སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་བསྟན་རྡོར།
རང་ཡུལ་དུ་ཕྱིར་ལོག་པ་ནི་བཙན་བྱོལ་བ་ཞིག་གི་བླ་ན་མེད་པའི་རྨི་ལམ་ཡིན་ལ་ཕྱི་ཡུལ་ནས་རང་གི་རྡོག་ལམ་འགག་སྟེ་སྡོད་པ་ནི་བཙན་བྱོལ་བ་ཞིག་གི་གོང་ན་མེད་པའི་སྡུག་བསྔལ་ལོ།། འདས་ཟིན་པའི་དུས་རབས་ཕྱེད་ཀའི་རིང་རྒྱ་ནག་གིས་བོད་ཡུལ་མི་སེར་སྤེལ་ཡུལ་དུ་བཙན་བཟུང་བྱས་པ་དེ་ཡིས་བོད་མི་བཙན་བྱོལ་བ་འབུམ་གཉིས་ཙམ་ལ་ལོངས་སུ་བཅུག་ཅིང་། ཁོང་ཚོར་སྲ་བརྟན་གྱི་བཙན་བྱོལ་བའི་སྲིད་གཞུང་ཞིག་ཀྱང་ཡོད་དུ་བཅུག་ལ། འཛམ་གླིང་གང་སར་གྲངས་ཉུང་མི་རིགས་ཁྲོད་ཀྱི་ཆེས་གྲངས་ཉུང་མི་རིགས་སུ་ཁ་འཐོར་ཏེ་སྡོད་པའི་ཁོང་ཚོའི་འཚོ་གནས་ནི་ཆབ་སྲིད་ཀྱི་ངོས་འཛིན་དང་འཚོ་གནས་རྒྱུན་སྲིང་། རིག་གཞུང་རྒྱུན་འཛིན་བཅས་ཀྱིས་གྲུབ་པའི་གཡུལ་འགྱེད་ཅིག་གོ།
འོན་ཏེ། ལོ་སྔོན་མའི་ཟླ་བཅུ་བ་ནས་ཉུང་མཐར་ཡང་བོད་མི་བཙན་བྱོལ་བ་སྟོང་ཕྲག་འགའ་ཤས་སྐབས་འཕྲལ་སོ་སོར་ཕྱིར་རང་ཡུལ་དུ་ལོག་བཏུབ་པ་བྱུང་ཡོད་ལ། བོད་མི་གྲགས་ཅན་རི་མོ་བ་དང་ངའི་འཐབ་གྲོགས་བསྟན་འཛིན་རིག་གྲོལ་གྱིས་བོད་ཡུལ་ལུང་པའི་ས་སྤྱི་རྒྱ་ཁྲི་གཉིས་རྒྱ་གར་དུ་དབོར་འདྲེན་བྱས་ཏེ་མཐོ་ཚད་ཕི་ཁྲི་དྲུག་ཅན་གྱི་སྡིངས་ཆའི་སྟེང་བརྡལ་ནས་སྒྱུ་རྩལ་གྱི་ལོ་རྒྱུས་ནང་སྔར་བྱུང་མ་མྱོང་བའི་སྟེགས་བུ་ཞིག་བསྐྲུན་པ་དང་། བསྟུད་མར་ཉིན་གསུམ་གྱི་རིང་མི་ཚོགས་མང་པོས་སྟེགས་བུའི་སྟེང་འཚང་ཁ་ཤིག་ཤིག་ངང་བོར་ཟིན་པའི་རང་གི་ཕ་ཡུལ་གྱི་ས་རྡོག་པོ་དེ་ལ་ལྟ་བའམ། ཉན་པའམ། རེག་པ་དང་། བཙན་བྱོལ་དུ་སྐྱེས་པའི་བྱིས་པ་བརྒྱ་ཕྲག་ཁ་ཤས་ཀྱིས་མི་ཚེའི་ནང་ཆེས་ཐོག་མར་བོད་ཀྱི་ས་ཐོག་ལ་གོམ་པ་སྤོས་པ་ཡིན་ལ། གཞོན་དུས་བོད་དང་ཁ་བྲལ་བའི་ན་གཞོན་དག་གིས་ཕ་ཡུལ་གྱི་ས་ཐོག་ལ་ཆེས་མཐའ་མའི་རྐང་རྗེས་བཞག་པ་ཡིན་ཡང་སྲིད།
རྒྱ་ནག་གི་འཕེལ་རྒྱས་ཀྱིས་བལ་ཡུལ་རྒྱལ་རྒྱུད་ཀྱི་སྐེ་བཙུར་བ་ནས་བལ་ཡུལ་གྱིི་བོད་པ་བཙན་བྱོལ་བ་ཕལ་མོ་ཆེའི་འཚོ་བར་བརྡབ་གསིག་ཚོད་མེད་གཏོང་བཞིན་པ་ལྟར། བསྟན་འཛིན་རིག་གྲོལ་ཡང་སྤྱི་ལོ་༢༠༠༣ལོར་ཁོའི་ཕ་མ་གཉིས་དང་ལྷན་དུ་བལ་ཡུལ་ནས་ཨ་རིར་གནས་སྤོར་བ་དང་། སྤྱི་ལོ་༢༠༠༩ཙམ་ནས་ཁོའི་ཕ་རྒན་ལ་འབྲས་སྐྲན་གྱི་ནད་རྟགས་ཐོན་ཅིང་། ཁོང་ལ་ཟླ་དྲུག་གི་ཚེ་ཚད་ལས་མེད་པར་ཐག་ཆོད། ཁོས་རང་གི་མི་ཚེའི་མཐའ་མཇུག་ལ་ནན་གྱིས་བསམ་དུས། ཁོ་ལ་རེ་བ་ཉག་གཅིག་ཡོད་པ་ནི་བོད་ནང་གི་རང་གི་སྐྱེས་ཡུལ་ལ་ཐེངས་གཅིག་འགྲོ་ཐུབ་ན་བསམ་པ་དེ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་པ་བཙན་བྱོལ་བ་ཕྱིར་བོད་དུ་ལོག་པའི་ལམ་བར་ཡོངས་རྫོགས་དམིགས་བསལ་དམག་དཔུང་གིས་དམ་བསྒྲགས་བྱས་ཡོད་པས། རྒྱལ་ཁབ་མེད་པའི་བོད་པ་སྟོང་ཕྲག་མང་པོ་ལྟར་རིག་གྲོལ་གྱི་ཕ་རྒན་ཡང་རང་གི་གནས་བབ་བསྐྱར་གསོ་མ་ཐུབ་པར་ས་མཐའ་ནས་གྲོངས་པ་རེད།
སྤྱི་ལོ་༢༠༠༩ལོའི་སྤྱི་ཟླ་༩པར་ཁོའི་ཕ་རྒན་ཨི་ལམ་ཧར་སི་ཁྲི་སྨན་ཁང་དུ་ཚེ་ལས་འདས་པའི་དགོང་མོ་རིག་གྲོལ་འཚབ་འཚུབ་ངང་ཐར་མདོ་ཐོས་གྲོལ་འདོན་མཁན་གྱི་གྲྭ་བ་ཞིག་འཚོལ་དུ་ཕྱིན། མི་ཞིག་ཚེ་ལས་འདས་རྗེས་ནང་པ་སངས་རྒྱས་པས་ཁོའི་རང་བཞིན་གྱི་འོད་གསལ་བའི་རྣམ་ཤེས་ཕྲ་མོ་དེ་ཉིད་གཞན་ལ་འཕོ་བའི་སྐབས་དེར་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ཞེས་པ་ཞིག་ཡོད་པར་ཁས་འཆེ་ཞིང་། དེ་མ་ཐག་ཉམས་ལེན་གྱི་རྟོགས་པ་ཐོབ་པའི་བླ་མ་ཞིག་གིས་ཚེ་འདས་དེ་ཉིད་ཀྱི་རྣམ་ཤེས་དག་ཞིང་དུ་འདྲེན་པར་རློམ་པས། ང་དང་ངའི་གྲོགས་པོ་བློ་བཟང་གཉིས་ཀྱིས་རླང་འཁོར་ཆུང་ཆུང་ཞིག་གཡར་ཏེ་གྲོང་ཁྱེར་ཕྱི་ལོག་ཏུ་ཆུ་ཚོད་ཕྱེད་ཀའི་རིང་བརྒྱུགས་ནས་ཆོ་ག་འདི་སྒྲུབ་པར་ཐོགས་པ་མེད་པའི་རིིན་པོ་ཆེ་མཆོག་གཟིམ་དཀྲོག་པར་སོང་། སྐབས་དེར་མཚན་མོའི་ཆུ་ཚོད་གསུམ་པ་ཡིན་པས་ཁོང་གི་སྐུ་བཅར་བས་ངེད་གཉིས་ལ་ཁོང་སུན་པོ་བཟོ་རུ་མ་བཅུག་པས། མི་འབུམ་བརྒྱད་ཡོད་པའི་གྲོང་ཁྱེར་འདིའི་ནང་ད་ནི་ང་ཚོས་བོད་པ་ཞིག་ལ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཤི་ཆོག་ཡང་དག་པར་སྒྲུབ་མཁན་གྱི་མི་གཅིག་ཀྱང་རྙེད་ག་ལ་ཐུབ། ངས་བསམ་ན་འདི་ནི་བཙན་བྱོལ་བ་ཞིག་གི་མི་ཚེའམ་འཆི་སྟངས་རེད་སྙམ།
རིག་གྲོལ་ཁོང་གི་ཕ་རྒན་གྱི་དུས་མ་ཡིན་པའི་འཆི་རྐྱེན་གྱི་སེམས་ཚེགས་ཀྱིས་ནོན་ཞིང་། ཕ་རྒན་གྱི་ཆེས་མཐའ་མཇུག་གི་རེ་བ་སྒྲུབ་མ་ཐུབ་པ་དེས་དེ་བས་ཕམ་དེ་འདུག ཁོས་ད་དུང་བོད་པ་བཙན་བྱོལ་བ་བརྒྱ་ཕྲག་མང་པོ་རང་གི་གནས་བབ་བསྐྱར་གསོ་མ་ཐུབ་པར་མི་ཚེའི་མཐའ་མཇུག་གི་ལོ་ཟླ་གཞན་ཡུལ་ན་སྐྱེལ་བཞིན་པ་དེར་བསམ་སྟེ་སྡུག་གིས་མནར་འདུག
ལོ་གཅིག་གི་རྗེས་སུ་མཚན་དཀྱིལ་ཞིག་ལ་ང་ལ་རིག་གྲོལ་གྱི་འཕྲིན་ཐུང་རིང་པོ་ཞིག་འབྱོར་ཞིང་། འཕྲིན་ཐུང་དེའི་ནང་ཁོས་རང་གི་རྒྱལ་ཁབ་མེད་པ་དང་ལུང་པ་མེད་པའི་སེམས་གསོ་ཙམ་གྱི་ཕྱིར་དུ་བོད་རང་གི་ས་ཕོན་ཆེ་ཞིག་བཙན་བྱོལ་ནང་དབོར་འདྲེན་བྱ་དགོས་འདུག་ཅེས་བཀོད་གདའ་ཞིང་། དེའི་རྒྱུ་མཚན་དུ་ཁོས་གལ་སྲིད་མི་ཞིག་རང་གི་ཕ་ཡུལ་དུ་བསྐྱོད་མ་བཏུབ་ཚེ་མི་དེས་རང་གི་ཕ་ཡུལ་ལ་མྱོང་རོལ་བྱེད་མི་ཐུབ་དོན་ཅི་ཡིན་ནམ་ཞེས་བཀོད་འདུག་ལ། སེམས་ཚོར་དྲག་པོ་དེས་རིག་གྲོལ་ལ་སེམས་འགུལ་འཐེབས་ཤིང་དེའི་རྗེས་ཀྱི་ཟླ་བ་འགའ་ཤས་རིང་ཁོའི་ཡོད་ཚད་བསམ་ཚུལ་དེ་ཡི་དབང་དུ་ཤོར་འདུག
སྤྱི་ལོ་༢༠༡༠ལོའི་ཟླ་༥པའི་ནང་རིག་གྲོལ་གནམ་གྲུ་ཞིག་གི་ནང་དུ་བསྡད་དེ་བོད་ཀྱི་ས་མཚམས་སུ་བསྐྱོད། དེའི་རྗེས་ཀྱི་ཟླ་ཤས་རིང་ཁོས་རང་གི་ལས་དོན་འདིའི་ཆེད་དུ་དུས་ཚོད་དང་ནུས་ཤུགས། སྒོར་མོ་བཅས་གསོག་འཇོག་བྱས་པ་དང་། ས་མཚམས་བརྒལ་བའི་ཟླ་འགའི་རྗེས་སུ་བཀའ་བཙན་པོ་ལ་རྒོལ་བ་དང་འགོ་བ་ཚོར་ལྐོག་རྔན་སྤྲོད་པ་བཅས་བྱས་ཏེ་མཐའ་མཇུག་རིག་གྲོལ་གྱིས་བོད་ཡུལ་ལུང་པའི་ས་སྤྱི་རྒྱ་ཉིས་ཁྲི་རྡ་རམ་ས་ལར་དབོར་བཏུབ་པ་བྱུང་བ་རེད།
སྤྱི་ལོ་༡༩༥༩ནས་ཡུལ་གྱར་བོད་མི་སྟོང་ཕྲག་འགའ་ཤས་ཀྱི་རྒྱལ་ས་ལྟ་བུར་གྱུར་བའི་རི་གྲོང་ཆུང་ཆུང་དེར་ཁོའི་སྟེགས་བུ་དེས་བསྟུད་མར་འཁྲུལ་སྣང་ལྟ་བུའི་ཉིན་གསུམ་གྱི་རིང་བོད་མི་མང་པོ་ཞིག་དྭངས་གཙང་གི་ཟླ་བཅུ་བའི་གནམ་འོག་ལ་བསྐྱར་འཛོམས་བྱུང་དུ་བཅུག་ཅིང་། མི་ཚོགས་མང་པོ་ཞིོག་དང་བོེར་ཟིན་པའི་ཁོང་ཚོའི་ཕ་ཡུལ་གཉིས་ཀྱིས་གློ་བུར་དུ་ཕན་ཚུན་རྙེད་པ་རེད། རྒན་པ་ཚོས་ས་ཡི་ཐོག་ནས་ཕྱག་འཚལ་ལ། གྲྭ་བ་རྣམས་ཀྱིས་སྨོན་ལམ་གསུངས། བྱིས་པ་ཚོས་ས་ཡི་ནང་ནས་རྡེའུ་བརྩེས། རོལ་མོ་བ་དག་གིས་སྟེགས་བུ་དེ་གླུ་གར་གྱི་སྡིངས་ཆ་ཞིག་ཏུ་བསྒྱུར་དེ། སྒྱུ་རྩལ་དངོས་ཡོད་བསྔགས་འོས་སུ་གྱུར་ཅིང་། དུས་ཚོད་ཅི་ཙམ་འདས་ཟིན་ཡང་རིག་གྲོལ་གྱིས་མཐའ་མར་ཁོའི་ཕ་རྒན་གྱི་རེ་བ་དེ་བསྒྲུབས་པ་རེད།
མཛད་སྒོ་ཡི་ཉིན་མཐའ་མར་མི་མང་ལ་ས་སྤར་མོ་གང་རེ་ཤོག་ཕོར་རམ་རང་རང་གི་ལག་ཏུ་གང་ཐོགས་ཀྱི་ཁུག་མ་རེ་རེའི་ནང་ཁྱིམ་ལ་འཁྱེར་དུ་བཅུག་པར། དུས་ཚོད་ཁ་ཤས་རིང་ས་ཡོངས་རྫོགས་འཁྱེར་ཚར་ཞིང་རྩེད་ཐང་སྟོང་པར་ལྷག་སྟེ་དོན་སྙིང་ལྡན་པའི་སྒྱུ་རྩལ་གྱི་བྱེད་སྒོ་ཞིག་ཏུ་གྱུར་ལ། ཤུལ་དུ་ཅི་ཞིག་ལྷག་པ་ནི་རྩེད་ཐང་གི་སྒྱུ་རྩལ་བཀྲམས་སྟོན་འདི་ཡིས་མི་ཚེའི་ཁ་ཕྱོགས་བསྒྱུར་བ་དང་། རེ་བ་བསྐྱར་གསོ་བྱས་པ། རྨི་ལམ་ཞིག་མངོན་འགྱུར་བྱུང་བ་བཅས་ཀྱི་མིག་མཐོང་ལག་ཟིན་གྱི་སྐད་ཅིག་མའི་ཚོར་བ་དེ་དག་གོ།
ད་དུང་དེའི་རྗེས་སུ་གཞན་ཅི་ཞིག་ལྷག་སྡོད་པ་ནི་ཆུ་ཚོད་བརྒྱ་དང་ཉེར་ལྔ་རིང་བླངས་པའི་གློག་བརྙན་གྱི་རྒྱུ་ཆ་རེད། བསྟན་འཛིན་ཚེ་བསྟན་ནི་བོད་ཀྱི་གློག་བརྙན་བཟོ་བསྐྲུན་པའི་རླབས་རྒྱུན་གསར་བའི་ཁྲོད་ཀྱི་སྔོན་བསྐྱོད་པ་ཞིག་ཡིན་ལ། ཁོས་པར་ཆས་ཤིག་བཟུང་ནས་འགྲུལ་བཞུད་དེའི་འགོ་ནས་མཇུག་བར་རིག་གྲོལ་དང་ལྷན་དུ་ལུས་དང་གྲིབ་མ་བཞིན་འགྲོགས་ཏེ་གདོང་གཏུག་ཛ་དྲག་གི་གནས་སྟངས་འགའ་ཤས་གསང་ཐབས་ཀྱིས་བརྙན་ཕབ་བྱས་པ་སོགས་ཀྱིས་ངོ་མཚར་བའི་བྱུང་རབས་གསར་བ་ཞིག་པར་དུ་བཏབས་པ་རེད།
མཆོག་ལེ་ཡིས་བཤད་རྒྱུར་རྒྱུ་ཆ་རྩ་ཆེན་པོ་འདི་ངོས་འཛིན་དང་། ལས་སྣོན་བྱེད་པ། ཡིག་ཐོག་ལ་དབབ་པ། མཆན་ཡིག་སྦྱོར་བ། མཐའ་མའི་དངོས་གཞི་མ་བཏོན་པའི་སྔོན་ལ་སྟ་གོན་སྒྲིག་སྦྱོར་བྱེད་པ་བཅས་ལ་ཟླ་འགའ་ཤས་འགོར་ངེས་རེད་ཅེས་དང་། ཁོས་དབུགས་རིང་ཞིག་འཐེན་ཞོར་ཁོང་གི་ཨ་སྒོར་སྟོང་ཕྲག་ལྔ་བཅུ་ལ་ལོངས་དགོས་པའི་ཀི་ཁི་སུ་ཀྲ་ཀྲར་ལས་གཞིའི་སྔོན་འགྲོའི་བཟོ་བསྐྲུན་གྱི་ཉམས་དམའ་བའི་ལས་ཀའི་སྐོར་བརྗོད་སོང་ལ། གལ་སྲིད་ཁོ་ལ་རྒྱལ་ཁ་ཐོབ་ཚེ། ཁོའི་མིག་ནས་རྒྱལ་ཁའི་མདངས་ཤིག་མངོན་བཞིན་བཤད་རྒྱུར། རིག་གྲོལ་གྱི་འགྲུད་བཞུད་ཀྱི་སྒྲུང་ཡང་རས་གཞི་ཆེན་པོའི་ངོས་ནས་མཇུག་བསྡུ་ངེས་རེད་ཟེར།
ཕ་ས་བུ་ཐུག་ཅེས་མིང་བྱང་རྫིག་པོ་ཅན་གྱི་གློག་བརྙན་འདི་བོད་ཀྱི་གློག་བརྙན་གྱི་ལམ་ཚད་རྡོ་རིང་དུ་འགྱུར་ངེས་ལ། ཕྱོགས་གཞན་ཞིག་ནས་སྒྱུ་རྩལ་གྱིས་རིག་གྲོལ་ལ་རྨི་ལམ་མངོན་འགྱུར་ཡོང་བར་རོགས་འདེགས་བྱས་པ་རེད།།
(བསྟན་རྡོར་ལགས་ནི། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དང་རྩོམ་པ་པོ་ཞིག་ཡིན་ལ། ཁོང་ཨ་རིའི་ནེའུ་ཡོག་ཏུ་བཞུགས་ཀྱི་ཡོད་།)
(རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)
དངོས་གནས་ཡག་པོ་བསྒྱུར་འདུག། རྗེས་སུ་ཡུ་རིང་ཡོད། མུ་མཐུད་དེ་བོད་སྒྱུར་གྱི་ལས་གཞི་འདི་སྔར་ལས་ཤུགས་ཆེན་ཡོང་བའི་རེ་བ་དང་སྨོན་འདུན་བཅེས་ཡོད་ལགས། ཐུགས་རྗེ་ཆེ།