ལམ་བོད་ཡིག་གཉིས་པ། སྨོན་ལམ་བོད་ཡིག་གསུམ་པ། སྨོན་ལམ་ཚིག་མཛོད། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་བཅས་གསར་བཟོ་མཛད་ཡོད་པ་མ་ཟད་། ད་ལྟའི་ཆར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་ཡིན།)


རྩོམ་འདིའི་ནང་མཆན་ 4 བཀོད་འདུག

4 Responses to གློག་ཀླད་མཉེན་ཆས་ཅན་གྱི་ཚིག་མཛོད་ནི་ད་ལྟ་གསར་དུ་འགོ་འབུས་ཙམ་རེད།

  1. ཨ་ཁུ་སྨོན་ལམ་ལྟ་བུའི་མཁས་བ་ངོ་མའི་རིགས་ལ་བཅར་འདྲི་མང་ཙམ་གནང་རོགས་ཞུ
    སྒུག་ནས་ཡོད།

  2. བཅར་འདྲི་འདི་ཧ་ཅང་ཡག་གི ང་ཕོད་འཇིགས་མེད་དང་འབྲེལ་བའི་དབྱིན་རྩོམ་གཞན་པ་དེ་ཚོ་སྐར་ཁུང་དྲ་བས་བསྒྱུར་ཐུབ་ན་ལེགས་པོ་འདུག

  3. སྨོན་ལམ་ཚིག་མཛོད་ཀྱི་ལས་གཞི་འདི་བོད་རིགས་ཡི་ག་བ་ཚང་མས་མ་གོ་མ་ཐོས་མེད་པའི་ཁྱབ་བསྒྲགས་ཤིག་འགྲོ་ཐུབ་པའི་རེ་བ་ཆེ། གང་ཡིན་ཟེར་ན། ཁོང་ཚོའི་ལས་གཞི་འདིར་ཚང་མས་གཞོགས་འདེགས་ཀྱི་ནུས་པ་སྤུངས་པ་ཡིན་ན། ལེགས་གནས་ཆེ་བས་ཡིན།

  4. མཁྱེན་ཡངས་སྐར་ཁུང་དྲ་བའི་རྩོམ་སྒྲིག་པ་ལྷན་རྒྱས་ལ། གོང་གི་སྐུ་ཞབས་སྨོན་ལམ་ལ་བཅར་འདྲི་བྱས་པ་འདི་ཁོ་བོས་བོད་ནང་གི་སེང་རྡོར་དྲ་བར་འདྲེན་བཀོད་བྱ་ཆོག་པའི་དགོངས་འཁྲོལ་ཡོད་པ་མཁྱེན།

Write a Reply or Comment

Your email address will not be published. Required fields are marked *

*