དེས་བཅོས་མ་མིན་པའི་མང་ཚོགས་ཀྱི་གནས་བབ་དངོས་མཚོན་གྱི་འདུག


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཨེ་བེ་བེ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རྒྱ་ནག་གི་དེང་རབས་སྒྱུ་རྩལ་བ་གྲགས་ཅན་ཨེ་ཝེ་ཝེ་(Ai Weiwei)ཡིས་ཕྱི་ལོ་༢༠༠༨ ལོར་རྒྱ་ནག་ཏུ་འཚོགས་པའི་ཨོ་རྩལ་འགྲན་ཚོགས་དང་ཕྱི་ལོ་༢༠༡༢ ལོར་ལོན་ཊོན་དུ་འཚོགས་པའི་ཨོ་རྩལ་འགྲན་ཚོགས་གཉིས་ཀྱི་རྣམ་པ་དང་གནས་ཚུལ་མི་ཉུང་བ་ཞིག་དབྱེ་བསྡུར་གྱིས་རང་ཉིད་ཀྱི་དགོངས་ཚུལ་གསུངས་པ།

ཁྱད་དུ་འཕགས་ཤིང་། བྱས་པ་རྨད་དུ་བྱུང་། འདི་ནི་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་ཡིད་དབང་འགུགས་པར་ཟོལ་བཅོས་མ་བྱས་པའི་ཨིན་ཇི་རྒྱལ་ཁབ་ཆེན་མོའི་སྣང་བརྙན་རེད། ཨིན་ཇི་རྒྱལ་ཁབ་ཆེན་མོར་མཚོན་ན་རང་ཉིད་ལ་གདེངས་ཚོད་ཡོད་པས། དེར་ཨོ་རྩལ་འགྲན་ཚོགས་ཀྱི་དྲན་རྟེན་ཞིག་བཞེངས་བསྐྲུན་བྱ་དགོས་མི་འདུག འོན་ཀྱང་རྒྱ་ནག་ལ་མཚོན་ན། དེ་ནི་རྒྱལ་སྤྱིའི་ཐོག་སྣང་བརྙན་བཞེངས་ཐབས་འབའ་ཞིག་རེད། པེ་ཅིན་ཨོ་རྩལ་འགྲན་ཚོགས་ནི་འཛམ་གླིང་ཁྱོན་དུ་སྤྲོ་སྟོན་བཤམས་ཐབས་ཀྱིས་རྣམ་པ་ཉམས་མཚར་པོ་ཞིག་ཡིན་ནའང་། ཨོ་རྩལ་འགྲན་ཚོགས་འཚོགས་ཡུལ་གྱི་གནས་བདག་ངོ་མ་སྟེ་རྒྱ་ནག་མང་ཚོགས་ལ་དེ་ཙམ་གྱི་སྤྲོ་བ་འཕེལ་མེད། རྒྱ་ནག་སྲིད་གཞུང་གིས་མི་རྣམས་ཀྱི་སྣང་ངོར་མཛེས་མཛེས་འདྲ་བའི་བརྙན་རིས་ཤིག་བསྐྲུན་ཐབས་མ་གཏོགས་མང་ཚོགས་ཀྱི་ཚོར་སྣང་ལ་བསམ་ཤེས་ཡེ་ནས་བྱས་མེད།

མི་ཚང་མར་རང་ཉིད་ཀྱི་སྤོབས་པ་ལྡན་ཞིང་། བཟོ་ལས་གསར་བརྗེ་ནས་ད་ལྟའི་བར་གྱི་བྱུང་བ་ལ་བརྩི་བཀུར་ཡོད་པས། ལོན་ཊོན་ཨོ་རྩལ་འགྲན་ཚོགས་ཀྱི་མཛད་སྒོ་ལ་མིང་དོན་མཚུངས་པའི་སྤྲོ་སྟོན་གྱི་རྣམ་པ་དེ་འདུག ངས་དེ་སྔ་རྩེད་འགྲན་སྐོར་གྱི་གནས་ཚུལ་སྣ་ཚོགས་དང་། སྒྲུང་། རྩོམ་རིགས། རོལ་མོ། དམངས་ཁྲོད་སྒྲུང་གཏམ། གློག་བརྙན་སོགས་རྣམ་གྲངས་ཆེས་མང་པའི་རྩེད་རིགས་འདི་འདྲ་ཞིག་མཐོང་མྱོང་མེད།

དེ་ཡང་ཐོག་མར་རྟོགས་བརྗོད་དང་སྙན་ངག་གི་ལམ་ནས་ས་གཞི་དང་། འཕྲུལ་འཁོར། བུད་མེད་ཀྱི་ཐོབ་ཐང་སོགས་ལོ་རྒྱུས་ཀྱི་དོན་སྙིང་གླེང་བཞིན་འགོ་བརྩམས་བྱུང་། གོ་སྒྲིག་པའི་ངོས་ནས་འདས་དང་ད་ལྟ། དངོས་ཡོད་དང་གློག་བརྙན་གྱི་རིམ་སོ་སོར་ཁྱད་ཆོས་ལྡན་པའི་རྣམ་པ་བཏོད་པ་གཟེངས་སུ་ཐོན་འདུག མང་ཚོགས་ཀྱི་བདེ་དོན་གནས་བབ་མཚོན་པའི་ཚན་པ་དེས་དོན་དམ་གྱི་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་བསྟན་འདུག དེས་བྱིས་པའི་གནས་བབ་དང་། ལས་གཡོག་གི་གནས་བབ། ད་དུང་དེ་དག་གི་ཕུགས་བསམ་བཅས་རྒྱལ་ཁབ་དེའི་ངོ་བོ་གསལ་པོར་བརྗོད་ཀྱི་འདུག རོལ་དབྱངས་དང་ལྷ་སྒྲུང་ལ་ཁ་བྲལ་བའི་རྒྱལ་ཁབ་ཅིག་ཡིན་ན་དེ་ནི་སྐྱོ་སྣང་སྐྱེ་དགོས་པ་ཞིག་ལས་མ་འདས།

པེ་ཅིན་ཨོ་རྩལ་འགྲན་ཚོགས་སུའང་དབུ་འབྱེད་མཛད་སྒོའི་སྐབས་ལོ་རྒྱུས་ཀྱི་གྲུབ་ཆ་ལྡན་པར་བྱས་ཡོད། འོན་ཀྱང་པེ་ཅིན་ཨོ་རྩལ་འགྲན་ཚོགས་དང་ལོན་ཊོན་ཨོ་རྩལ་འགྲན་ཚོགས་གཉིས་ཀྱི་ཁྱད་པར་ནི། ལོན་ཊོན་ཨོ་རྩལ་འགྲན་ཚོགས་འདིའི་སྟེང་མི་རྣམས་ཀྱི་སྤྲོ་བ་དང་། རེ་བ། བརྩོན་སེམས་ཡོད་ཚད་མི་སྒེར་དང་མི་རིགས་འདྲ་མཉམ། བཅོས་མ་མིན་པའི་ཚོར་སྣང་བཅས་ཀྱི་ལམ་ནས་མངོན་པར་བྱས་ཡོད། དེ་ནི་གདེངས་ཚོད་དང་སྤྲོ་སྣང་འབའ་ཞིག་ལས་བྱུང་བ་ཡིན་པས། དེས་མང་ཚོགས་ཀྱི་རྣམ་པ་ཆེས་ཆེར་ལྡན་པའི་སྤྱི་ཚོགས་ཤིག་གི་ངོ་བོ་དངོས་སུ་མཚོན་ཡོད། འོན་ཀྱང་པེ་ཅིན་ཨོ་རྩལ་འགྲན་ཚོགས་ཀྱིས་ཏང་ཚོགས་ཀྱི་རྒྱལ་ཞེན་རིང་ལུགས་ཁོ་ན་མངོན་པར་བྱས་ཡོད་པས། དེས་རྒྱ་ནག་རྒྱལ་ཁབ་ཀྱི་བཅོས་མ་མིན་པའི་རང་བཞིན་དངོས་མཚོན་མེད།

རྩེད་འགྲན་དུ་ཞུགས་མཁན་མི་ཉུང་ཤས་ཤིག་ཡིན་ནའང་། ཁོ་ཚོ་ཚང་མ་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་མཁན་མང་ཚོགས་དཀྱུས་མ་རེད་འདུག གལ་ཏེ་སྤྲོ་སྟོན་ཞིག་ལ་རོལ་བར་ཆ་བཞག་ན། གོང་རྒྱལ་མོ་ནས་འོག་ལས་གཡོག་བར་ཚང་མ་འདྲ་མཉམ་གྱིས་རོལ་བའི་གོ་སྐབས་འདུག མང་ཚོགས་ཚང་མར་རང་ཉིད་ཀྱི་མྱོང་བ་བརྗོད་པའི་གོ་སྐབས་ལྡན་པ་འདིར་ང་རང་ཧ་ཅང་དགའ་པོ་བྱུང་།

མང་ཚོགས་དང་རྩེད་རིགས་ཀྱི་གནས་ཚུལ་ཚང་མ་བཅོས་མ་མིན་པ་དེས་གོ་སྒྲིག་པའི་བསམ་བློར་རང་དབང་ལྡན་པ་མཚོན་གྱི་འདུག་ལ། མང་ཚོགས་དང་རྩེད་རིགས་ཀྱི་གནས་ཚུལ་ངོ་སྤྲོད་དང་སྦྲགས་ནས་རྩེད་དགོད་ཀྱི་རྣམ་པའང་ཕུན་སུམ་ཚོགས་པོ་འདུག དེར་ཨིན་ལན་གྱི་ཁྱད་ཆོས་མངོན་པར་གསལ་འདུག

རྒྱ་ནག་ཏུ་འཚོགས་པའི་ཨོ་རྩལ་འགྲན་ཚོགས་ཀྱི་དུས་སྟོན་སྐབས་གནས་ཚུལ་སྤེལ་བ་ཧ་ཅང་ཉུང་བ་མ་ཟད། གནས་ཚུལ་ཉུང་ཉུང་དེའང་དོན་དངོས་དང་མི་མཐུན། དེ་ནི་བུ་མོ་ཞིག་ཡོལ་བའི་ཕག་ཏུ་གབ་སྟེ་གླུ་གཞས་གཏོང་བཅུག་ནས་སྡིངས་ཆའི་སྟེང་བུ་མོ་ཆུང་ཆུང་ཞིག་གིས་ལེན་པ་ལྟ་བུའི་ཟོལ་བཅོས་བྱས་པ་དེ་གཅིག་པུ་མ་རེད། བྱེད་ཐབས་དེས་གཞས་གཏོང་མཁན་དང་ལད་ཟློས་བྱེད་མཁན་གཉིས་ལ་བཟོད་པར་དཀའ་བའི་ཕོག་ཐུག་བཏང་ཡོད། དེས་རྒྱལ་ཁབ་ཀྱི་མ་འོངས་པའི་མདུན་ལམ་མཚོན་གྱི་ཡོད་པ་རེད། ཁྱེད་ཀྱིས་སྲིད་གཞུང་དང་མི་སྒེར་གྱི་བྱ་བྱེད་གང་ལའང་ཡིད་ཆེས་བྱ་ཐབས་མེད་པ་དེ་རེད།

ལོན་ཊོན་དུ་ད་དུང་མི་ཚང་མའི་མིག་སྔར་མ་བསྟར་བའི་ལྟད་མོ་ཆེན་པོ་མང་དག་ཅིག་ཡོད་ངེས། ལོན་ཊོན་ཨོ་རྩལ་འགྲན་ཚོགས་ལ་འགྲོ་བ་མིའི་མཛའ་གཤིས་ཀྱི་ཁྱད་ཆོས་ལྡན་འདུག པེ་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་ལ་ཕལ་ཆེར་དེ་ལྟ་བུའི་ཁྱད་ཆོས་མི་འདུག མི་ཞིག་ལ་མི་གཞན་ཞིག་གི་གདོང་པགས་བཙན་གྱིས་གཡོགས་ཏེ་ཚུལ་འཆོས་མིན་པའི་རྣམ་འགྱུར་ཞིག་སྟོན་དུ་འཇུག་ཐབས་མེད། ལོན་ཊོན་ཨོ་རྩལ་འགྲན་ཚོགས་འདིར་ང་རང་ཆེས་དགའ་ཤོས་ནི། འབྲེལ་ཡོད་མི་ཚང་མའི་སྔ་བར་ཕྱི་གསུམ་གྱི་གནས་ཚུལ་ཞིབ་རྒྱས་ཀྱིས་འགྲེལ་བརྗོད་གནང་བ་དེ་རེད། དེ་ནི་མི་ཚོས་རྒྱལ་ཁབ་ཅིག་ལ་ཡིད་ཆེས་དང་གདེངས་འཇོག་བྱེད་པའི་ཆ་རྐྱེན་རེད། ལྟད་མོ་བ་ཚང་མའི་བློ་ངོར་ཨིན་ཇི་རྒྱལ་ཁབ་ཆེན་མོའི་སྣང་བརྙན་གསལ་པོར་ཤར་ཐུབ་ཡོད།

(ཨེ་བེ་བེ་ནི་། རྒྱ་ནག་གི་དེང་རབས་སྒྱུ་རྩལ་བ་གྲགས་ཅན་དང་ཆབ་སྲིད་ལས་འགུལ་བ། སྤྱི་ཚོགས་བཅོས་བསྒྱུར་བ་བཅས་ཡིན)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to དེས་བཅོས་མ་མིན་པའི་མང་ཚོགས་ཀྱི་གནས་བབ་དངོས་མཚོན་གྱི་འདུག

  1. རིན་ཆེན་དབང་རྒྱལ་ ནས།

    རྩོམ་འདི་སྒྱུར་སྟངས་དེ་ལ་ང་ཧ་ཅང་དགའ་པོ་བྱུང་། ནང་དོན་དང་རྣམ་པ་གཉིས་ཀའི་ཐད་ནས་གང་ལེགས་བྱུང་འདུག

  2. ཐུགས་རྗེ་ཆེ།

མཆན་ཞོག།