རྒྱ་ནག་མཐོ་རིམ་དཔོན་རིགས་ཀྱི་ནང་མིའི་ཆེད་དུ་སྦས་པའི་ཨ་སྒོར་དུང་ཕྱུར་མང་བོ།(དང་པོ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སྒྲ་བིས་སྒྲི་ བྷར་བྷོ་རྫ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ད་ལྟའི་རྒྱ་ནག་གི་སྲིད་བློན་བུན་ཇ་པོའི་ཨ་མ་ནི་སྔོན་ཆད་རྒྱ་ནག་བྱང་ཕྱོགས་ཀྱི་སློབ་གྲྭའི་དགེ་རྒན་དཀྱུས་མ་ཞིག་རེད་ལ། སྲིད་བློན་ཁོང་གི་ཨ་ཕ་ལ་སྔོན་ཆད་མོའོ་ཙེ་ཏུང་གི་ཆབ་སྲིད་དྲིལ་བསྒྲགས་ཆེད་དུ་ཕག་པ་གང་མང་མེར་བསྲེགས་གཏོང་དགོས་པའི་བཀའ་བབས་མྱོང་མཁན་ཞིག་རེད་འདུག ལོ་སྔོན་མའི་སྲིད་བློན་གྱི་གཏམ་བཤད་ཅིག་ཏུ “ སྔོན་ཆད་བདག་ཆུང་དུས་ཀྱི་ངའི་ནང་མིའི་འཚོ་བ་ནི་ཧ་ཅང་སྐྱོ་བོ་ཡིན”ཞེས་གཏམ་བཤད་སྤེལ་མྱོང་། འོན་ཀྱང་། ད་ལྟ་དགུང་ལོ་ ༩༠ སོན་པའི་སྲིད་བློན་གྱི་ཨ་མ་ཡང་གྲུ་ཡན(Yang Zhiyun) དབུལ་ཕོངས་ཀྱི་གནས་ལས་ཐར་བ་ཙམ་དུ་མ་ཟད་ཕྱུག་བདག་ཧ་ཅང་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད། ལོ་ངོ་ལྔའི་སྔོན་གྱི་དཔལ་འབྱོར་མཉམ་འབྲེལ་སྟངས་འཛིན་ལས་ཁང་གི་ཡིག་ཆ་ལྟར་ན། མ་མཐའ་ཡང་རྨོ་རྨོ་ཡང་གྲུ་ཡན་གྱི་མིང་ཐོག་ཏུ་རྒྱ་ནག་གི་དཔལ་འབྱོར་ཁྲོམ་རའི་ནང་དུ་མ་རྐང་ཐེངས་ཤིག་བཙུགས་པར་མ་གནས་ཨ་སྒོར་ས་ཡ་$ ༡༢༠ ལྷག་ཡོད་པ་རེད་འདུག

ད་ལྟའི་སྐབས་འདིར་ཁྱོ་ག་གྲོངས་ཟིན་པའི་རྨོ་རྨོ་ཡང་གྲུ་ཡན་གྱི་རྒྱུ་ནོར་གྱི་གྲངས་འབོར་ཏག་ཏག་ཅིག་ཤེས་མི་ཐུབ་པ་མ་ཟད། ཐ་ན་ཁོ་མོའི་མིང་ཐོག་ཏུ་རྒྱུ་དངོས་ག་ཚོད་ཅིག་བདག་བཟུང་བྱས་ཡོད་མེད་ཀྱང་ཤེས་ཐབས་བྲལ། འོན་ཀྱང་། ཁོ་མོའི་དཔལ་འབྱོར་བདག་དབང་ཤུགས་ཆེ་ཤོས་དེ་རང་ཉིད་ཀྱི་བུ་དབུས་དམར་ཕྱོགས་ཚོགས་པའི་དབང་འཛིན་པའི་གྲལ་དུ་སླེབས་པ་ནས་བཟུང་བྱུང་བ་རེད། ཁོ་མོའི་བུ་བུན་ཇ་པོ་ཕྱི་ལོ་ ༡༩༩༨ ལོར་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་ཆགས་ཤིང་ལོ་ལྔའི་རྗེས་སུ་སྲིད་བློན་ཆགས་པ་རེད། སྲིད་བློན་བུན་ཇ་པོ་ཁོ་རང་ཉིད་ཀྱི་བུ་དང་། བུ་མོ། སྤུན་ཆུང་བ། བུ་མོའི་མག་པ་སོགས་ཁོ་དང་འབྲེལ་ཡོད་ཀྱི་ཉེ་འབྲེལ་ཚང་མ་གློ་བུར་དུ་བུན་ཇ་པོ་སྲིད་བློན་ཡིན་པའི་དུས་ཡུན་ཐུང་ངུའི་ནང་ཚང་མ་ཕྱུག་བདག་ཆགས་པ་རེད། ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་ཆེད་དུ་གནས་སྟངས་དེའི་སྐོར་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་ལྟར་ན། དཔལ་འབྱོར་མཉམ་འབྲེལ་འཛིན་སྐྱོང་སྡེ་ཚན་གྱི་ཡིག་ཚགས་སུ་སྲིད་བློན་གྱི་ཆུང་མ་སོགས་ཉེ་འབྲེལ་ཁ་ཤས་ཀྱིས་མ་མཐའ་ཡང་རྒྱ་ནག་གི་མ་རྐང་ཁྲོམ་རའི་ཚོང་ལས་ཀྱི་ཁྲོད་དུ་ཨ་སྒོར་དུང་ཕྱུར $ ༢.༧ ཀྱི་མ་གནས་ཧམ་སེམས་ཆེན་པོས་སྟངས་འཛིན་བྱས་ཡོད་འདུག

འོན་ཀྱང་། གནས་སྟངས་མང་བོར་བུན་ཇ་པོའི་ཉེ་འབྲེལ་དག་གི་མིང་དང་ལོ་རྒྱུས་དག་ནམ་རྒྱུན་གསང་བ་རིམ་པ་གང་མང་གི་ཕ་རོལ་དུ་སྦས་ནས་ཡོད་པ་རེད། ད་དུང་སྐབས་མང་བོར་དཔལ་འབྱོར་མ་རྐང་ཁྲོམ་རར་གྲོགས་པོ་དང་འབྲེལ་ཡོད་ཁེ་ལས་པ། གཞུང་གི་དངུལ་ཁང་ལས་གཉེར་བ་སོགས་མི་འདྲ་མིན་གྱི་མིང་ཐོག་ཏུ་ཕན་ཚུན་བཀབས་ཡོད་པ་རེད། དེ་བཞིན་རྒྱ་ནག་ནང་གི་ཆབ་སྲིད་དབང་ཤུགས་ཅན་གྱི་དམར་ཤོག་དཔོན་རིགས་ཚོས་མགྱོགས་པོར་ཡང་རྒྱས་འགྲོ་བཞིན་པའི་རྒྱ་ནག་གི་དཔལ་འབྱོར་མ་རྐང་ཁྲོམ་རར་ལྐོག་ཟ་རུལ་སུངསག་ཚོད་ཅིག་བྱས་དང་བྱེད་བཞིན་ཡོད་པ་གསལ་བོར་ཤེས་ཐབས་བྲལ་བ་རེད་འདུག

རྒྱ་ནག་ནང་གི་སྤྱིར་བཏང་གི་ཚོང་བ་གཞན་དག་དང་མི་འདྲ་བར། སྲིད་བློན་བུན་གྱི་ཉེ་འབྲེལ་ཁག་གི་བཟོ་ཚོང་ཁེ་ལས་པ་དག་ལ་སྐབས་མང་བོར་དབུས་དམར་གཞུང་གིས་གཉེར་བའི་བཟོ་གྲྭ་འདྲ་མིན་བརྒྱུད་ནས་མ་དངུལ་གྱི་རྒྱབ་སྐྱོར་ཕོན་ཆེན་ཐོབ་བཞིན་ཡོད་པ་རེད། དཔེར་ན། རྒྱ་ནག་གི་གཞུང་འབྲེལ་ཁ་པར་སྟངས་འཛིན་ལས་ཁང་གིས་མ་དངུལ་ཕོན་ཆེན་བུན་གྱི་ཉེ་འབྲེལ་ཚོར་གཏོང་བཞིན་ཡོད་པའང་ཡིག་ཆ་ཁ་ཤས་ལས་མངོན་བཞིན་ཡོད། གཞན་ཡང་སྐབས་གཞན་དུ་ཁོའི་ཉེ་འབྲེལ་ཚོར་ཨེ་ཤ་ཡའི་བཟོ་ཚོང་ཁང་ཆེ་ཤོས་ཁག་གིས་མ་དངུལ་ཕོན་ཆེན་བརྒྱུད་སྤྲོད་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད། ནེའུ་ཡོག་དུས་བབ་གསར་ཁང་གིས་ཤེས་རྟོགས་བྱུང་བ་ལྟར་ན། སྲིན་བློན་བུན་གྱི་ཉེ་འབྲེལ་ཚོས་རྒྱལ་ཁབ་རིམ་པའི་དངུལ་ཁང་ཁག་དང་། རིན་པོ་ཆེའི་རྒྱན་ཆ་ཚོང་ཁང་ཁག དེ་བཞིན་ཡུལ་སྐོར་སྤྲོ་འཁྱམས་ས་ཁུལ། བརྡ་འཕྲིན་ཚོང་ལས་ཁང་། ཐོན་བསྐྱེད་འཛུགས་བསྐྲུན་ལྟེ་གནས་སོགས་རྣམ་པ་དང་ངོ་བོ་འདྲ་མིན་གྱི་ཁྲོད་ནས་མ་དངུལ་ཧ་ཅང་འབོར་ཆེན་ལྐོག་ཟ་བྱེད་བཞིན་ཡོད་པ་རེད།

དཔེར་ན། སྲིན་བློན་གྱི་ཉེ་འབྲེལ་ཚོས་མ་རྩ་བཙུགས་པའི་འཛུགས་བསྐྲུན་ཁྲོད་དུ་པེ་ཅིན་གྱི་གྲོང་ཁྱེར་བཅོས་བསྒྱུར་གྱི་འཆར་གཞི་ཡང་ཚུད་ཡོད། བཟོ་གྲྭ་ཁང་དེས་རྒྱ་ནག་པེ་ཅིན་གྱི་ཨོ་རྩལ་འགྲན་ཚོགས་སྐབས་ཀྱི་རྩེད་ཐང་ཆེ་ཁག་དཔེར་ན་བྱེའུ་ཚང (Bird Nest) སོགས་གང་མང་གསར་རྒྱག་བྱས་ཡོད། དེ་བཞིན་འཛམ་གླིང་གི་ཉེན་སྐྱོབ་འགན་ལེན་ (Insurance Company) སྡེ་ཁག་ཆེ་ཤོས་པེན་ཨན་གྱི་མ་རྩ་གཙོ་བོ་ཡང་ཁོ་ཚོའི་ལག་ཏུ་ཉར་ནས་ཡོད་པ་རེད།

དབུས་གཞུང་ལྟེ་བར་བཟུང་བའི་དཔལ་འབྱོར་ལམ་ལུགས་ཁྲོད་ཀྱི་སྲིད་བློན་ཞིག་ལ་མཚོན་ན། ཕྱི་ཚུལ་བབ་ཆགས་དང་སྤྱིར་བཏང་བ་ཅན་གྱི་སྲིད་བློན་བུན་གྱི་ཉེ་འབྲེལ་ཚོས་ཁེ་བཟང་ཕོན་ཆེན་གསོག་བཞིན་པའི་བཟོ་གྲྭ་ཁག་ཚང་མ་བུན་ཁོ་རང་གི་དབང་ཤུགས་འོག་ཏུ་ཡོད་པའི་བཟོ་གྲྭ་རྐྱང་རྐྱང་ཡིན་པ་རེད། དཔེར་ན། རྒྱ་ནག་ནང་ཁུལ་གྱི་བཟོ་གྲྭ་སུ་ཞིག་གིས་ཀྱང་སྲིན་བློན་གྱི་ཆོག་མཆན་མེད་པར་རང་ཉིད་སྒེར་གྱིས་རྒྱལ་སྤྱིའི་ཁྲོམ་རའི་བཟོ་ཚོང་ཁྲོད་དུ་མ་རྐང་འཛུགས་མི་ཆོག་པ་རེད། དེ་བཞིན་བུན་ཁོ་རང་ལ་དཔལ་འབྱོར་ཁྲོམ་རའི་དགོས་མཁོའི་ཁྲོད་དུ་མེད་ཐབས་མེད་པའི་ནུས་པའི་འབྱུང་ཁུངས་དང་བརྡ་འཕྲིན་མ་ལག་གི་མ་དངུལ་འཛུགས་བསྐྲུན་སོགས་ལ་ཤུགས་རྐྱེན་དང་གནོན་ཤུགས་སྤྲོད་པའི་ནུས་ཤུགས་ཆ་ཚང་ཡོད་པ་རེད།

གང་ཡིན་ཟེར་ན། དབུས་གཞུང་གིས་གནད་དོན་དེ་དག་ནམ་རྒྱུན་མངོན་གསལ་དོད་པོ་བཟོ་བཞིན་མེད་པ་མ་ཟད། གནད་དོན་གང་ཞིག་ལ་བརྟེན་ནས་གནས་ཚུལ་དེ་དག་ནམ་རྒྱུན་འགེབས་ཐབས་བྱེད་བཞིན་ཡོད་པ་རེད། ལོ་བདུན་ཅུར་བུད་པའི་སྐུ་ཞབས་བུན་གྱི་ལག་ཏུ་དེ་འདྲའི་གནད་འགག་ཆེ་བའི་ཐག་གཅོད་མང་བོ་ཞིག་བཞག་ཟིན་པར་བརྟེན་ཁོའི་ཉེ་འབྲེལ་ཚོ་ལ་ཚུལ་མཐུན་མ་ཡིན་པའི་ཐོག་ནས་ཁེ་སྤོགས་གང་མང་ཟ་བར་ཧ་ཅང་སྟབས་བདེ་ཆགས་པ་རེད།

དཔེར་ན། སྲིད་བློན་གྱི་སྤུན་ཆུང་བའི་བཟོ་ཚོང་ཁང་ལ་དབུས་གཞུང་གི་ཆིངས་ཡིག་ཅིག་བརྒྱུད་ནས་ཨ་སྒོར་ས་ཡ་$ ༣༠ ལྷག་ཐོབ་པ་མ་ཟད། ད་དུང་བཟོ་ཚོང་ཁང་དེའི་རྒྱ་ནག་ནང་གི་གྲོང་ཁྱེར་ཆེ་ཁག་ཁ་ཤས་སུ་གད་སྙིགས་གཙང་བཟོ་དང་སྨན་རིགས་གཙང་བཟོ་བྱེད་བཞིན་པར་ཁ་གཡར་ནས་ཁོ་ཚོའི་ཁྲལ་དང་ཚོང་ལས་ཁག་ལ་རིན་གོང་ཆགས་ཡང་སྤྲད་པ་རེད། དབུས་གཞུང་གི་ཡིག་ཆ་ལྟར་ན། སྤུན་ཆུང་བ་ལ་ཁེ་བཟང་ཕོན་ཆེན་ཐོབ་པའི་ཐག་གཅོད་དེ་སྲིད་བློན་བུན་ཁོ་རང་གིས་ཕྱི་ལོ་ ༢༠༠༣ ལོར་རྒྱལ་ནང་དུ་སར་སུ་ (SARS) ན་ཚ་ཁྱབ་བརྡལ་ཕྱིན་སྐབས་སྨན་རིགས་རྙིང་བ་གཙང་སེལ་བཟོ་དགོས་པའི་བཀའ་དྲག་པོ་ཕབ་རྗེས་བྱུང་བ་རེད།

ཕྱི་ལོ ༢༠༠༤ ལོར་རྒྱལ་ཁབ་དབུས་གཞུང་གིས་པེན་ཨན་ཉེན་སྐྱོབས་འགན་ལེན་སྡེ་ཚན་སོགས་ཚོང་ལས་སྒྲིག་འཛུགས་ཁག་ཁ་ཤས་དམིགས་བསལ་གྱིས་རྒྱལ་ཁབ་གྱི་སྤྱིར་བཏང་སྒྲིག་ཁྲིམས་མང་བོ་ཞིག་གི་འོག་ཏུ་གནས་མི་དགོས་པའི་ཐད་གཅོད་བྱས་རྗེས། བུན་གྱི་ཉེ་འབྲེལ་ཚོས་གནད་དོན་དེ་སྤྱི་ཚོགས་སུ་མ་བཀྲམས་སྔོན་ནས་བཟོ་ཁང་དེ་དག་ཏུ་མ་དངུལ་ཧ་ཅང་ཆེན་པོ་བཙུགས་ནས་ཁེ་སྤོགས་ཆེན་པོ་བླངས་ཡོད་པ་རེད། པེན་ཨན་བཟོ་ཚོང་ཁང་སྤྱི་ཚོགས་སུ་བཀྲམས་མ་ཐག་ནས་མ་རྐང་འཛུགས་མཁན་ཨ་སྒོར་དུང་ཕྱུར $ ༡.༨ ལྷག་བརྒལ་ཡོད་པ་ལས་མང་ཆེ་ཤོས་ཁོའི་ཉེ་འབྲེལ་དང་གྲོགས་པོ་ཁ་ཤས་ཀྱི་ལག་ཏུ་ཤོར་ཡོད་པ་རེད། གང་ཡིན་ཟེར་ན་ཁོ་ཚོས་གནས་ཚུལ་དེ་སྤྱི་ཚོགས་སུ་མ་བསྒྲགས་སྔོན་ནས་ཤེས་རྟོགས་བྱུང་ཟིན་པ་རེད།

ཕྱི་ལོ་ ༢༠༠༧ ལོར་པེན་ཨན་ཚོང་ལས་སྡེ་ཚན་གྱི་མཉམ་འབྲེལ་མ་དངུལ་འཛུགས་མཁན་གྱི་མིང་གཞུང་སྤྱི་ཚོགས་སུ་ཕྱིར་བསྒྲགས་བྱས་སྐབས་ཁྱོན་མ་གནས་ཨ་སྒོར་དུང་ཕྱུར་ $ ༢.༢ གཉིས་ལྷག་ལས་ཟིན་མེད་པ་རེད། འོན་ཀྱང་། ཕྱིར་བསྒྲགས་མ་ཡིན་པའི་པེན་ཨན་གྱི་ད་ལྟའི་རྒྱལ་སྤྱིའི་མ་རྩ་ཨ་སྒོར་དུང་ཕྱུར་ $༦༠ ལྷག་ཟིན་འདུག གྲངས་གནས་འདི་དུབ་བབ་གསར་ཁང་གི་ཞིབ་འཇུག་གྲུབ་འབྲས་ལ་རྒྱལ་སྤྱིའི་དཔལ་འབྱོར་རྩིས་པ་སྐོར་ཞིག་གིས་ཞིབ་འཇུག་བྱས་རྗེས་གཏན་ལ་ཕབས་པ་རེད།

པེན་ཨན་སྡེ་ཚན་གྱི་གཏམ་བཤད་ཅིག་ཏུ་བཤད་དོན “ང་ཚོ་ཚོང་ལས་སྡེ་ཚན་གྱི་ངོས་ནས་པེན་ཨན་དུ་མ་རྐང་ཕོན་ཆེན་བཙུགས་ཡོད་པའི་སྒེར་བ་དག་གི་རྒྱབ་ལྗོངས་གང་ཡང་ཤེས་ཀྱིན་མེད། དེ་བཞིན་ཁོ་ཚོས་ང་ཚོའི་སྡེ་ཚན་གྱི་མ་རྩ་དག་མ་རྐང་ཁྲོམ་རར་མུ་མཐུད་ཉོ་ཚོང་བྱེད་བཞིན་པར་བརྟེན་ང་ཚོས་སྒེར་བ་དེ་དག་གི་དམིགས་ཡུལ་དང་རྒྱབ་ལྗོངས་རྩད་གཅོད་བྱེད་པའི་དགོས་མཁོ་གང་ཡང་མེད།” ཅེས་གསལ་བོར་བཤད་འདུག

དབུས་དམར་ཤོག་ཚོགས་པས་ཁོ་ཚོའི་སྒྲིག་གཞི་བཞིན་མཐོ་རིམ་མི་སྣ་ཚོས་སོ་སོའི་རྒྱུ་ནོར་གྱི་གནས་སྟངས་ཁག་ཕྱི་གསལ་ནང་གསལ་གསལ་བཟོ་དགོས་ལུགས་བཤད་བཞིན་ཡོད་ན་ཡང་། སྒྲིག་གཞི་དེར་ཁོ་ཚོའི་རང་ཉིད་ཀྱི་ནང་མི་དང་ཉེ་འབྲེལ་དག་གི་རྒྱུ་ནོར་དང་ཁོ་ཚོ་རིམ་བཞིན་འབྱོར་ལྡན་ཚོང་བ་ཆེ་ཁག་དང་མ་རྐང་འཛུགས་མཁན་ཆེ་ཤོས་སུ་འགྱུར་བཞིན་པའི་སྐོར་ལ་ཚིག་གཅིག་ཀྱང་བཤད་མེད། གོ་སྐབས་དེར་འཇུས་ནས་མཐོ་རིམ་དཔོན་རིགས་ཚོས་ནམ་རྒྱུན་ཁོ་ཚོ་རང་ཉིད་ཀྱི་ནང་མི་དང་ཉེ་འབྲེལ་གྱི་མིང་ཐོག་ནས་དཔལ་འབྱོར་ཕོན་ཆེན་བསྡུ་འགོད་བྱེད་བཞིན་ཡོད་པ་རེད། ཞིབ་འཇུག་པ་ཁ་ཤས་ཀྱིས་བཤད་ན་རྒྱ་ནག་གི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ལ་འགྱུར་བ་ཤུགས་ཆེར་འགྲོ་བཞིན་པའི་གནད་དོན་གཙོ་བོ་ཞིག་ནི་མཐོ་རིམ་དཔོན་རིགས་ཁོ་རང་ཚོ་རང་ཉིད་ཀྱི་ཁེ་ཕན་དང་འབྲེལ་བ་ཤུགས་ཆེར་ཆགས་ཡོད་པར་བརྟེན་ནས་བྱུང་བ་རེད་ཅེས་བཤད་མཁན་ཡང་མང་བོ་ཡོད་པ་རེད།

གང་ལྟར། ནམ་རྒྱུན་གྱི་ཚོང་ལས་འབྲེལ་ལམ་ཁྲོད་དུ་སྲིད་བློན་བུན་གྱི་བཟའ་མི་ཉེ་འབྲེལ་དག་རྒྱབ་ཕྱོགས་སུ་སྦས་ནས་ལས་ཀ་བྱེད་ཀྱིན་ཡོད་པ་རེད། གང་ཡིན་ཟེར་ན། ཁོ་ཚོ་མི་མང་དང་གནད་ཡོད་ཞིབ་འཇུག་པ་དག་གི་མིག་མདུན་ལས་གཡོལ་ཆེད་ཡིན་པ་རེད། འོན་ཀྱང་། ཚོང་ལས་བརྒྱུད་ལམ་ཁྲོད་དུ་ཁོ་ཚོའི་དབང་ཤུགས་མངོན་གསལ་དོད་པོས་འགུལ་སྐྱོད་བྱེད་བཞིན་ཡོད་པ་རེད། ནེའུ་ཡོག་དུས་བབ་ཀྱི་ཞིབ་འཇུག་སྙན་ཐོ་ལྟར་ན། དཔེར་ན། བཟོ་ཚོང་ཁང་ཆེན་པོ་གང་མང་གི་མ་རྐང་ཁྲོམ་རའི་ཁྲོད་དུ་ཁོ་ཚོ་བརྟེན་སའི་འཁར་བ་ལྟ་བུ་དག་གི་སྐུ་ཞབས་བུན་གྱི་ཉེ་འབྲེལ་དང་ནང་མི་དག་ཡིན་ན་ཡང་བུན་གྱི་ནང་མི་དག་གིས་བཟོ་ཚོང་ཁང་དག་ལ་སྟངས་འཛིན་དང་ཁ་ལོ་བསྒྱུར་སྟངས་དེ་གསང་བ་རིམ་པ་ལྔ་ནས་དྲུག་གི་རྒྱབ་ལོགས་སུ་བརྐུངས་ནས་ཡོད་པ་རེད།

མུ་འགོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to རྒྱ་ནག་མཐོ་རིམ་དཔོན་རིགས་ཀྱི་ནང་མིའི་ཆེད་དུ་སྦས་པའི་ཨ་སྒོར་དུང་ཕྱུར་མང་བོ།(དང་པོ)

  1. སྐར་ཁུང་ཚང་ལ་ཐུགས་རྗེ་ཞུ། རྒྱ་ནག་དང་རྒྱ་ནག་སྐོར་མཁྱེན་པ་ལ་རྩོམ་འདི་འདྲའི་རིགས་མ་ཀློགས་ཐབས་མེད་རེད། ལྷག་པར་དུ། རྡ་ལམ་ས་ལ་རུ་རྒྱ་ནག་དཔྱད་བརྗོད་པའི་མིང་འཁུར་མཁན་ཚོས་པེ་ཅིང་གཞུང་གི་སྒྲིག་འཛུགས་ཀྱི་གྲངས་ཀ་མ་གཏོགས་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཁྱོན་ཡོངས་ཀྱི་འགྱུར་བ་སོགས་གང་ཡང་སྨྲ་མི་ཐུབ་པའི་བརྟུལ་ཞུགས་འཛིན་བཞིན་པ་ནི་ཡིད་སྐྱོ་བའི་གནས་རེད།

    དཔེར་ན། རྡ་ལ་ས་ལ་རུ་རྒྱ་ནག་དཔྱད་བརྗོད་པ་ཡིན་ཟེར་མཁན་ཚོས། རྒྱ་ནག་དང་དེ་བཙན་བྱོལ་བོད་གཞུང་ཡིན་ན། དེའི་གྲོས་ཚོགས་ཀྱི་འགྲོ་སྟངས་ཙམ་དང་བཀའ་ཁྲི་འདེམས་སྟངས། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་དང་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མཐོ་རིམ་མི་སྣ་ལྟ་བུའི་གཞུང་གི་སྒྲོམ་གཞིའི་ཕྱིའི་སྣང་ཚུལ་ཙམ་མ་གཏོགས་གླེང་ཐུབ་གི་མེད་པ་ལྟ་བུ་རེད།

  2. བརྩོན་རྒྱམ་ ནས།

    སྤྱིར་རྒྱ་ནག་གི་གནད་ཡོད་མི་སྣ་ཞིག་རེད་གང་ལྟར་འུ་ཚོས་རང་ཉིད་ཀྱི་བསམ་བློ་གཏོང་དགོས་པ་ཞིག་མི་གཞི་དྲང་མོང་ཞིག་གི་ལམ་ནས་ལྟ་སྟངས་གསལ་བོ་འཛིན་དགོས་པ་རེད་གང་ལྟར་རྒྱ་ནག་གི་མགོ་གཙོ་ཚང་མའི་འདི་ལྟར་རྒྱུ་ནོར་ཧམ་བཟང་བྱེད་ཀྱི་ཡོད་ཚུལ་སོགས་གང་མང་ཡོང་གི་འདུག་ཡིན་ཡང་ཕྱོགས་གཅིག་ནས་མང་གཙོ་རང་དབང་ལ་ཁ་ཕྱོགས་མཁན་ཚོ་ལ་རྐུན་མ་དང་དེ་འདྲའི་མིང་གང་མང་འོག་ནས་རྩ་མེད་བཟོ་རྒྱུ་ཡོད་པ་འདི་ཡང་རྒྱ་ནག་གི་ཆབ་སྲིད་པ་ཚོས་འགྲོ་སྟངས་ཤིག་དང་ཆག་སྲིད་ལམ་ཁ་གསར་བ་ཞིག་རེད་ཟེར་ན་ཆོག་གང་ལྟར་རྒྱ་ནག་སྐོར་མཁྱེན་མཁན་ཚོས་དཔྱད་བརྗོད་ཡག་པོ་ཞིག་གནང་དགོས་པ་གལ་ཆེན་རེད་དྲན་སོང་།

Write a Reply or Comment

Your email address will not be published. Required fields are marked *

*