སྐར་ཁུང་གི་དམིགས་ཡུལ།

བོད་ཕྱི་ནང་གཉིས་སུ་དྲ་རྒྱའི་བཀོལ་སྤྱོད་དང་ཁྱབ་རྒྱ་ཆེ་རུ་འགྲོ་བཞིན་པའི་སྐབས་སུ། བོད་ཀྱི་སྐད་ཡིག་ལ་ཡང་བེད་སྤྱོད་ཀྱི་གོ་སྐབས་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། ཉེ་བའི་ལོ་ཤས་ནང་བོད་ཡིག་གི་དྲ་རྒྱ་ཉིས་བརྒྱ་བརྒལ་བ་ཙམ་ཐོན་འདུག དྲ་རྒྱའི་གྲངས་ཀ་དང་ཀློག་པ་པོའི་གྲངས་འབོར་གཉིས་ཀྱི་ཐོག་ནས་འདི་དགའ་འོས་བའི་བྱ་བ་ཞིག་རེད་མོད་། བྲིས་རྩོམ་གྱི་བརྗོད་བྱའི་ཐད་ནས་ད་དུང་ཡང་གླུ་བརྒྱ་མགྲིན་གཅིག་ལྟ་བུ་ཞིག་གི་ངོ་བོར་ལྷག་ནས་འདུག

སྐར་ཁུང་དྲ་བས་སྔ་མོ་ནས་གླུ་བརྒྱ་མགྲིན་གཅིག་གི་མདུད་པ་དེ་གཏོར་འདོད་ཡོད་ཅིང་། ད་ནི་ལག་ལེན་བརྒྱུད་གཏོར་བར་རྩོམ་བཞིན་ཡོད་།

སྐར་ཁུང་དྲ་བ་འདི་། ཡིག་སྒྱུར་ལ་སྤྲོ་སྣང་དང་ཉམས་མྱོང་། ཡིག་སྒྱུར་གྱི་ལམ་ནས་་བོད་པའི་སྤྱི་ཚོགས་ལ་ཞབས་འདེགས་ཕྲ་མོ་ཙམ་སྒྲུབ་འདོད་པའི་། བོད་རིགས་ཡིག་སྒྱུར་བ་སྐོར་ཅིག་དང་མཉམ་རུབ་བརྒྱུད་ནས་སྒོ་ཕྱེས་བ་ཞིག་ཡིན།

སྐར་ཁུང་དྲ་བའི་དམིགས་ཡུལ་ནི། བོད་ཡིག་གི་བརྗོད་བྱའི་ཁྱབ་ཁོངས་ཆེ་རུ་གཏོང་བ་དང་བོད་ཡིག་གི་བཀོལ་སྤྱོད་མ་ལག་ཇེ་འཐུས་སུ་གཏོང་བ། ཕྱིའི་རིག་གནས་ནང་འདྲེན་བྱེད་པ། བོད་ཡིག་ནང་རྩོམ་བྲིས་སྤེལ་མཁན་རྣམས་ལ་ཆེ་མཐོང་བསྐྲུན་པ་བཅས་ཡིན་ཞིང་། དམིགས་ཡུལ་འདི་དག་འགྲུབ་པ་ལ། ང་ཚོས་དབྱིན་ཡིག་དང་རྒྱ་ཡིག་ནང་ཡོད་པའི་ལེགས་རྩོམ་རིགས་བོད་བསྒྱུར་བྱེད་བཞིན་ཡོད་། དེའི་ཞོར་ནས་། ང་ཚོས་འཛམ་གླིང་ཤར་ནུབ་ཀྱི་བོད་རིགས་ཤེས་ལྡན་པ་ཚོར་དྲི་བ་གསུམ་ཅན་གྱི་བཅར་འདྲི་རེ་བྱེད་རྒྱུ་དང་བོད་ཡིག་ནང་བྲིས་བའི་ལེགས་རྩོམ་རིགས་ལ་རྩོམ་ཡོན་ཕུལ་བ་བཅས་ཡིན། འོན་ཀྱང་། དམིགས་ཡུལ་སྔ་མ་དག་གཙོ་བོ་དང་ཕྱི་མ་གཉིས་ཕལ་བ་ཡིན།

ང་ཚོས་རྩོམ་ཡིག་ལེགས་འདེམས་ཡོང་ཆེད་དབྱིན་ཡིག་དང་རྒྱ་ཡིག་གི་ཀློག་རྒྱ་ཅན་གྱི་ཤེས་ལྡན་པ་སྐོར་ཞིག་ལ་ཀློག་འོས་ཆེ་བའི་རྩོམ་ཡིག་ང་ཚོར་ངོ་སྤྲོད་བྱེད་རོགས་ཞེས་སྐྱབས་འཇུག་ཞུས་ཡོད་ལ། ཁོང་ཚོས་ཀྱང་དགའ་སྣང་དང་བཅས་ང་ཚོར་ལེགས་རྩོམ་ངོ་སྤྲོད་གནང་བཞིན་ཡོད་། ང་ཚོར་ལེགས་རྩོམ་ངོ་སྤྲོད་གནང་མཁན་ཚོའི་ཁྲོད་དུ་། ཚེ་རིང་ཤཱཀྱ་དང་ལོ་རན་ ཧར་ཁྲི་ལིས་། གཡང་སྒྲོན་དོན་གྲུབ། རབ་འབྱོར་། སྡོམ་པ་ཚེ་རིང་དབང་མོ། བསྟན་འཛིན་བདེ་སྐྱིད་། བསྟན་འཛིན་རིག་གྲོལ། དཀའ་ཐུབ་ཚེ་རིང་སོགས་ཡོད་། དེ་བཞིན་དྲ་གྲོགས་རྣམས་ཀྱི་ཁྲོད་ནས་ཀྱང་སྐད་ཡིག་གཞན་པའི་ཐོག་་བྲིས་པའི་རྩོམ་ཡིག་ཀློག་འོས་ཆེ་བར་སྙམ་པ་རེ་གཟིགས་ཚེ་འདི་ག་རྩོམ་སྒྲིག་པར་ངོ་སྤྲོད་རེ་གནང་རྒྱུ་ཡང་ཐུགས་རྗེ་ཆེ་སྔོན་སོང་གིས་ཞུའོ།

ངོ་སྤྲོད་བྱུང་བའི་རྩོམ་རྣམས་སྒྱུར་མཁན་རྣམས་ལ་ཆེད་དུ་སྐྱབས་འཇུག་ཞུས་ནས་ཁོང་ཚོར་སྒྱུར་ཡོན་ཡང་འབུལ་བཞིན་ཡོད་ལ། ང་ཚོར་དབྱིན་ཡིག་ནས་བསྒྱུར་མཁན་དྲུག་དང་རྒྱ་ཡིག་ནས་བསྒྱུར་མཁན་བཞི་ཡོད་། ད་དུང་། བོད་རིགས་གཞན་གྱིས་བསྒྱུར་པའི་ལེགས་རྩོམ་དེ་འདྲ་ང་ཚོར་བཏང་ཚེ་དེ་ལ་ཡང་དགའ་བསུ་ཞུ་བཞིན་ཡོད་། ལྷག་པར་དུ་། རང་གིས་གཏམ་ཡག་པོ་ཞིག་བཤད་པ་དང་རྩོམ་ཡག་པོ་ཞིག་འབྲི་བ་ལ། གཞན་གྱི་གཏམ་ལ་ཡག་པོ་ཉན་དགོས་པ་དང་གཞན་གྱི་རྩོམ་ཡག་པོ་དག་ཀློག་དགོས་བ་ལྟར། སྐར་ཁུང་ནི་ཆེད་དུ་གཞན་གྱི་གཏམ་ལ་ཉན་ས་དང་གཞན་གྱི་རྩོམ་ལེགས་པོ་རྣམས་ལ་བལྟ་སའི་བོད་ཡིག་དྲ་བ་ཞིག་ཡིན།

སྐར་ཁུང་རྩོམ་སྒྲིག་པས།
སྤྱི་ལོ་༢༠༡༢ལོའི་ཟླ་༧པའི་ཚེས་༢༩ཉིན།

མཆན་སྒོ་བརྒྱབ་ཟིན།